ནད་མུག་གིས་ཤི་བའི་ཨ་རིའི་སྲིད་འཛིན་དེ་དག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » ནད་མུག་གིས་ཤི་བའི་ཨ་རིའི་སྲིད་འཛིན་དེ་དག
ནད་མུག་གིས་ཤི་བའི་ཨ་རིའི་སྲིད་འཛིན་དེ་དག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-08ལྟ་ཀློག (4788)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ནད་མུག་གིས་ཤི་བའི་ཨ་རིའི་སྲིད་འཛིན་དེ་དག 

   ཀྲི་ཏའོ་ཡིས་བརྩམས། དམག་སར་བཟོད་པས་བསྒྱུར།    

      སྐྱེ་འགྲོའི་སྨོན་པའི་ཡུལ་དུ་གྱུར་བའི་སྟོབས་ལྡན་ཨ་རིི་རྒྱལ་ཁབ་ཀྱི་སྲིད་འཛིན་ནད་མུག་གཉིས་ཀས་གཟིར་ནས་ཤི་བའི་གཏམ་ནི་ཡིད་ཆེས་སླ་བ་ཞིག་མིན་ལ། དེའང་གཅིག་དང་གཉིས་ཁོ་ནར་མ་ངེས་ཟེར་ན་ལྷག་ཏུ་སྣར་མི་འགྲོ་བ་ཞིག་ཡིན་སྲིད། 

ཐའོ་མཱ་སུ་ལྗེ་སྤོར་སུན

    སྐུ་དྲག་གི་ཁྱིམ་དུ་སྐྱེས་ཤིང་། འབྱོར་ལྡན་གྱི་རིགས་སུ་གཏོགས་པའི་ཨ་རིའི་སྐབས་གསུམ་པའི་སྲིད་འཛིན་ཐའོ་མཱ་སུ་ལྗེ་སྤོར་སིན་(ThomasJefferson)ནི་ཆེས་ཐོག་མར་དབུལ་ཕོངས་ལ་མ་བཟོད་པར་འགྱེལ་སོང་བ་དེ་རེད།  

   ཁོང་གིས་༡༨༠༩་ལོའི་ཟླ་༣ཚེས༤ཉིན་ལས་ཟུར་གནང་ཞིང་། ༡༨༢༦་ལོའི་ཟླ་༧ཚེས་༤་ལ་སྐུ་གཤེགས། ཁྱད་མཚར་དུ་བརྩི་འོས་པ་ཞིག་ལ་ཁོ་དང་ཁོའི་སྔོན་གྱི་སྲིད་འཛིན་དེ་ཆབ་སྲིད་ཀྱི་རྩོད་ཟླ་ལྗོན་ཨེ་ཊམ་སི་(JohnAdams)་གཉིས་ཕལ་ཆེར་དུས་མཉམ་དུ་མི་ཡུལ་དང་གྱེས།  ཁོང་གཉིས་བར་གྱི་མི་སྒེར་གྱི་འགལ་བའང་སྔ་མོ་ནས་ཞི་མཐུན་འོངས་ཡོད། 

     ལྗེ་སྤོར་སིན་གྱི་དུར་བྱང་ངོས་སུ་“«རང་བཙན་སྒྲགས་གཏམ་»དང་ཧྥོར་ཅུ་ཉུའ་ཆོས་ལུགས་རང་དབང་བཅའ་ཁྲིམས་གསར་རྩོམ་གནང་མཁན། ཧྥོར་ཅུ་ཉུའ་སློབ་ཆེན་གྱི་ཡབ་ཆེན་ཐའོ་མཱ་སི་ལྗེ་ཧྥོར་སིན་གྱི་སྐུ་གདུང་”ཞེས་བྲིས་ཡོད།  

     ཨེ་ཊམ་སི་ཡི་ཚེ་འཇུག་གི་འཚོ་བའི་ཆ་རྐྱེན་ཡང་ཅུང་ཙམ་སྐྱོ་བོ་ཡིན་འདུག་མོད། ས་ཞིང་འགའ་ཤས་སོགས་གཏན་འཇགས་ཀྱི་རྒྱུ་ནོར་ཉུང་ངུ་ཙམ་ཡོད་པ་རེད། ལོ་ངོ་བརྒྱད་ཀྱི་སྲིད་འཛིན་གྱི་བྱ་བའི་ཁྲོད་ལྗེ་སྤོར་སིན་གྱིས་བུ་ལོན་འབོར་ཆེན་ཆད་པས། ཕོ་བྲང་དཀར་བོར་ཁ་བྲལ་རྗེས་བུ་ལོན་འཇལ་བའི་ལམ་དུ་མི་རྙེགས་ག་མེད་བྱུང་། ཁོ་ཕྱིར་མོང་སྒྲེའི་སཱེ་རོ་ལ་ལོག་པའི་ཚེ། ལས་གྲྭ་འགའ་དང་ས་ཞིང་ཆུང་ཆུང་ཞིག་ཡོད་ནའང་དེ་དག་ནི་ཡོང་སྒོ་ལས་འགྲོ་སྒོ་ཆེ་བར་འདུག    ས་ཆ་འགའ་ཤས་ཤིག་ཨུ་ཚུགས་ཀྱིས་བཙོངས་ནས་བུ་ལོན་འཇལ་ཀྱང་ད་དུང་ཡང་ཨ་སྒོར་ཁྲི་ལྔ་ལྷག་གི་བུ་ལོན་འཇལ་མ་ཐུབ་པས། བུ་ལོན་འཇལ་བ་ནི་སྲིད་འཛིན་ཟུར་བ་འདིའི་སེལ་ཐབས་མེད་པའི་སེམས་ཀྱི་ཁུར་བོར་གྱུར། ཁོ་དང་མཉམ་དུ་འཚོ་བ་རོལ་བའི་བུ་མོ་ཆེ་བ་མཱ་ཤཱ་ཡིས་ཨ་ཕར་བསྐུར་བའི་འཕྲིན་ཡིག་ཅིག་ཏུ་“ངས་ཅི་ལའང་བཟོད་ཐུབ་མོད། ཁྱོད་ཀྱི་རྒས་པའི་ལུས་པོས་རང་ལྕོགས་མི་ཐུབ་ཀྱང་བུ་ལོན་འཇལ་བའི་ཆེད་དུ་རྒྱུན་པར་སེམས་ཚེགས་མྱོངས་པ་དེེ་བཟོད་ཐབས་མི་འདུག་”ཅེས་ཀྱང་བྲིས་འདུག

      ༡༨༡༢ལོར་དབྱིན་ཇི་བས་སུམ་འཛུལ་སྒོས་རྒྱལ་ཚོགས་དཔེ་མཛོད་ཁང་མེར་བསྲེགས། ལྗེ་སྤོར་སིན་གྱིས་སྒེར་གྱི་ཉར་ཚགས་གནང་བའི་ཨ་སྒོར་ཁྲི་ལྔ་ལྷག་གི་རིན་ཐང་ཡོད་པའི་དཔེ་ཆ་དག་༢༣༥༠༠་ཡིས་རྒྱལ་ཚོགས་ལ་སླ་ཚོང་བྱས་ཤིང་། བུ་ལོན་གྱི་བྱེད་ཀ་ཙམ་འཇལ་ཐུབ་པ་བྱུང་། ༡༨༡༦་ལོ་ནས་བཟུང་བགྲེས་པོ་དེ་བུ་ལོན་གྱི་ཁུར་བོས་མ་ནོན་པར་ལུས་སེམས་གཉིས་ཀ་སྤོར་ཅུ་ཉིའ་སློབ་ཆེན་གསར་འཛུགས་ཀྱི་བྱ་བར་བསྟུམས། ཁོས་བླ་མེད་ཀྱི་འབོད་སྐུལ་འོག་ཁུལ་གྲོས་ཁང་གིས་ལོ་རེར་ཨ་སྒོར་༡༥༠༠༠་ཡིས་སློབ་གྲྭའི་མ་རྐང་རོགས་སྐྱོར་བྱ་རྒྱུར་གྲོས་འཆམ་བྱུང་། ལྗེ་སྤོར་སིན་ཀྱིས་ཕྱོགས་ངེས་མེད་དུ་སློབ་གྲྭ་གསར་འཛུགས་ཀྱི་རོགས་སྐྱོར་སློང་མོ་བྱས་མཐར། ༡༨༢༥་ལོའི་ཟླ་༣ཚེས་༧་ཉིན་སློབ་གྲྭ་ཆེན་མོ་དེ་དངོས་སུ་སྒོ་ཕྱེས་ཤིང་། སློབ་མ་༣༠་ཡོད། 

   དབུལ་ཕུང་དང་ཚད་ལས་འདས་པའི་ངལ་དུབ་ཀྱིས་ལྗེ་སྤོར་སིན་གཞི་ནས་བསྒྱེལ་བྱུང་། ལྗེ་སྤོར་སིན་གྱི་འཚོ་བའི་དཀའ་ངལ་གྱི་གནས་ཚུལ་ཐོས་རྗེས་ཨ་རིའི་ཕྱོགས་སོ་སོ་ནས་ཨ་སྒོར་༡༦༠༠༠་ལྷག་གི་ཞལ་འདེབ་ཕུལ་ཀྱང་དེ་ཙམ་གྱིས་ཁོའི་བུ་ལོན་དང་སྨན་ཡོན་གཉིས་འཇལ་ཐབས་བྲལ་བ་རེད། ཟླ་༦ཚེས༢༤་ཉིན་ཁོས་མི་ཚེའི་ཆེས་མཐའ་མའི་འཕྲིན་ཡིག་སྟེ་བཱ་ཤི་ཊིན་རྗེས་དྲན་དང་«རང་བཙན་བསྒྲགས་གཏམ་»སྤེལ་ནས་ལོ་འཁོར་ལྔ་བཅུ་ལོན་པའི་བྱ་འགུལ་དུ་ཞུགས་མ་ཐུབ་པར་བཟོད་གསོལ་དང་བཅས་དགོངས་པ་ཞུས་རྗེས། ཟླ་༧་ཚེས་༤་བར་དུ་གསོན་པའི་མཐའ་མཇུག་གི་རེ་བ་ལེགས་པར་འགྲུབ་ནས། ཉིན་དེའི་ཉིན་གུང་གི་དུས་ཚོད་༡༢་དང་སྐར་མ་༥༠་སྟེང་སྐུ་གཤེགས། དགུང་ལོ་༧༣་སླེབས་ཡོད། དུས་ཚོད་འགའི་རྗེས་«རང་བཙན་བསྒྲགས་གཏམ་»གསར་རྩོམ་མཁན་གྱི་མི་སྣ་གཞན་ཞིག་སྟེ་ཁོའི་སྔོན་གྱི་ཨ་རིའི་སྲིད་འཛིན་ཨེ་ཊམ་སི་ཡང་མི་ཡུལ་དང་གྱེས། 


 སྐབས་ལྔ་བའི་སྲིད་འཛིན་ལྗེམ་སི་མིན་རོའོ། 

      (JamesMonroe)ཞིང་བདག་ཆུང་ཆུང་ཚང་ཞིག་ཏུ་སྐྱེས་པས་ཁྱིམ་རྒྱུད་ཀྱི་ཆ་རྐྱེན་ལེགས་པོ་མིན། ༡༨༢༥་ལོར་ལས་ཟུར་གནང་། ཁོའི་སྡོད་ཁང་གསར་བ་གསོམ་དཀར་གཞིས་ཀ་ནི་ལྗེ་སྤོར་སུན་གྱིས་དངོས་སུ་འཆར་འགོད་གནང་བ་ཞིག་ཡིན། སྐབས་དེའི་སྲིད་འཛིན་གཞན་དག་དང་འདྲ་བར་སྲིད་འཛིན་གྱི་ཕོག་སྐལ་གྱིས་འགྲོ་སོང་གི་ཁ་གསབ་ཙམ་ལས་མི་ནུས་པས། ལས་ཟུར་གནང་རྗེས་ཁོས་སྔོན་གྱི་གཞིས་ཀ་རྙིང་བ་བཙོངས་ནའང་ཤུལ་དུ་ལྷག་རྒྱུ་ཆེར་མེད་པ་རྟོགས། དེའི་ཕྱིར་ཁོས་སྐབས་དེའི་སྲིད་འཛིན་མའེ་ཊེ་སུན་ལ་འཕྲིན་ཡིག་ཕུལ་ནས་ཨ་རིའི་སྲིད་གཞུང་གིས་ཁོའི་བུ་ལོན་ལ་ཁ་གསབ་གནང་རྒྱུ་དང་ད་དུང་རྒྱལ་ཚོགས་ཀྱིས་རོགས་སྐྱོར་གནང་རྒྱུའི་རེ་བ་ཞུས་པར་མ་ཟད་དེ་ལས་ལྡོག་ཚེ་ཁོས་ལས་ཟུར་རྗེས་ཀྱི་འཚོ་བ་རོལ་ཐབས་མེད་ཚུལ་ཀྱང་བཤད་མོད་མཐར་ངལ་བ་འབྲས་མེད་དུ་གྱུར།

      དེའི་ཕྱིར་ཁོས་ཨེར་པཱེ་འར་དང་མཱེར་ཊུན་ཉེ་འགྲམ་གྱི་ས་ཆ་དག་བཙོང་ནས་བུན་སྦྲད་ཀྱང་། བུ་ལོན་ཆ་ཤས་ཙམ་ལས་འཇལ་ཐུབ་མེད། བུན་བདག་འགའ་ཤས་ཀྱི་བསྟུད་མར་བུན་འདེད་བྱས་རྐྱེན་ཁོས་ལྗེ་སྤོར་སིན་ལ་སྐྱབས་ཞུ་བྱེད་དགོས་བྱུང་། བློ་ཡུལ་ལས་འདས་པ་ཞིག་ལ་ལྗེ་སྤོར་སིན་གྱི་གནས་བབ་ནི་ཁོ་ལས་ལྡབ་འགྱུར་གྱི་དབུལ་ཞིང་ཕོངས་པ་རེད། མིན་རོའོ་ཡིས་མི་གཞན་མཉམ་འབྲེལ་སྒོས་སོ་སོའི་མིང་རྟགས་བཀོད་ནས་ཧྥོ་ཅུ་ཉིའ་ཁྲིམས་འཛིན་ལས་ཁུང་ལ་ལྗེ་སྤོར་སིན་ལ་དཔལ་འབྱོར་གྱི་རོགས་རམ་བྱེད་པའི་ཞུ་ཡིག་ཕུལ། ཨ་རིའི་སྲིད་གཞུང་གིས་ཁོར་དཔལ་འབྱོར་གྱིས་ཁ་གསབ་བྱེད་པའི་རེ་བ་དེའང་ཡང་དང་བསྐྱར་དུ་བཞག་ནས་ཐ་ན་མཚམས་འཇོག་པའི་བསམ་བློའང་འཁོར་བ་རེད། 

    ༡༨༣༠ལོའི་ཟླ་༣ཚེས་༢༣་ཉིན་མིན་རོའོ་ལྕམ་མོ་རླུང་ནད་འཕར་ནས་གློ་བུར་དུ་འདས་པས་མིན་རོའོ་ལ་རྡུང་རྡེག་ཤུགས་ཆེན་ཐེབས། ལྕམ་མོ་དུར་སྦས་བྱས་རྗེས་ཁོའི་མ་རྩ་ཡོངས་སུ་ཟད་ནས་ཉིག་ཡོག་ཏུ་སྡོད་པའི་བུ་མོ་ཚང་དུ་ཁ་རྒྱབ་མི་བཅོལ་ཐབས་མེད་བྱུང་། སྐབས་དེའི་སྲིད་འཛིན་ལྗོན་ཁུན་ཨེ་ཊམ་སི་ཡིས་ཁོ་ཚང་གི་མག་པ་ཉིག་ཡོག་སྦྲག་སྲིད་ཁང་གི་གཙོ་འཛིན་དུ་བསྐོས་ཡོད་པས། དེའི་ཕོག་དངུལ་ཁོ་ན་མིན་རོའོ་གཟའ་ཚང་གང་གི་འཚོ་རྟེན་དུ་གྱུར། སྲིད་འཛིན་མིན་རོའོ་ཡིས་དཔེ་ཆ་བྲིས་ནས་སྒོར་མོ་འགའ་འཚོལ་བ་ནི་ད་ལྟ་ཁོས་དཔལ་འབྱོར་འཚོལ་བའི་ཐབས་ལམ་ཉག་གཅིག་ཏུ་གྱུར།  མིན་རོའོ་ཡི་གནས་བབ་རྟོགས་རྗེས་ཨ་རིའི་རྒྱལ་ཚོགས་གཞི་ནས་སེམས་འགུལ་ཐེབས་སུ་བཅུགས། ཁོ་ཚོས་མིན་རོའོ་ཡི་སྲིད་འཛིན་སྐབས་སུ་ཆད་པའི་བུ་ལོན་ལ་ཁ་གསབ་ཨ་སྒོར་ཁྲི་གསུམ་སྟེར་རྒྱུ་ཐག་བཅད། ཡིན་ནའང་དེ་དང་ཁོའི་ས་ཆ་ལྷག་མ་དག་བཙོངས་པའི་དངུལ་སྡོམ་ན་བུ་ལོན་རྙིང་བ་འཇལ་ཐུབ་པ་ཙམ་ལས་དེས་ཁོའི་དབུལ་ཕོངས་ཀྱི་འཚོ་བར་ཕན་ཐོག་ཅི་ཡང་མ་བྱུང་། ༡༨༣༡་ལོར་མིན་རོའོ་ཡིས་རང་གི་ཆེས་འཇུག་མཐའི་ལོག་མལ་གསོལ་དཀར་གཞིས་ཀའང་གཞན་ལ་བཙོང་བས་ད་ནི་མིན་རོའོ་ལ་རྒྱུ་ནོར་ཁབ་སྐུད་ཙམ་ཡང་མེད་པར་གྱུར།   ཟླ་༧་ཚེས་༤ཉིན་མིན་རོའོ་རང་གི་བུ་མོའི་ཁྱིམ་དུ་སེམས་ཤུགས་ཡོངས་སུ་ཟད་ནས་མི་ཡུལ་དང་གྱེས། དགུང་ལོ་༧༣་ལ་སླེབས་ཡོད་ལ། ཨ་རིའི་རྒྱལ་སྟོན་དུས་ཆེན་ཉིན་འདས་པའི་སྲིད་འཛིན་གསུམ་པ་དེ་ཡིན་འདུག

སྐབས་བདུན་པའི་སྲིད་འཛིན་ཨན་ཊོར་ལྗེ་ཁི་སུན།

(AndrewJackson)ཕ་མ་གཉིས་ཆུང་དུས་ནས་འདས་པས་རང་གི་རྩོལ་བ་ལས་གཞིས་ཀའི་བདག་པོར་གྱུར། ༡༨༤༥་ལོའི་ཟླ་༣་ཚེས་༤་ཉིན་སྲིད་འཛིན་ལས་ཟུར་གནང་། 

  ལྗེ་ཁི་སིན་ཀྱིས་སྲིད་འཛིན་བསྐྱར་འདེམས་ཀྱི་དུས་སུ་རྒྱལ་བུན་གཅིག་ཀྱང་མ་ལུས་པར་འཇལ་བའི་དམ་བཅའ་བཞག་པ་དང་།   ༡༨༣༥་ལོའི་ཟླ་༡་ཚེས་༨་ཉིན་ཨ་རིའི་མཉམ་འབྲེལ་སྲིད་གཞུང་གིས་ལོ་རྒྱུས་ཁྲོད་ཀྱི་ཆེས་ཐོག་མའི་རྒྱལ་བུན་གཙང་འཇལ་བྱས་པས་ཁོས་དམ་བཅའ་དོན་སྨིན་བྱུང་། ཡིན་ནའང་ཁོས་སྙུང་གཞིའི་དབང་གིས་ལས་ཟུར་གནང་བའི་རྗེས་སུ་རང་གི་བུ་ལོན་འཇལ་ཐབས་མེད་པར་གྱུར། ཁོའི་བུ་ལོན་གྱི་འབྱུང་རྐྱེན་གཙོ་བོ་ནི་༡༨༣༧་ལོའི་དཔལ་འབྱོར་ཉམས་ཉེན་ཆེན་པོ་དང་། བུ་ཆུང་བས་མ་དངུལ་གཏོང་ཉེས་ཤོར་བས་སོ། ལྗེ་ཁི་སིན་རང་གི་སྐད་ཆ་ལྟར་ན་གཞན་གྱིས་མགོ་སྐོར་ཐེབས་པ་རེད། ༡༨༤༡་ལོར་ཁོ་ཚང་གི་སྲིང་བལ་གྱི་སྐྱེ་འཕེལ་མར་ཆག་པ་དང་རྟ་ཕོ་བདུན་ཡོད་པའང་ཤུ་བས་དཔལ་འབྱོར་གྱི་དཀའ་ངལ་དང་འཕྲད། དཀའ་ངལ་དེ་སེལ་བའི་ཆེད་དུ་གྲོགས་པོ་མང་བོས་ཞལ་འདེབས་བསྡུ་བའི་འཆར་འགོད་བྱས་ཀྱང་། ལྗེ་ཁི་སིན་གྱིས་སྲིད་འཛིན་ཟུར་བའི་སྙན་གྲགས་བེད་སྦྱད་ནས་ཞལ་འདེབས་བསྡུ་བ་གཏན་ནས་དང་ལེན་མ་བྱས་པ་རེད། ད་དུང་བུ་ཆུང་བར་ཞིང་རྭ་གཏའ་མར་བཞག་ནས་བུན་དངུལ་སྐྱི་དགོས་བའི་བཀའ་ཕབས་ཤིང་། ཁ་ཆེམས་ཀྱི་ཡི་གེར་ནམ་ཞིག་དངུལ་བུན་གཙང་འཇལ་བྱས་མ་ཟིན་བར་ཤུལ་ནོར་ལ་ཐག་གཅོད་བྱེད་རྒྱུ་མེད་ཅེས་པའི་ཚིག་གཅིག་ཀྱང་བསྣན། 

ཁོས་རྒྱལ་ཡོངས་ལ་ཤུགས་རྐྱེན་བཟོ་ཐུབ་ནའང་བུ་ལོན་གྱིས་བསྐྱེད་པའི་དཀའ་ངལ་ལས་ཐར་དཀའ་བར་གྱུར། ཁོས་གྲོགས་པོར་བསྐུར་བའི་འཕྲིན་ཡིག་ཏུའང་དབུལ་ཕོངས་ཀྱིས་ང་ཚོར་མཐོང་ཆུང་བྱེད་ཀྱིན་འདུག་ཅེས་བྲིས་ཡོད། བུ་ལོན་གྱིས་ཁོའི་ནང་སེམས་ལ་མྱ་ངན་ཆེར་སྦྱིན་པར་མ་ཟད། ལུས་ཀྱི་བདེ་ཐང་ལའང་ཤུགས་རྐྱེན་ཚབ་ཆེན་ཐེབས་ནས་མཐར་༡༨༤༥ལོའི་ཟླ་༦་ཚེས་༨་ཉིན་ལྗེ་ཁི་སིན་རང་ཁྱིམ་དུ་གཤེགས། དགུང་ལོ་༧༨་ལ་སོན་ཡོད། ལྗེ་ཁི་སིན་གྱི་ཁ་ཆེམ་དུ་ཁོའི་གཏན་འཇགས་དང་གཏན་འཇག་མ་ཡིན་པའི་རྒྱུ་ནོར་གང་ཡོད་ཀྱི་ཁོས་ཆད་པའི་བུ་ལོན་དང་སྐྱེད་ཀ་ཨ་སྒོར་༡༦༠༠༠ཡོད་པ་འཇལ་དགོས་པ་དང་། བུ་རྒྱུད་དག་ལ་གུས་ལུགས་སྐབས་བཀོལ་བའི་རལ་གྲི་གསུམ་དང་། གནད་འགག་གི་དུས་སུ་རལ་གྲི་ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྲུང་སྐྱོབས་བྱེད་དགོས་ཞེས་པའི་སྐད་ཆ་དེ་ལས་ཞུལ་བཞག་གི་རྒྱུ་ནོར་གང་ཡང་བཞག་མེད།  



 ལྗེམ་སུ་ཕོལ་ཁི།

   དེའི་རྗེས་སུ་དབུལ་ཕོང་གིས་བགྲོངས་བ་ནི་ཨ་རིའི་སྐབས་བཅུ་གཅིག་པའི་སྲིད་འཛིན་ལྗེམ་སུ་ཕོལ་ཁི་རེད། ཁོ་འབྱོར་ལྡན་གྱི་ཞིང་བདག་ཚང་ཞིག་ཏུ་སྐྱེས། ༡༨༤༩་ལོའི་ཟླ་༣་ཚེས་༤ཉིན་སྲིད་འཛིན་ལས་ལས་ཟུར་གནང་། ལོ་ངོ་བཞིའི་སྲིད་འཛིན་གྱི་བྱ་བར་བརྩོན་པ་བློ་ཡུལ་ལས་འདས་པ་གནང་ཞིང་། གྲུབ་འབྲས་ཀྱང་གཞན་ལས་ལྷག་པ་ཐོབ། རྒྱལ་སྲིད་བློན་ཆེན་པཱོས་ཁན་ནེན་གྱིས་“ཁོ་ནི་ངས་མཐོང་མྱོང་བའི་ཆེས་བརྩོན་པ་ཆེ་བ་དེ་རེད། ལོ་བཞིའི་སྲིད་འཛིན་གྱི་ལས་འགན་གྱིས་ཁོ་བགྲེས་པོ་ཞིག་ཏུ་བསྒྱུར་བཞག”ཞེས་བཤད་མྱོང་བ་བཞིན། ལས་ཟུར་གནང་སྐབས་དགུང་གྲངས་༥༣་ལས་སོན་མེད་ནའང་ལུས་ཟུང་ཟད་ཅིང་སྐྲ་ལོ་དཀར་བོར་གྱུར་བའི་རྒན་པོ་ཟུང་ཟད་ཅིག་ཏུ་གྱུར་འདུག། 

ལས་ཟུར་གནང་བའི་ཕྱི་ཉིན་ནས་ཁོར་དལ་བའི་རང་བཞིན་གྱི་བཤལ་ནད་ཅིག་གིས་ཟིན། ཁོའི་ཆུང་མ་ཧྲ་ལཱ་ཡིས་ཋེན་ཞིའུ་རུ་ཡོད་པའི་ཁྱིམ་ཏུ་ཉ་ར་གཞན་ལས་ལྷག་པ་ཞིག་བྱས་ནས་མིང་ཡང་ཕོལ་ཁི་ཕོ་བྲང་དུ་བཏགས། ཁོའི་སྙུང་གཞི་ཇེ་ལེགས་སུ་སོང་བ་དང་མྱུར་དུ་དཔེ་དེབ་བསྡུ་ཉར་གྱི་བྱ་བར་ཞུགས་ནས། མཐར་བྱ་བའི་བྲེལ་ཚུབ་ཀྱིས་ཁོའི་བདེ་ཐང་ལ་གནོད་པ་ཕོག་པས། ལས་ཟུར་རྗེས་ཀྱི་ཟླ་གསུམ་གྱི་རྗེས་སུ་ཕོལ་ཁི་ཚེ་ལས་འདས། དགུང་ལོ་༥༣་ཡིན། 

ལྷོ་བྱང་དམག་འཁྲུག་གིས་དུས་སུ་པོལ་ཁི་ལྕམ་མོ་ཧྲ་ལཱ་ཡི་འཚོ་བའི་རྟེན་གཞིར་གྱུར་བའི་མེའུ་ཞེས་ཞེས་པེལ་གཞིས་ཀ་རྨེག་མེད་དུ་བཏང་བས། མོའི་ཁེར་རྐྱང་དང་དབུལ་ཕོངས་ཀྱི་འཚོ་བར་དཔལ་འབྱོར་གྱི་འབྱུང་ཁུང་གང་ཡང་མེད་པར་གྱུར་རྐྱེན་གཞིས་ཀ་ཡོད་ཚད་བཙོངས་ནས་ཡོངས་འབབ་ཕྲ་མོ་དེས་འཚོ་བ་རོལ་ཐབས་བྱེད་དགོས་བྱུང་། ༡༨༨༢ཨ་རིའི་རྒྱལ་ཚོགས་ཀྱིས་ལོ་རེ་བཞིན་རྒན་གསོའི་སྒོར་༥༠༠༠་རེར་སྟེར་རྒྱུར་ཐག་བཅད་པ་དེས། ད་གཟོད་ཧྲ་ལཱ་ཡི་འཚོ་བར་ཁེགས་ཐེག་ཡོད་པར་གྱུར། ༡༨༩༡་ལོར་དགུང་ལོ་༨༨་ལོན་པའི་ཧྲ་ལཱ་སྐུ་གྲོང་། 


མེལ་ལེའུ་ཐི་ཧྥེལ་མཱོ་འེར།

སྲིད་འཛིན་རབས་བཅུ་གསུམ་པ་མེལ་ལེའུ་ཐི་ཧྥེལ་མཱོ་འེར་(MillrdFillmore)ནི་དབུལ་བོ་དབུལ་རྐྱང་གི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས་བྱིས་དུས་ནས་ཞིང་ལས་ངལ་རྩོལ་ལ་ཞུགས་དགོས་བྱུང་ཡོད། ༡༨༥༣ལོའི་ཟླ་༣ཚེས༤ཉིན་ལས་ཟུར་གནང་། སྐྱེ་ཁུང་ཞིང་བའི་ཁྱིམ་ཚང་དབུལ་བོ་ཡིན་པའི་ཧྥེལ་མཱོ་འེར་ནི་༡༨༥༠་ལོར་ནད་ཀྱིས་སྐུ་གཤེགས་པའི་སྲིད་འཛིན་ཐཱེ་ལིས་ཀྱི་ཚབ་ཏུ་ཨ་རིའི་སྲིད་འཛིན་དུ་བསྡད་པ་ཡིན་ཞིང་༡༨༥༢ལོའི་སྲིད་འཛིན་འདེམས་བསྐོ་ལས་ཕམས་ནས་ལས་ཟུར་བྱས། 

    སྲིད་འཛིན་གྱི་རིང་ལ་འགྲོ་སྒོ་མང་དྲགས་པས་ལས་ཟུར་བྱས་རྗེས་ཁོར་གསོག་དངུལ་ཟད་ནས་དཔལ་འབྱོར་གྱི་དཀའ་ངལ་གནས་སུ་ལྷུང་ཡོད། ཁོས་ཨ་རིའི་སྲིད་གཞུང་ལ་ལས་ཟུར་གནང་བའི་སྲིད་འཛིན་རེ་བཞིན་ལོ་རེར་ཕོག་དངུལ་ཨ་སྒོར་༡༢༠༠༠སྟེར་བའི་རེ་ཞུ་ཕུལ། ཁོས་ང་ཚོ་སྲིད་འཛིན་དག་ཁ་ཡ་བྱེད་མི་ཙམ་ཡང་མེད་པར་སྣང་མེད་དུ་གཞོགས་གཅིག་ཏུ་གཡུགས་པས། འཚོ་ཐབས་ཀྱིས་ཕྱིར་དུ་ལམ་འགྲམ་དུ་སྣ་འཛོམས་ཚོང་ཁང་ཕྱེས་ནས་འདུག་པ་འདི་རྒྱལ་ཁབ་ཀྱི་ངོ་ཚ་རེད་ཅེས་དང་། འུ་ཅག་གིས་མི་ཞིག་སྲིད་འཛིན་དུ་བསྐོས་ནས་དེས་བློ་སེམས་རྣམས་དག་གིས་བྱ་བ་སྒྲུབ་པའི་ཕྱིར་ཁོའི་ཁེ་སྤོགས་ཡོད་པའི་ཆེད་ལས་ཀྱང་འདོར་དུ་འཇུག་ལ། ང་ཚོས་ཁོ་བེད་སྦྱོད་བྱས་ཚར་རྗེས་ཐ་ན་ཁོ་དཀའ་ཁག་གི་གནས་སུ་ལྷུང་ཡོད་ཀྱང་སུས་ཀྱང་མི་མཐོང་སར་འདོར་བ་རེད་ཅེས་བརྗོད་ཡོད་ཀྱང་ལན་གནང་མཁན་མ་བྱུང་། 

 ཧྥེལ་མཱོ་འེར༡༨༥༦ལོའི་འདེམས་བསྐོའི་ཁྲོད་བསྐྱར་དུ་ཕམ་རྗེས། ཁོས་བློ་སེམས་རྩེ་གཅིག་གིས་ནུས་པ་གང་ཡོད་ཕ་ཡུལ་ཕུས་ཧྥ་རོའོ་ཡི་སྤྱི་དམངས་ཀྱི་ཆེད་དུ་བསྟིམས། ཞལ་འདེབ་བསྡུ་རུབ་བྱས་ནས་ཕུས་ཧྥ་རའོ་སློབ་འབྲིང་དང་ན་གཞོན་ཚོགས་པ། ལོ་རྒྱུ་ཞིབ་འཇུག་ཁང་དང་སྤྱི་དམངས་སྨན་ཁང་། དཔེ་མཛོད་ཁང་སོགས་གསར་འཛུགས་གནང་། འོན་ཏེ་བུ་ལོན་གྱི་རི་བོས་མནན་ནས་དབུགས་རྒྱུ་དབང་མེད་པའི་གནས་སུ་ལྷུང་ཡོད། དཀོན་མཆོག་གི་ཐུགས་རྗེས་༡༨༥༨་ལའི་ཟླ་༢་འབྱོར་ཕྱུག་ཅན་གྱི་ཡུག་མོ་ཁཱ་ལོ་རེན་གྱི་བརྩེ་བ་ཐོབ་ཅིང་། གཉེན་བསྒྲིགས་རྗེས་ཁཱ་ལོ་རེན་གྱིས་ཁོའི་བུ་ལོན་མཐའ་དག་འཇལ་བར་མ་ཟད། ད་དུང་མུ་མཐུད་དུ་ཁོའི་དགའ་མོས་ཡོད་པའི་བྱ་བཞག་དེ་དག་སྒྲུབ་པར་སྐུལ་མ་བྱས། ༡༨༧༤ལོའི་ཟླ་༣ཚེས་༨་ཉིན་ ཧྥེལ་མཱོ་འེར་གྲིབ་ནད་ཀྱིས་སྐུ་གཤེགས། དགུང་ལོ་༧༤་ཡིན།



 ཡོའུ་རེའུ་སེས.ཀཱི་རན་ཐཱི།

    ཨ་རིའི་སྲིད་འཛིན་རབས་བཅོ་བརྒྱད་པ་ཀཱི་རན་ཐཱི་ནི་ལྷོ་བྱང་དམག་འཁྲུག་སྐབས་མཚན་སྙན་གྱིས་ཕྱོགས་བཞི་ཁྱབ་པར་གྱུར་མོད། སྲིད་འཛིན་གྱི་དུས་སུ་གཉེན་ཉེ་དཔོན་སར་བསྐོས་པ་མང་དྲག་པས་ཨ་རིའི་ལོ་རྒྱུས་སྟེང་གི་ཆེས་རུལ་སུང་གི་སྲིད་འཛིན་ཞེས་གཞན་གྱིས་འཕྱ་དམོད་བྱ་ཡུལ་དུ་གྱུར། འོན་ཏེ་ཁོས་དཔོན་ངན་རྒྱུ་ཟན་རྔན་ལེན་མཁན་འགའ་རེར་དཔོན་སར་བཞག་ནས་དེ་དག་ཕྱུག་པོར་གྱུར་བ་མ་གཏོགས། ཁོ་རང་ལ་ལོ་རེ་བཞིན་དམག་འཁྲུག་དཔའ་བོའི་བྱ་དགའི་དངུལ་༦༠༠༠་ལས་གཞན་པའི་གསོག་དངུལ་ཅི་ཡང་མེད། 

  ཀཱི་རན་ཐཱི་ཕོ་བྲང་དཀར་བོ་དང་བྲལ་བའི་རྗེས་སུ་དུས་ཡུན་ཐུང་ངུ་ཞིག་ལ་མིན་རོའོ་ཇི་བཞིན་གར་འགྲོ་ངེས་མེད་ཀྱི་འཚོ་བ་རོལ་མྱོངས། རིམས་ཀྱིས་ཁོ་ཚོང་ལས་ཀྱི་བྱ་བར་ཞུགས་པ་རེད། ལོ་རྒྱུས་ལ་བལྟས་ན་དེ་ནི་ནོར་འཁྲུལ་གྱི་གདམ་ག་ཞིག་ཡིན་པ་འདྲ། ཐོག་མར་ཁོ་མོའོ་སི་ཁོའི་ལྷོ་ཕྱོགས་ཀྱི་ལྕགས་ལམ་ཚོང་ཁང་གི་སྦྱི་གཉེར་བར་བསྡད་ཅིང་། སྙན་གྲགས་ལ་བརྟེན་ནས་མ་རྐང་འགའང་བསྡུས་མོད། རིང་བོ་མ་ལོན་པར་ཚོང་ཁང་གི་མ་རྐང་རྡིབ་པར་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཀཱི་རན་ཐཱི་དང་ཁོའི་བུ་པཱ་ཁོན་གཉིས་ཀྱིས་མ་རྐང་ཨ་སྒོར་༢༠་བཏང་ནས་ཧཱ་ཨེར་སྲིང་ལམ་གྱི་ཁེ་བ་ཧྥེས་ཊེས་ནན་དང་མཉམ་འབྲེལ་གྱིས་ཚོང་ཁང་བཙུགས། འོན་ཀྱང་ཧྥེས་ཊེས་ནན་མ་རྐང་རྐུ་འཁྱེར་བྱས་ནས་བྲོས་བཤོལ་དུ་སོང་བས་ཁོ་ཕ་བུ་གཉིས་གཡོ་འོག་ཏུ་ཚུད་པ་རེད། སྤྲང་ནག་ཁ་མེད་རྒྱབ་མེད་དུ་གྱུར་ཚེ་ཀཱི་རན་ཐཱི་ངོ་སོ་དང་ལ་རྒྱ་དོར་ནས་གྲོགས་པོ་དག་གིས་རོགས་སྐྱོར་ལ་རྟེན་དགོས་བྱུང་། འཚོ་བའི་ཕྱིར་དུ་ཁོས་ལོ་མང་ལ་ཉར་བའི་ནང་འཁྲུགས་དུས་ཀྱི་དྲན་རྟེན་དང་ཐ་ན་ཁོ་ཤིན་ཏུ་དགའ་བའི་དམག་གྲི་དེའང་བཙོང་བ་རེད། 

དབུལ་ཕུང་གིས་མནར་བའི་དུས་སུ་ཀཱི་རན་ཐཱི་ཡིས་རང་གི་མི་ཚེའི་བརྗེད་ཐོ་བྲིས་ནས་འཚོ་བ་རོལ་དགོས་བྱུང་། 《དུས་རབས་》བསྡུས་དེབ་ཐོག་ཏུ་ཁོས་ཤཱ་དབྱིས་རོའོ་དམག་འཁྲིག་དང་བེལ་ཁོལ་སི་པོལ་དམག་འཁྲིག་སྐོར་གྱི་རྩོམ་ཡིག་གཉིས་བཀོད་པར་རྩོམ་ཡོན་ཨ་སྒོར་༡༠༠༠་གཅིག་ལོན། དེ་ལས་གཞན་དུ་བེལ་པོ་སི་དཔེ་སྐྲུན་ཁང་གིས་སྦྱི་ཁྱབ་འགན་འཛིན་དང་མིང་དུ་གྲགས་པའི་རྩོམ་པ་བོ་མཱལ་ཁོ་ཊོལ་བིན་ཀྱིས་ཁོར་རང་རྣམ་ཞིག་འབྲི་བའི་སྐུལ་མ་བྱས་པར་མ་ཟད། པར་ཡོན་༢༠%་དང་ལྷག་ཏུ་སྒོར་ཁྲི་༢.༥་སྔོན་ལ་གཏོང་རྒྱུ་བྱས་པ་རེད། 

ཀཱི་རན་ཐཱི་ནད་ཀྱིས་མལ་སར་ལྷུང་མོད་ཁྱིམ་མི་དག་གི་འཚོ་བའི་ཕྱིར་དུ་ཁོས་ནད་གདོན་ལ་བསྲན་ནས་རྩོམ་འབྲི་བྱ་དགོས་བྱུང་ཡོད། སྐུ་མ་གཤེགས་པའི་ཉིན་བཞིའི་སྔོན་དུ་ཁོང་གིས་མི་ཚེའི་བརྗེད་ཐོ་པོཏ་གཉིས་ཅན་དེ་ལེགས་པར་འགྲུབ་པ་རེད། ༡༨༨༥་ལོའི་ཟླ༧ཚེས་༢༣་ཉིན་ཀཱི་རན་ཐཱི་མིད་སྐྲན་གྱིས་སྐུ་གཤེགས། དགུང་གྲངས་༦༣་ལ་སོན་ཡོད། 

རྩོམ་ཡིག་འདི་༢༠༠༥་ལོའི《ཀློག་པ་བོ》་པར་ཐེངས་གཉིས་པ་ལས་བསྒྱུར། 

གསར་འགྱུར་མཁོ་སྤྲོད་པ། ཁྲི་གཤོག་སྙེ་མ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506160
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།