ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-05ལྟ་ཀློག (12602)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར།

ལྷུམས་སུ་ཞུགས་པའི་མཛད་པ།

   དེའི་སྲས་ཁྲི་གཉན་གཟུངས་བཙན། དེའི་སྲས་པོ་འབྲོག་གཉན་ལྡེ་རུ། དེའི་སྲས་སྟག་རི་གཉན་གཟིགས།དེའི་སྲས་གནམ་རི་སྲོང་བཙན། དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས། ཁ་བ་ཅན་གྱི་རྗེས་འབངས་རྣམས་ཀྱིས་གཉེན་པོ་གསང་བ་ལ་མཆོད་པ་ཕུལ་བས། ཆོས་ཀྱི་བག་ཆགས་སད་པས་གདུལ་བྱར་གཟིགས་སོ།། དེ་ཡང་དབང་ཆེ་བ་ཅིག་གིས་འདུལ་བར་དགོངས་ནས་སྤྱན་གཡས་པ་ལས་འོད་འཕྲོས་ནས། རྒྱལ་བོ་གནམ་རི་སྲོང་བཙན་དང་། བཙུན་མོ་འབྲི་ཟ་ཐོད་དཀར་གཉིས་ཕོ་བྲང་བྱམས་པ་མི་འགྱུར་གླིང་ན་རིན་པོ་ཆེའི་ཁྲི་ལ་གཟིམསཔའི་ཚེ། འོད་ཟེར་སྣ་ལ་ཁྱེའུ་གཡུའི་ཟུར་ཕུད་ཅན་ཚོན་གང་བ་ཅིག་སྤྲུལ་ནས་བཙུན་མོའི་ལྷུམས་སུ་ཞུགས་སོ།། དེའི་ཚེ་བཙུན་མོ་ལ་ཉི་མ་ལྟ་བུའི་འོད་ཟེར་གྱིས་བོད་ཀྱི་རྒྱལ་ཁམས་ཁྱབ་པའི་སྣ་ལ། ཁྱེའུ་ཚོན་གང་བ་ཅིག་ལྟེ་བར་ཐིམ་པ་རྨིས་ནས་རྒྱལ་བོ་ལ་སྨྲས་པས་རབ་ཏུ་དགེས་སོ།། དེའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུགབོད་ཁ་བ༼༡༦༢བ༽ཅན་དུ་སེམསཅན་གྱི་དོན་ལ་གཤེགས་པར་གཟིགས། བོད་འབངས་རྣམས་ཀྱིས་བཙུན་མོའི་ལྷུམས་སུ་སྲས་ཅིག་ཞུགས་པར་མཐོང་ངོ་།། ལྷུམས་སུ་ཞུགས་པའི་མཛད་པའོ།།  །། 

སྐུ་བལྟམས་པའི་མཛད་པ།

    དེའང་ཟླ་བ་དགུ་དང་ངོ་བཅུར་ལྷུམས་སུ་ཞུགས་པ་ལ། ཡུམ་ལུས་བདེ་བ་དང་ལྡན་ཞིང་ཉམས་དགའ་བ་ལུས་ཡང་བ་ཤེས་པ་གསལ་བ་འབོལ་བ། རིག་པ་དྭངས་པ་འབྱུང་ངོ་།། རྨི་ལམ་ན་ཡང་ལུས་ལས་འོད་ཟེར་འཕྲོས་ནས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། ལྷ་དང་ལྷ་མོ་མང་བོས་ཚུར་ལ་མཆོད་པ་ཕུལབ་དང་། བསྐོར་བ་བྱེད་པ་དང་། ཉི་ཟླའི་གདུགས་ཕུབ་པ་དང་མེ་ཏོག་གི་གདན་ལ་སྡོད་པ་བྱུང་། སེམས་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་བྱུང་ངོ་།། དེ་ནས་ཕོ་བྲང་དེ་ཉིད་དུ་སྐུ་བལྟམས་པ་དང་མཚན་དང་དཔེ་བྱད་དུ་ལྡན་པ། སངས་རྒྱས་ཨ་མི་དེ་བས་དབུ་བརྒྱན་པ་གཅིག་འཁྲུངས་སོ།། བཙས་མ་ཐག་ཏུཡབ་ཡུམ་ལ་ཕྱག་བྱས་ཏེ། རྗེ་ཡབ་ཡུམ་ལགས། ཀུན་གྱི་རྗེ། ཡོངས་ཀྱི་དཔལ། ངེད་ཀྱི་མགོན། ཕོ་བྲང་གི་ཁྲི་སྟེངས་ན། ཐུགས་བདེ་ལགས་སམ་ཞེས་སྙུནགསོལ་བར་བྱེད་དོ།། དེའི་ཚེ་ལྷའི་བུ་རྣམས་ཀྱིས་སིལ་སྙན་གྱི་སྒྲ་བསྒྲགས། མེ་ཏོག་གི་ཆར་ཕབ། བདུད་རྩིའི་ཆུས་ཁྲུས་གསོལ་ལོ།། ཡབ་རྒྱལ་བོའི་དབུའི་ཨ་མི་དེ་བ་དར་ལེ་བརྒན་ཐོད་དུ་དཀྲུས་ནས་སྦས་སོ།། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དངོས་ཀྱིས་བོད་ཡུལ་འདུལ་བར་གཟིགས་སོ།། བོད་ཀྱི་བློན་འབངས་རྣམས་ཀྱིས་སྲས་རྒྱལ་བུ་ཅིག་བཙས་པར་མཐོང་ངོ་།། དེ་ནས་ཡབ་རྒྱལ་བོས་དེའི་མིང་སྲོང་བཙན་དུ་བཏགས་སོ།། རྒྱལ་བུ་དེ་ནར་མ་སོན་པ་ནས། འཇིག་རྟེན་ལས་འདས་པའི་བྱ་བ་ཉིད་བྱེད་ཅིང་བློ་ཆེབས། བློན་པོ་རྣམས་ཀྱིས་འོ་སྐོལ་གྱི་རྒྱལ་བུ་འདི་ནི་ཤིན་ཏུ་ཐུགས་སྒམ་མོ་ཞེས་སྨྲས་པས། སྲོང་བཙན་སྒམ་པོར་གྲགས་སོ།།༼༡༦༣ན༽སྐུ་བལྟམས་པའི་མཛད་པའོ།།   །།

བོད་ཡིག་རྩོམ་པ་དང་ཆོས་བསྒྱུར་བའི་མཛད་པ།

  དེ་ནས་རྒྱལ་བོའི་ཐུགས་དགོངས་ལ་བོད་ཁམས་དམ་པའི་ཆོས་ལ་འཛུད་པ་ལ་བོད་ལ་ཡི་གེ་མི་འདུག་པར་དགོངས་ནས། འབངས་རྣམས་ཀྱི་ནང་ནས་བློ་རྣོ་བ་བཏུས་པས། ཤེས་རབ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ། ཐོན་མི་ཨ་ནུའི་བུ་སཾ་བྷོ་ཊ་འཁོར་བཅུ་དྲུག་དང་བཅས་པ་ལ་གསེར་ཕྱེ་བསྐུར་ནས་རྒྱ་གར་ཏུ་ཆོས་དང་ཡི་གེ་སློབ་ཏུ་བཏང་ངོ་།། ཐོན་མིས་རྒྱ་གར་ཏུ་ཕྱིན་ནས་མཁས་པ་བརྒྱའི་ནང་ནས་མཆོག་ཏུ་གྱུར་བའི་པཎྚི་ཏ་ལྷ་རིག་པའི་སེང་གེ་ལ། ཆོས་དང་ཡི་གེ་བསླབས་ནས་སྡེབ་སྦྱོར་དང་སྙན་དངགས་དང་། མིང་གི་མཛོད་ལ་སོགས་པ་ཕྱི་དང་ནང་གི་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་པ་དང་། བོད་ཡུལ་དུ་བྱོན་ནས་ལཱཉྫའི་ཡི་གེ་ལ་དཔེ་བྱས་ནས་དབུ་ཅན་དང་། པ་ཊུ་ལའི་ཡི་གེ་ལ་དཔེ་བླངས་ཏེ་དབུ་མེད་དུ་བྱས། རྒྱ་གར་གྱི་ཀ་སྡེ་ལྔ་བཅུ་བོད་དུ་སུམ་ཅུར་བསྡུས། གསལ་བྱེད་འཐུག་པོའི་སྡེ་ཚན་དང་ལོག་པའི་སྡེ་ཚན་རྣམས་དོར། ཅ་ཆ་ཇ་གསུམ་དང་། ཞ་ཟ་འ་གསུམ་སྡེ་ཚན་དྲུག་བསྣན་ནས། དབྱངས་ཐམས་ཅད་ན་རོ་གུག་འགྲེང་དང་། ཞབས་ཀྱུ་ར་ཏ་སོགས་སུ་བསྒྱུར་ནས་བིད་ཡིག་བརྩམས་ཏེ། སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་དོ།། མདོ་སྡེ་དཀོན་མཆོག་སྤྲིན་དང་། ཟ་མ་ཏོག་ལ་སོགས་པ་བོད་སྐད་དུ་བསྒྱུར་རོ།། བོད་ཡིག་རྩོམ་པ་དང་ཆོས་བསྒྱུར་བའི་མཛད་པའོ།།

དབང་བསྐུར་བ་དང་ཞིང་ཁམས་སྤྲུལ་པའི་མཛད་པ།

  དེ་ནས་རྒྱལ་བུས་དགུང་ལོ་བཅུ་གསུམ་ལོན་པ་དང་། ཡབ་ཡུམ་ལ་བདག་གིས་སྔོན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར། བོད་ཁམས་དམ་པའི་ཆོས་ཀྱིས་འདུལ་བར་ཁས་བླངས་པས། དེའི་ཕྱིར་བདག་རྒྱལ་སྲིད་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསུངས་པ་དང་། ཡབ་ཡུམ་ཤིན་ཏུ་དགེས་ཏེ་བོད་འབངས་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས། རྒྱལ་སྲིད་ལ་དབང་བསྐུར་ཏེ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཏོ།། དེ་མ་ཐག༼༡༦༣བ༽ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་བྱོན་ཏེ་བྱིན་གྱིས་རློབ་ཅིང་དབང་བསྐུར་བར་མཛད་དོ།། རྒྱལ་བོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། འོད་ཟེར་རེ་རེ་ལས་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་རེ་རེ་ཆགས། དེ་རེ་རེར་རྣམ་པར་སྣང་མཛད་གངས་ཅན་མཚོ་རེ་རེ། དེ་རེརེའི་སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྤྲུལ་བའི་སྐུའི་ཞིང་ཁམས་རེ་རེ་ཆགས། དེ་རེ་རེར་ཡང་རྒྱལ་བ་ཤཱཀྱ་ཐུབ་པ་དང་སྤྱན་རས་གཟིགས་དབང་ཕྱུག་རེ་རེ་སྤྲུལ་ཏེ་འགྲོ་བའི་དོན་མཛད་དོ།། དབང་བསྐུར་བ་དང་ཞིང་ཁམས་སྤྲུལ་བའི་མཛད་པའོ།།  །།

ཁྲིམས་བཅས་པའི་མཛད་པ།

    དེ་ནས་རྒྱལ་བོས་བོད་ཁམས་ཆོས་ལ་བཙུད་པའི་ཕྱིར་དགེ་བ་ཆོས་བཅུའི་མདོ་ལ་བརྟེན་ནས་ཁྲིམས་བཅས་ཏེ། སྔོན་གྱི་དུས་ན་བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་བཅུ་གཉིས་ཀྱིས་ཁྲིམས་བཅས་པམི་དགེ་བར་སོང་ནས་བོད་ཡུལ་དུ་བདེ་བ་མ་བྱུང་བ་ཡིན་ནོ།།  ང་ནི་ཆོས་སྐྱོང་བའི་རྒྱལ་བོ་ཡིན་པས་བོད་ཁམས་ཐམས་ཅད་དགེ་བ་ལ་འགོད་པར་བྱའོ།། ཆོས་ཁྲིམས་མེད་ན་མི་དགེ་བའི་དབང་དུ་གྱུར་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་སྤྱད་པས།  འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ།། མི་དགེ་བ་བཅུ་ནི་ལུས་ཀྱི་སྒོ་ནས་ཕ་རོལ་པོའི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་ལོག་སྤྱོད་པ་དང་གསུམ་མོ།། ངག་གི་སྒོ་ནས་རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་དང་བཞིའོ།། ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་། གནོད་སེམས་དང་ལོག་ལྟ་དང་གསུམ་མོ།།  མདོར་ན་མི་དགེ་བ་བཅུ་བོ་དེ་ངའི་བཀའ་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་སྤོངས་ཤིག བསད་ན་སྟོང་འདོད་དོ།། བརྐུས་ན་རྒྱལ་འཇལ་དངིས་དགུ་འདོད་དོ།། འདོད་ལོག་སྤྱོད་ན་རིན་འདོད་དོ།། བརྫུས་སྨྲས་ན་མནའ་སྒོག་གོ་ཞེས་རྩ་བ་བཞིའི་ཁྲིམས་བཅས་སོ།།  གཞན་ཡང་ངའི་བཀའ་འབངས་སུ་གཏོགས་པ་༼༡༦༤ན༽རྣམས་ཀྱིས་༡ ལྷ་དཀོན་མཆོག་གསུམ་ལ་དད་པ་དང་གུས་པ་བསྐྱེད་པར་བྱའོ།།   ༢ དམ་པའི་ལྷ་ཆོས་བཙལ་ཞིང་བསྒྲུབ་པར་བྱའོ།།  ༣ ཕ་དང་མ་ལ་དྲིན་གྱིས་ལན་ལྡོན་པར་བྱའོ།།  ༤ ཡོན་ཏན་ཅན་ལ་ཞེ་མཐོང་ཆེ་བར་བྱའོ།། ༥ རིགས་མཐོ་བ་དང་རྒན་པ་ལ་བཀུར་སྟི་ཆེན་པོར་བྱའོ།། ༦ ཉེ་དུ་མཛའ་བཤེས་ལ་གཞུང་བཟང་བར་བྱའོ།། ༧ ཡུལ་གྱི་ཁྱིམ་མཚེས་ལ་ཕན་གདགས་པར་བྱའོ།། ༨ བཀའ་དྲང་ཞིང་སེམས་ཆུང་བར་བྱའོ།། ༩ ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བར་བྱའོ།། ༡༠ ཟས་ནོར་ལ་ཚིད་ཟིན་པར་བྱའོ།། ༡༡ སྔ་དྲིན་ཅན་གྱི་ཡི་མི་བཅད་པར་བྱའོ།། ༡༢ བུ་ལོན་དུས་སུ་འཇལ་བར་བྱ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པར་བྱའོ།། ༡༣ ཀུན་ལ་སྙོམས་ཤིང་ཕྲག་དོག་མེད་པར་བྱའོ།། ༡༤ གྲོགས་ཀྱི་ནང་དུ་ངན་པའི་ངག་ལ་མི་ཉན་པར་རང་ཚུགས་འཛིན་པར་བྱའོ།། ༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བར་བྱའོ།། ༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པར་བྱའོ་ཞེས་བཀའ་བསྩལ་ཞིང་། དེ་ལྟར་མི་ཆོས་གཙང་མ་བཅུ་དྲུག་གིས་ཁྲིམས་ཀྱི་གཞི་བཟུང་ནས། བཀའ་ཁྲིམས་ལ་ནན་ཆེར་མཛད་དོ།། ཁྲིམས་བཅས་པའི་མཛད་པའོ།།   །།

 རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23651017
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།