བུ་མོ་ཕོ་གསར་གྱི་ཉམས་ཅན། སྒྲུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »བུ་མོ་ཕོ་གསར་གྱི་ཉམས་ཅན། སྒྲུང་།
བུ་མོ་ཕོ་གསར་གྱི་ཉམས་ཅན། སྒྲུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-01-11ལྟ་ཀློག (15218)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བུ་མོ་ཕོ་གསར་གྱི་ཉམས་ཅན།



སངས་རྒྱས་སྐྱབས།༼ཨ་མཆོག༽

 

[ནང་དོན་གནད་བསྡུས།]

གཏམ་རྒྱུད་འདིར་ཚེ་འདས་ཤིག་སྦྲ་ནག་ཅིག་ལ་ཞེན་ཆགས་ཀྱི་དབང་གིས་འདྲེ་རུ་གྱུར་ཏེ་བུ་མོ་ཞིག་ལ་གནོད་པ་བྱས་ཚུལ་བྲིས་ཡོད།

 

གཏམ་རྒྱུད་དངོས།

 རིག་གནས་གསར་བརྗེ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་སུ་ཕ་ཡུལ་བླ་བྲང་བསང་ཆུ་རྫོང་ནས་ཡིན་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ལ། ཉིན་ཞིག་གི་ཕྱི་དྲོར་ས་གནས་དེ་གའི་འབྲོག་པ་རྒན་པོ་ཞིག་དང་གཞོན་ནུ་ཞིག་གིས་སྦྲ་ནག་ཅིག་དེ་ཚང་ལ་བཅོལ་ཏེ་ཉིན་འགའ་འགོར་རྗེས། གློ་བུར་དུ་དེ་ཚང་གི་གཤིས་འཇམ་ཚུལ་ལྡན་གྱི་བུ་མོ་ལོ་ཉི་ཤུ་ལོན་པ་ཞིག་ཡོད་པ་དེའི་འགྲོ་སྟངས་འདུག་སྟངས་སོགས་དུས་རྒྱུན་དང་མི་འདྲ་བར་ཕོ་གསར་གྱི་ཉམས་འགྱུར་དང་ཚུགས་ཀ་བསྟན་ཏེ་ལུས་འཕྲེད་ཉལ་བྱས་ཏེ་ལག་པས་མ་ནེར་རེག་ཞོར་ཁ་ནས་སིག་པ་འདེབས་པ་དང་། མཚམས་རེར་བུ་མོ་དེས་ལག་པ་མཆན་འོག་ཏུ་བཙུགས་ཏེ་འགྱིང་འགྲོས་ཀྱིས་ཡར་འཁོར་མར་འཁོར་བྱེད་ཅིང་གཤིས་རྒྱུད་རྩུབ་པ་སོགས་ཀྱི་རྟགས་འདྲ་མིན་སྣ་ཚོགས་བསྟན་པ་ན། བུ་མོའི་ཨ་ཕའི་སེམས་མ་བདེ་བར་ཤ་ཉེ་འབྲེལ་ཡོངས་ལ་གྲོས་བསྡུར་བྱས་རྗེས་ས་གནས་དེ་གའི་མོ་རྩིས་པ་གྲགས་ཅན་སྔགས་པ་ཆོས་འཛིན་[1]ཚང་གི་མདུན་དུ་མོ་རྩིས་ཞུ་རུ་སོང་།

      ཁྱིམ་བདག་རྒན་པོས་རང་གི་ད་ལྟའི་བུ་མོའི་འགྲོ་འདུག་སྤྱོད་གསུམ་སོགས་སྔགས་པར་ཞུས་པ་ན་ཁོང་གིས་བླ་མ་དཀོན་མཆོག་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕྱག་ཕྲེང་ཕར་འདེད་ཚུར་འདེད་འགའ་བྱས་རྗེས་གསུང་རྒྱུར།  ཁྱེད་ཚང་ལ་ཁྱིམ་ཚང་གཞན་ཞིག་གི་ཅ་ལག་ཅིག་བཅོལ་ཡོད་པ་དང་། དེ་བཅོལ་བའི་ཉིན་དང་ཅ་ལག་དེའི་དབྱིབས་དང་ཁ་དོག་བཟོ་ལྟ་སོགས་གསུངས་མ་ཐག་བུ་མོའི་ཨ་ཕའི་སེམས་ལ་ཉིན་འགའི་སྔོན་གྱི་ཕྱི་དྲོ་དེར་འབྲོག་པ་གཉིས་ཀྱིས་བཅོལ་བའི་སྦྲ་ནག་དེ་ཡིད་ལ་ཤར་ནས་ཁོས་དངོས་པོ་དེའི་ཡོང་ཁོངས་དང་རྒྱུ་མཚན་སོགས་སྔགས་པ་ཁོང་ལ་ཞིབ་མོར་ཞུས་པས་སྔགས་པ་ཆོས་འཛིན་གྱིས་བློ་ཐག་རྦད་ཆོད་ཀྱིས་གསུང་རྒྱུར།

      སྦྲ་ནག་དེའི་བདག་པོ་ད་ལྟ་འཇིག་རྟེན་འདི་དང་ཁ་བྲལ་ནས་གདོན་འདྲེ་ཞིག་ཏུ་གྱུར་ཡོད་ལ། དེའི་རྣམ་ཤེས་བུ་མོའི་ལུས་སྟེང་དུ་ཞུགས་ཡོད་ཅེས་གསུངས་མ་ཐག་བུ་མོའི་ཨ་ཕས་སྔགས་པ་ཁོང་གི་མདུན་དུ་པུས་མོ་གཉིས་ས་ལ་བཙུགས་ཏེ་མིག་ནས་མཆི་མ་གཏོར་བཞིན་སྔགས་པ་ལ་ཞུ་བ་བྱས་ཏེ་ཁྱོད་ཀྱིས་བྱམས་སྙིང་རྗེ་ཞིག་སྒོམ་ནས་ངེད་རྒན་རྒོན་གཉིས་ཀྱི་དཔྲལ་བའི་མིག་དང་སེམས་ཀྱི་ནོར་བུ་ལྟ་བུའི་བུ་མོ་འདི་ཅིག་སྐྱོབ་རོགས་ཞུ་ཞེས་ཞུས་པས།

       སྔགས་པས་བུ་མོའི་ཨ་ཕར་ད་ཁྱོད་མྱུར་དུ་ཕྱིར་ཁྱིམ་ལ་སོང་ནས་རྫས་སོགས་གྲ་སྒྲིག་གྱིས།  ཕྱི་དྲོ་ཚོགས་གྲོལ་མ་ཐག་ང་ཁྱེད་ཚང་ལ་ཡོང་ཞེས་གསུངས་པས་བུ་མོའི་ཨ་ཕའི་གདོང་ལ་དགའ་བ་འབུམ་གྱིས་ཁེངས་ཏེ་དེ་མ་ཐག་ཕྱིར་ཁྱིམ་ལ་ལོག་སྟེ་སྔགས་པ་ཁོང་གི་གསུང་བཀོད་ནང་བཞིན་རྫས་དང་མཆོད་པ་མཆོད་བཤམས་ཀྱི་ཐེབ་ཙེ་སོགས་གྲ་སྒྲིག་བྱས་རྗེས། ཚོགས་གྲོལ་ལ་ཉེ་བའི་སྐབས་རྟ་གཅིག་ཞོན་ཞིངགཅིག་ཁྲིད་ནས་སྔགས་པ་ཆོས་འཛིན་ཚང་ཁྱིམ་དུ་བསུ་རུ་སོང་། སྔགས་པ་ཁྱིམ་ལ་ཐོན་མ་ཐག་གདོན་གྱིས་བཟུང་བའི་བུ་མོ་དེ་འཇིགས་སྣང་ཞིག་སྐྱེ་བཞིན་འདུག་ལ། སྔགས་པས་་བྲེལ་བྲེལ་འཚབ་འཚུབ་ཀྱི་ངང་ནས་ཇ་ཕོར་བ་གང་ཡང་མ་བཞེས་པར་ཀ་ཏོ་རའི་ནང་དུ་རྩམ་པ་བརྫིས་ཏེ་གཏོར་མ་བཅས་པ་དང་མཆོད་འབུལ་སོགས་བྱས་རྗེས།      ཁོང་ཚང་གི་ཤ་ཉེ་འབྲེལ་ཡོངས་ཀྱིས་བུ་མོའི་ལག་པ་གཡས་གཡོན་ནས་བཟུང་སྟེ་མཆོད་ཁང་གི་ཉེ་འགྲམ་དུ་ཐོན་མ་ཐག་ཁ་ནས་ཨག་སྒྲ་ཆེན་པོ་ཞིག་དང་བཅས་སྒོར་བྲོས། སྟབས་ལེགས་པ་ཞིག་ལ་ཁྱིམ་ཚང་དེའི་སྒོ་ཆེན་ལ་ཟྭ་བརྒྱབ་ཡོད་སྟབས་འགྲོ་མ་ཐུབ་པར་ཁང་བའི་རྭ་ནང་ནས་གནམ་ལྡིང་ས་ལྡིང་བྱས་པས། ཁྱིམ་མི་ཡོངས་ཀྱིས་བུ་མོའི་དཔུང་བ་གཡས་གཡོན་གཉིས་ནས་བཟུང་བ་དང་བུ་མོའི་ཕུ་བོས་མོའི་ལྟག་རྒྱབ་ནས་འཇུས་ཏེ་སླར་ཡང་སྔགས་པ་བཞུགས་སའི་མཆོད་ཁང་ནང་དུ་ཁྲིད་ནས་ཆོས་ལ་ཉན་དུ་བཅུག

    སྔགས་པ་ཁོང་གིས་སྐྱབས་འགྲོ་སེམས་བསྐྱེད་རྟ་དབྱངས་ཀྱི་ལམ་ནས་ཕྱག་ལ་བསྣམས་པའི་ཁ་དོག་ནག་པོ་ཅན་གྱི་རས་སྣ་ཞིག་གཡུག་ཐེངས་རེ་ལ་བུ་མོའི་མིག་མདངས་དམར་བོར་གྱུར་ཞིང་ཁ་ནས་འུར་སྒྲ་ཆེན་པོ་སྒྲོག་པ་དང་། རྐང་ལག་གིས་འཕག་འཚག་བྱས་པས་བཟའ་མི་ཡོངས་ཀྱིས་ཤེད་ཤུགས་ཡོད་དགུ་བཏོན་པས་བུ་མོ་སྒོའི་ཕྱི་རོལ་ཏུ་འགྲོ་མ་ཐུབ་པར་མི་འདུག་ཀ་མེད་བྱུང་།

      སྔགས་པས་ཆོ་ག་སོགས་བསྒྲུབས་ནས་ཆོས་གསུང་ཚར་མ་ཐག་འདྲེས་བཟུང་བའི་བུ་མོ་དེ་དུས་ཚོད་ཕྱེད་ཙམ་ལ་བརྒྱལ་སོང་། དེ་རྗེས་བུ་མོ་ཕྱིར་སད་ཅིང་དེ་མ་ཐག་བཟའ་མི་ཡོངས་ཀྱིས་བསྐྱོར་ནས་སྔགས་པའི་མདུན་དུ་ཕྱག་གསུམ་འཚལ་དུ་བཅུག   སྔགས་པས་སང་ཉིན་སྔ་དྲོ་བླ་བྲང་དགོན་པའི་ནང་གི་ཨ་ཁུ་གཅོད་པ་བ་གཉིས་གདན་དྲངས་ཏེ་གཅོད་གསུང་དུ་བཅུག་ན། དེང་ཕྱིན་ཆད་ཁྱེད་ཚང་གི་བུ་མོ་ལ་འདི་འདྲ་བའི་གནོད་པ་མི་འབྱུང་ཞེས་གསུངས་པ་ལྟར་དགོན་པའི་ནང་ནས་གཅོད་པ་བ་གཉིས་གདན་དྲངས་ཏེ་གཅོད་གསུང་དུ་བཅུག དེ་ནས་བཟུང་བུ་མོ་དེ་སྔར་བཞིན་གཤིས་འཇམ་སྤྱོད་བཟང་ཞིག་ཏུ་གྱུར་ཞིང་། བླ་མ་དཀོན་མཆོག་གསུམ་གྱི་མཐུ་དང་བྱིན་རླབས་ཀྱིས་ཁོ་མོར་ཚེ་ཡི་བར་ཆད་ཅི་ཡང་མ་ཐེབས་པར་ད་ལྟ་ལོ་བརྒྱད་ཅུར་སོན་ཡོད།                                       

 

གསལ་བཤད།

བཅར་འདྲི་བྱ་ཡུལ་གྱི་དངོས་མིང་ཡིག་ཐོག་ཏུ་འགོད་པར་མ་དགྱེས་པས་བཀོད་མེད།

                                                       ༢༠༡༥-༩-༢ཉིན།


[1]སྔགས་པ་ཆོས་འཛིན་ལགས་ནི་༧ཀུན་མཁྱེན་འཇམ་དབྱངས་བཞད་པས་ཕྱག་འདེབས་མཛད་པའི་བླ་བྲང་དགོན་པ་དང་ས་དཀར་སྡེ་བ་གཉིས་ཀྱི་དཀྱིལ་ན་གནས་པའི་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཆེན་པོ། སྔགས་པ་གྲྭ་ཚང་གི་སྔགས་པ་དང་བོད་ཀྱི་སྒྲུང་བ་གྲགས་ཅན་སྐལ་བཟང་གྲགས་པའི་ཕ་རྒན་ཡིན།

སྒྲུང་རྩོམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཡུལ་ཆོས་མེས་པོའི་སྙིང་ནོར་༽ལས་བཀོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533149
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།