ཆུང་གྲོགས་རྗེས་དྲན་གྱི་འགྲེལ་བ་ངག་གི་མེ་ཏོག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »ཆུང་གྲོགས་རྗེས་དྲན་གྱི་འགྲེལ་བ་ངག་གི་མེ་ཏོག
ཆུང་གྲོགས་རྗེས་དྲན་གྱི་འགྲེལ་བ་ངག་གི་མེ་ཏོག
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-12-24ལྟ་ཀློག (8084)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆུང་གྲོགས་རྗེས་དྲན་གྱི་འགྲེལ་བ་ངག་གི་མེ་ཏོག

རྩོམ་པ་བོའི་ལོ་རྒྱུས། 

དགེ་འདུན་ཆོས་འཕེལ་ལགས་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་རེབ་གོང་ཞོ་ཕུང་ཞེས་བྱ་བར་རབ་བྱུང་བཅོ་ལྔ་བའི་ཆུ་མོ་ཡོས(1903)ལོར་འཁྲུངས། དགུང་ལོ་བཅོ་ལྔ་བར་དྷི་ཚ་དགོན་པར་ཞུགས་ནས་སློབ་གཉེར་གནང་། དགུང་ལོ་བཅུ་བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་མགོ་བསྡུས་གྲྭ་ནས་བཟུང་སྟེ་མཚན་ཉིད་རིག་པའི་གཞུང་ལ་སྦྱངས། དགུང་ལོ་ཉེར་ལྔ་བར་དབུས་སུ་ཕེབས་ནས་འབྲས་སྤུངས་དགོན་པར་སློབ་གཉེར་གནང་། དགུང་ལོ་སོ་གཉིས་པར(1934)ལོར་རྒྱ་གར་གྱི་པཎྜིཏ་ར་ཧུ་ལ་དང་ལྷན་རྒྱ་གར་དུ་ཕེབས། སིངྒ་ལར་སློབ་གྲྭར་ཞུགས་ནས་སཾསྐྲི་ཏའི་སྐད་ཡིག་སྦྱངས། 1938ལོར་ཕྱིར་བོད་དུ་ཕེབས་ཤིང་སླར་རྒྱ་གར་ཏུ་ལོག སྐབས་དེ་ཤེད་དུ་དབྱིན་ཡིག་སྦྱངས་ཤིང་དེབ་ཐེར་སྔོན་པོ་དབྱིན་ཡིག་ཏུ་བསྒྱུར་རོགས་མཛད། བོད་ཤིང་བྱ(1945)ལོར་བོད་དུ་ཕེབས། བོད་མེ་ཁྱི(1946)ལོར་བོད་གཞུང་གིས་བཙོན་དུ་བཟུང་ཞིང་། དེར་ལོ་གསུམ་ལ་བཀག 1949 ལོར་བཙོན་གྲོལ་ཐོབ། དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས(1951.8.14)ཉིན་ལྷ་སར་སྐུ་གཤེགས། གསུང་འབུམ་པོད་ལྔ་བཞུགས།

རྩོམ་པའི་རྒྱབ་ལྗོངས། ལོ་རྒྱུས་རྒྱབ་ལྗོངས། 

དགེ་འདུན་ཆོས་འཕེལ་མཆོག་གི་ཆུང་གྲོགས་རྗེས་དྲན་ཅེས་བྱ་བའི་སྙན་རྩོམ་འདི་རྩོམ་པའི་རྒྱུ་རྐྱེན་ནམ་རྩོམ་པའི་རྒྱབ་ལྗོངས་ཐད་ལ་འགའ་རེས་རྩོམ་པ་བོ་ཁོང་གི་སྙིང་གི་ཐིག་ལེར་གྱུར་པའི་མཛའ་མོ་ཞིག་ལ་བྲིས་པ་ཡིན་ནོ་ཞེས་ཟེར།ཡིན་ནའང་། རྩོམ་པ་བོ་ཁོང་ལ་དེ་ལྟ་བུའི་ཆུང་གྲོགས་ཤིག་ཡོད་པ་ལོ་རྒྱུས་གང་དུའང་སྒྲོས་ཙམ་ཡང་མ་བྱུང་ལ། ཁོང་གི་ལོ་རྒྱུས་ལས་མཐོང་བ་ནི། བུད་མེད་ཀྱི་ཡོན་ཏན་རང་ཆས་སུ་མངའ་བའི་མ་ཡུམ་ཨ་ནེ་པདྨ་སྐྱིད་ཞུ་བ་ལ་ཨ་ཅེ་ཚེ་རིས་ཞེས་པའི་སྤུན་ཞིག་ཡོད། དེ་ལ་ལྷ་བ་མགོན་པོ(ཨ་མྱེས་སྟོབས་ཆེན་གྱི་ལྷ་འབབ)དང༌། ཧན་རྒྱ་(གཡའ་མ་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་མཛད།)ཡུམ་མེ་བཅས་བུ་བུ་མོ་མིང་སྲིང་གསུམ་ཡོད། དགེ་འདུན་ཆོས་འཕེལ་དགུང་ལོ་ཉེར་ལྔའི་སྟེང་ལྷ་སར་ཕེབས་འདུན་སྐྱེས་པ་ན་ཨ་མ་དང་གཅེན་མོ་ཟུང་གིས་གདུང་སེམས་ལྕི་མོས་བཀག་ཀྱང་གཡོལ་དུ་མེད་པར་ལོ་ངོ་གསུམ་གྱི་རྗེས་ནས་ཕྱིར་མ་རྒན་གྱི་འཁྲིས་སུ་ཕེབས་རྒྱུའི་ཁ་ཆད་བྱས་ཏེ་དྲེའུ་ཞིག་ཡོད་པར(ནག་ཆུ་ནས་རྐུན་མས་ཁྱེར།)ལམ་རྒྱགས་བཀལ་ནས་ཕེབས་ཁར་ལྷ་བ་མགོན་པོ་དང༌། ཧན་རྒྱ་ཕ་བུ་གཉིས་ཀྱང་དབུས་གྲོགས་བྱས་ཏེ་ལྷ་སར་ཕེབས། རིམ་གྱིས་དགེ་འདུན་ཆོས་འཕེལ་དབུས་གཙང་ཡོངས་སུ་སྙན་པ་ཆེ་བའི་མཁས་པ་ཞིག་ཏུ་གྱུར་བ་དང༌། ལྷ་བ་མགོན་པོ་བསྙེན་མཚམས་པ་བཟང་བོ་ཞིག་བྱུང༌། ཧན་རྒྱས་ལོ་འགར་དཔེ་གཟིགས་གནང་ནའང་སྦྱངས་བརྩོན་ལ་ལྷོད་གཡེང་ཆེ་བས་ཕྱིས་སུ་སློབ་གཉེར་རྒྱབ་ཏུ་བསྐྱུར་ཏེ་རྣམ་པ་གཉིས་ལ་ཞབས་ཏོག་མཐུན་རྐྱེན་བསྒྲུབ་རྒྱུའི་ཁ་ཚོན་བཅད་དེ་དེའི་ལས་ལ་ཞུགས། རེ་ཞིག་གི་ཚེ་འཚོ་བའི་མཐུན་རྐྱེན་གྱི་ཆེད་དུ་གནས་ག་ཤེད་ཅིག་ཏུ་ཕྱིན་ནས་སླར་ལོག་རྒྱུ་མ་བྱུང་བར་ཚེ་ལས་འདས་པའི་གཏམ་ངན་དེ་ཁོང་གི་ཕ་དང་དགེ་ཆོས་རིན་པོ་ཆེ་གཉིས་ཀྱིས་གསན་པ་ན། སྤྱིར་འཁོར་བའི་བྱ་གཞག་ལ་ཡིད་རབ་ཏུ་སྐྱོ་བ་དང་སྒོས་སུ་ཆུང་གྲོགས་ཧན་རྒྱ་ཚེ་ལས་འདས་པར་བཟོད་གླགས་མེད་པའི་སྙིང་རྗེའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ་ད་གཟོད་ཆུང་གྲོགས་རྗེས་དྲན་ནམ།༼འདུ་བྲལ་སྙིང་བོ་མེད་པར་རྟོགས་པའི་གླུ༽ཞེས་པའི་སྙན་རྩོམ་འདི་ཆེད་དུ་བྲིས་པ་ཡིན་པར་གྲགས་སོ།།

སྤྱིར་རྩོམ་ཞིག་ཡིན་ན་རྩོམ་པའི་རྒྱབ་ལྗོངས་རེ་ཅིས་ཀྱང་ཡོད་པའི་ངེས་པ་མེད་ཅིང་། དོན་དངོས་རྨང་གཞི(生活基础)ཞེས་པའང་བརྗོད་བྱ་དེ་རྩོམ་པ་བོ་ལ་དོན་དངོས་ཡིན་ཡང་ཆོག་ལ་མིན་ཡང་རུང་གི  གནད་དགག་ནི་རྩོམ་པ་བོས་རང་སེམས་ལ་འགྱུར་བ་བསླངས་ནས་ཡིད་འགྱུར་རྒྱ་མཚོའི་རླབས་རིས་བཞིན་དུ་བྱུང་བ་དེ་སྙན་ངག་གི་སྒྱུ་འཕྲུལ་དུ་དྲངས་ཤིང་། སྙན་ངག་དེའི་རོ་ཉམས་ཀློག་པ་བོས་མྱངས་ཚེ་ཡིད་ལ་ཟད་མི་ཤེས་པའི་འགྱུར་བ་སྣ་ཚོགས་སློང་ལ། དོན་དངོས་ཀྱི་སྣང་བ་བསྐྱེད་ཐུབ་ཚེ་ད་གཟོད་དོན་དངོས་རྨང་གཞི་ལྡན་ཅེས་བསྔགས་པ་ཡིན་ནོ། །

སྙན་ངག་འདི་ནི་སྙན་པའི་འགྱུར་ཁུགས་གསལ་ལ་འཛོམས་པའི་རོལ་དབྱངས་ཤིག་དང་། སྣང་བརྙན་མིག་ལ་འཆར་བའི་བརྙན་རིས་ཤིག་ཡིན་ལ།རོལ་དབྱངས་དང་བརྙན་རིས་འདི་གཉིས་ཀྱང་སྙིང་གི་འགྱུར་བ་དང་འོ་ཆུ་བཞིན་གཅིག་ཏུ་འདྲེས་འདུག རོལ་དབྱངས་དང་བརྙན་རིས། སེམས་པ་གསུམ་ལྷན་དུ་འཛོམས་པའི་སྙན་ངག་གི་ཁམས་འདི་ལ་སེམས་པ་གླན་ཞིང་སེམས་པ་འགྱུ་བཞིན་མྱངས་ན་འུ་ཐུག་པའི་རེ་སྨོན་དང་སྨྲེང་སྐྱོ། དྲན་གདུང་དང་ཕྱི་ཐགའཁྲེང་ཞེན་དང་འགྱོད་སེམས་ཤིག་མཐའ་དང་ཟད་དུ་མེད་པའི་ཚུལ་དུ་ཉམས་སུ་མྱོང་ཐུབ།

སྤྱིར་ཇི་སྙེད་པའི་སེམས་ཅན། དེ་སྙེད་པའི་ཁམས་དང་མོས་པའི་ཚུལ་ཅན་དུ་ཡོད་ལ། སྒྱུ་རྩལ་མཚོན་ཐབས་དང་མྱོང་རོལ་ཡང་དེའི་རྗེས་སུ་འགྲོ་བས། སྙན་ངག་གཅིག་ལའང་མྱོང་འཆར་ཁྲི་མ་འབུམ་ཡོད་སྲིད། དེ་འདྲའི་ཁྲི་མ་འབུམ་ལས་ངས་ནི་རང་གི་ཁབ་མིག་ལ་འཆར་ཚུལ་ཞིག་གློད་པར་འདོད་མོད་ཀྱི། ཇི་ལྟར་དགའ་སྐྱོ་ཆགས་སྡང་གི་སེམས་གཤིས་ཇི་བཞིན་མཚོན་པའི་སྙན་ངག་དཀའ་བ་བཞིན། སྙན་ངག་དེ་དང་དེ་མྱོང་བའི་སེམས་པ་ཡང་སྨྲ་བསམ་བརྗོད་འདས་ཀྱི་ཡུལ་དུ་འགྱུར་བས། ལྐུགས་པ་བཞིན་དུ་ཁ་རོག་གེར་སེམས་ཀྱིས་མྱོང་བ་ལས་ཐབས་ཅི་ཡོད།
སྲིད་པའི་འབྱོར་བ་ལ་ཁའི་ན་བུན། ། 
འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ། །
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། ། 
བསམ་ཞིང་བསམ་ན་སྙིང་བོ་མི་འདུག །

དོན་འགྲེལ། སྲིད་པ་འཇིག་རྟེན་འདི་ཡི་འབྱོར་བ་ཐམས་ཅད་ནི་སྐད་ཅིག་ལ་འདུ་ཞིང་ཡུད་ཙམ་གྱིས་འབྲལ་བའི་ལ་ཁའི་ལང་ལོང་གི་ན་བུན་ཡིན་ལ། ལས་ཀྱིས་གཅིག་དུ་འཛོམས་ཤིང་འདུས་པའི་གཉེན་ཉེ་དང་གྲོགས་དག་ནི་ཚོང་ལ་འདུས་པའི་མགྲོན་པོ་བཞིན་དུས་ཐུང་ངུ་ལ་ལྷན་དུ་བསྡད་ཀྱང་ཚོང་ཟིན་པ་དང་གྱེས་ནས་སོ་སོའི་གནས་སུ་བུད་འགྲོ། ངེས་པ་མེད་ཅིང་ཡིད་རྟོན་བྲལ་བའི་སྐྱིད་དང་སྡུག་གི་ཚོར་བ་རྣམས་ཀྱང་མདང་མར་གཉིད་ཀྱི་རྨི་ལམ་ཡིན་པས་དོན་ལ་ཅི་ཡང་མེད་དོ། ། འདི་ལྟར་སེམས་པ་ནང་ལ་བཀུག་ནས་བསམ་ཞིང་བསམ་ན་འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ་སྙིང་བོ་ཏིལ་ཙམ་ཡང་མི་འདུག་ཨང་ཞེས་པའོ། ། 
སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིས་ཡུལ་དང་ཡུལ་ཅན་གཉིས་གཞི་གཅིག་ལ་སྦྲེལ་ཅིང་། སྙན་འཇེབས་ཀྱི་དབྱངས་འགྲོས་དང་ཡིད་འཕྲོག་པའི་བརྙན་རིས་ལྷན་དུ་འཛོམས་པ་དང་།བརྙན་རིས་དེ་ཡང་འགུལ་མེད་གཟུགས་རིས་ཙམ་མིན་པར་ལང་ལོང་གཡོ་བའི་ན་བུན་དང་། སོ་སོར་གྱེས་པའི་ཚོང་འདུས་ཀྱི་མགྲོན་པོ།གཉིད་པའི་རྨི་ལམ་སྟེ་འགུལ་བའི་བརྙན་རིས་ཤིག་ཡིན་ལ།དབྱངས་འགྲོས་དང་བརྙན་རིས་འདི་གཉིས་ཀྱང་རྩོམ་པ་བོའི་ཡིད་ཀྱི་སྨྲེང་སྐྱོའི་འགྱུར་བ་དང་དབྱེར་མེད་དུ་འདྲེས་ནས་བྱུང་བས་ད་གཟོད་སྙན་ངག་གི་ཁམས་ཤིག་ངང་གིས་མིག་ལ་འཆར་ཅིང་ཡིད་ཀྱིས་མྱོང་ཐུབ།ཕྱི་ཡུལ་གྱི་ན་བུན་དང་། ཚོང་མགྲོན་དག་ཀྱང་སྤྱིར་བཏང་གི་ན་བུན་དང་ཚོང་མགྲོན་ཙམ་མིན་པར་ཡུན་ཅན་རྩོམ་པ་བོའི་ཡིད་ཀྱི་འགྱུར་བས་ལྕགས་ཁམས་གསེར་འགྱུར་གྱི་རྩིས་བསྒྱུར་བ་བཞིན་དུ་ཁྱབ་ཡོད་པས་དེ་ནི་སྙན་ངག་གི་ཞིང་ཁམས་ཁོ་ན་ལས་གཞན་དུ་ནམ་ཡང་བཙལ་དུ་མེད་པར་མ་ཟད། མཚོན་བྱ་སྙིང་བོ་མི་འདུག་སྙམ་པའི་སེམས་པ་སྙི་མོ་དེ་མཚོན་པར་ལ་ཁའི་ན་བུན་དང་། ཚོང་འདུས་མགྲོན་པོ། མདང་གི་རྨི་ལམ་གསུམ་བཀོད་ཅིང་། མཚོན་བྱེད་འདི་གསུམ་ལས་རྩོམ་པ་བའི་སེམས་པ་ཀློག་པ་བོའི་སྐྱོ་བ་རུ་མི་འགྱུར་ཀ་མེད་ཡིན་ལ། ཁོང་གི་ཆུང་གྲོགས་གང་དེར་བཀྲ་མི་ཤིས་པ་ཅི་ཞིག་བྱུང་སོང་སྙམ་པའི་དོགས་བློ་བསྐྱེད་ལ། ཤོ་ལོ་ཀ་འདི་ནི་སྙན་རྩོམ་འདིའི་མགོ་འདྲེན་དང་སྤྱི་དོན་ཡང་ཡིན་ནོ་སྙམ།

རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས། ། 

ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ། །
སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས། །

ཐུགས་རྗེའི་སྤྱན་གྱིས་སྐྱེལ་མ་མཛོད་ཅིག །
དོན་འགྲེལ།  ཆ་མེད་རྒྱུས་མེད་ཀྱི་འཇིགས་རུང་གཤིན་རྗེའི་ཕོ་ཉས་རང་དབང་མེད་པར་ཁྲིད་ཅིང་། ཚེ་ཕྱི་མའི་འགག་འཕྲང་རིང་མོ་འགྲིམ་པའི་སྙིང་གི་མཛའ་གྲོགས་དེ་ལ། གང་ལ་སྐྱབས་སུ་རེ་ན་བསླུ་བ་སྐད་ཅིག་ཙམ་ཡང་མེད་པའི་སྐྱབས་ཀྱི་དྭངས་མ་དང་རྩ་བར་གྱུར་བ་བླ་མ་དང་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སྤྱན་གྱིས་གཏོང་བ་མེད་པར་ཕར་འགྲོའི་སྐྱེལ་མ་མཛོད་ཅིག་ཅེས་རེ་སྐུལ་ཞུས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། སྙན་ངག་འདིར་འུ་ཐུག་ཐབས་ཟད་དང་སྡུག་བསྔལ་ཚད་མེད་ཁྲོད་ཀྱི་རེ་སྨོན་ཞིག་མཐོང་ཐུབ་ལ། རེ་སྨོན་དེ་ཡང་རྩོམ་པ་བོའི་ནང་ཆོས་ཀྱི་ལྟ་བའི་མིག་ཟུང་ལས་མངོན་པའི་བསླུ་བ་མེད་ཅིང་དད་གུས་ཀྱིས་ཁེངས་པའི་རེ་སྨོན་ཞིག་རེད། རེ་སྨོན་འདི་ལས་རྩོམ་པ་བོའི་དད་པའི་ཟབ་ཚད་མཐོང་ཐུབ་ལ་གྲོགས་ལ་བཅངས་པའི་ཞེ་འདང་ཡང་མྱོང་ཐུབ། རྒྱུས་མེད་གཤིན་རྗེའི་ཕོ་ཉ་དང་ཕྱི་མའི་འཕྲང་རིང་འགྲིམ་ཞེས་པས་ཉམ་ང་ཉག་ཕྲག་གྱུར་བའི་གྲོགས་ཀྱི་ངང་ཚུལ་བཟོད་དཀའ་བ་ཞིག་ཀློག་པ་བོའི་སྙིང་ལ་མེ་ལྕེ་བཞིན་མཆེད་པར་བྱེད།  

སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད། །

བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས། །
མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག །

ཉམ་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང། །

དོན་འགྲེལ། སྐྱེ་བའི་མཐའ་མར་མི་འདོད་པའི་འཆི་བ་ཡོད་པ་ནི་འཁོར་བའི་ཆོས་ཉིད་ཡིན་ལ། གང་གིས་ཀྱང་བསྒྱུར་དུ་མེད་པ་ནི་སྒྱུ་མ་རྨི་ལམ་གྱི་རང་བཞིན་མ་ཡིན་ནམ། བཟློག་ཐབས་གང་ཡང་མེད་པའི་འཆི་བདག་གཤིན་རྗེའི་རྒྱལ་བོའི་བཀའ་ཡིག་དེ་ཉིད། ཉམ་ཆུང་བའི་བདག་གི་སྙིང་གྲོགས་ཀྱི་སྟེང་ལ་མི་འདོད་བཞིན་དུ་སླེབས་ནས་གཏན་དུ་ཕྱིར་འོང་མེད་པའི་གནས་ལ་ཁྲིད་སོང་ཞེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིར་བཙན་བརྗེད་ཆེ་ལ་བཟློག་ཐབས་མེད་པའི་གཤིན་རྗེ་རྒྱལ་བའི་བཀའ་ཡིག་དེ་ཉིད། ཉམ་ཆུང་ལ་སྙིང་རྗེ་བའི་གྲོགས་ཀྱི་སྟེང་ལ་སླེབས་ཞེས་པས་བཙན་དྲགས་ལ་གཉོམ་ཆེས་པའི་དོ་མི་མཉམ་པའི་འགལ་ཟླ་གཉིས་མིག་ལ་འཆར་ཅིང་། གདུང་སེམས་མཉམ་བསྐྱེད་ཀྱི་སེམས་དང་སེམས་བྱུང་ཞིག་ངང་གིས་སྐྱེད་པར་བྱེད་དོ། །

སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ། །

ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན། །
དུང་སེམས་ཉི་མ་གསལ་དུ་སོང་ཚེ། །

མི་མཐོང་ནམ་མཁའི་དབྱིངས་སུ་ཡལ་སོང་། །

དོན་འགྲེལ། ཚེ་རབས་སྔོན་མར་ལྷན་དུ་འཛོམས་པའི་སྨོན་ལམ་དང་ལས་ཀྱི་སྦྲང་ཆར་ཟམ་ཟིམ་བབས་པའི་ཚེ། ཡོད་ཡོད་འདྲ་བའི་མཛེས་སྡུག་རྣམ་པར་བཀྲ་ལ་ཡིད་དུ་འོང་བའི་དགུང་གི་འཇའ་ཚོན་དེ་ཉིད། ཞེ་དུངས་དུངས་པའི་ཉི་མ་གསལ་དུ་སོང་བའི་དུས་སུ་མཐོང་དུ་མེད་པའི་ནམ་མཁའི་དབྱངས་སུ་ཡལ་ནས་མེད་པར་གྱུར་སོང་ཞེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། སྙན་ངག་འདིར་ཚེ་རབས་སྔོན་མའི་ལས་དང་སྨོན་ལམ་གྱིས་ལྷན་དུ་འཛོམས་པའི་རྩོམ་པ་བོ་རང་ཉིད་དང་རང་གི་ཆུང་གྲོགས་གཉིས་ཀྱི་ཡིད་མི་ཚིམ་པའི་ལས་སྐལ་བརྗོད་ཡོད་དེ། དེ་ཡང་དང་བོ་ལྷན་འཛོམས་བྱུང་བ་ནི་ཡིད་འཕྲོག་པའི་འཇའ་ཚོན་བཞིན་མཛེས་སྡུག་ལྡན་ནའང་ཕན་ཚུན་ལ་ཞེ་དུངས་པའི་ངང་ཡུན་རིང་འགྲོག་པའི་སྐལ་བཟང་མ་བྱུང་བར་ཆུང་གྲོགས་དེ་ཉིད་གློ་བུར་གཤེགས་པ་ནི་སེམས་ཀྱི་སྨྲེང་སྐྱོ་ཡིན་ལ། ལས་སྐལ་ལ་འཁང་ར་བྱས་པའང་ཚིག་ཤུགས་ལས་མྱོང་ཐུབ། འཛོམས་ཤིང་གློ་བར་གྱེས་པའི་དཔེ་ལ་འཟའ་ཚོན་དང་ཉི་མ་བཀོད་པས། དཔེ་ཅན་འདུ་བྲལ་གྱི་ངང་ཚུལ་སྣང་བརྙན་བཞིན་མིག་ལ་འཆར་བའི་སྙན་ངག་གི་ཁམས་ཤིག་ངང་གིས་མྱོང་ཐུབ། ཡོད་ཡོད་ཅེས་པ་ནི་སྙན་ངག་འདིར་བྱུང་བའི་སྒྲ་རྒྱན་དང་བོ་སྟེ། སྒྲ་རྒྱན་འདིས་དོན་གྱི་ཉམས་འདོན་པ་ལ་ཕན་གྲོགས་བླ་མེད་ཅིག་བྱས་ཡོད་དེ། འཇའ་ཚོན་དེ་ནི་དོན་ལ་མེད་པའམ་གློ་བུར་ཡལ་ངེས་ཡིན་ནའང་སེམས་སུ་རྟག་བརྟན་དང་མཛེས་སྡུག་གིས་བཞད་ཡོད་ཅིང་། ཡལ་སྙམ་པ་ཞེ་ན་མེད་མོད་ཀྱི།འོན་ཀྱང་གློ་བུར་ཡལ་སོང་ཞེས་པའོ། །
ན་གཞོན་ལང་ཚོའི་མེ་ཏོག་རྒྱས་ཚེ། །

ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི། །
འདྲིས་འདྲིས་ཆུང་གྲོགས་སྙིང་གི་ཚེར་མ། །

ད་ལྟ་རིགས་དྲུག་གང་དུ་ཡོད་ན། །

དོན་འགྲེལ། དེ་དུས་ནི་ན་གཞོན་གྱི་དུས་ཤིག་སྟེ། ཡིད་འཕྲོག་པའི་ན་གཞོན་གྱི་ལང་ཚོ་དག་ཕྱོགས་ཀུན་ནས་མེ་ཏོག་བཞིན་མཛེས་པར་སྨིན་ཅིང་བཞད་པའི་སྐབས་སུ། ཡིད་ཀྱི་བརྩེ་ཞེན་དང་དུངས་ཀ་ཆུ་ལ་ཆུ་ཞུགས་པ་བཞིན་གཅིག་དུ་འདྲེས་ལ། ལན་གཅིག་དང་འདྲེས་པ་ཙམ་མིན་པར་ལུས་སེམས་དབྱེར་མེད་དུ་འདྲིས་འདྲིས་པའི་ཆུང་གྲོགས། སྐད་ཅིག་ལ་ཙམ་ལའང་བརྗེད་མི་ཐུབ་ཅིང་ཞེ་ནས་འབོར་མི་ནུས་པའི་ཚེར་མ་དེ་ཉིད། ད་ལྟའི་དུས་འདིར་འགྲོ་བ་རིགས་དྲུག་གི་ཞིང་ཁམས་གང་ཞིག་ན་ཡོད་ན་སྟེ་ཡོད་དམ་ཞེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིར་ཡང་དབྱངས་འགྲོས་དང་བརྙན་རིས་ལྷན་འདྲེས་ཀྱིས་ཀློག་པོའི་ཡིད་ལ་སྙན་ངག་གི་དོན་སྤྱི་ཞིག་གསལ་བོར་བཞེངས་འདུག སྤྱིར་བརྩེ་འདང་ནི་མིག་ལ་འཆར་མི་ཐུབ་མོད། འདིར་ཡིད་ཀྱི་བརྩེ་འདང་དེ་གཅིག་དུ་འདྲེས་པའི་ཆུ་བོ་ཞིག་གི་གཟུགས་སུ་བཀོད་པས་ཀློག་པ་བོའི་མིག་ལའང་དབྱེར་མེད་རོ་གཅིག་དུ་འདྲེས་པའི་སེམས་པ་ཟུང་ཞིག་འཆར་ཐུབ་ལ། འདྲིས་འདྲིས་པའི་རྐྱེན་གྱིས་སྐད་ཅིག་ལའང་བརྗེད་དཀའ་བ་ནི་སྙིང་ལ་ཟུག་པའི་ཚེར་མའི་གཟུགས་སུ་བཀོད་པ་ནི་མཚོན་ཐབས་ཁྱད་པར་བ་ཞིག་སྟེ།ཚེར་མ་དེ་ཡང་གནོད་བྱེད་ཀྱི་ཚེར་མ་ཞིག་མ་ཡིན་པར་སྙིང་ཉེ་བའི་ཚེ་མ་ཞིག་ཡིན་པ་མཐོང་། སྤྱིར་སྒྲ་རྒྱན་ནི་དོན་ཉམས་ཕུན་སུམ་ཚོགས་པ་ཞིག་འདོན་པའི་གྲོགས་སུ་འགྲོ་ན་བཀོལ་དགོས་ལ། དེ་ལྟར་མིན་པར་ཚིག་གི་སྙིགས་མ་སྤུངས་ན་སྙིང་བོ་ཅི་ཡང་མེད། སྙན་རྩོམ་འདིར་བྱུང་བའི་སྒྲ་རྒྱན་གཉིས་པ་འདྲིས་འདྲིས་ཞེས་པས་ཀྱང་དོན་གྱི་རོ་ཉམས་མཛད་མེད་ཅིག་སྟོན་པ་ལ་ཉི་མ་མེ་གྲོགས་དང་། ཆར་བ་ཆུ་གྲོགས་སུ་སོང་བའི་ཚད་ལ་ཐོན་ཡོད།
སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོར། །  

ཞག་གསུམ་འཛོམས་པ་འགྲོགས་པའི་ཐ་མ། །
མི་རིང་འཕྲད་པའི་ཁ་ཆད་བྱས་པ། །

རྨི་ལམ་ངང་ནས་མཇལ་དུས་སླེབས་སོང་། །

དོན་འགྲེལ། ཡུལ་སྐྱིད་ཤོད་ཀྱི་ལྷ་སའི་སྐྱིད་ཆུའི་གྲོག་ཆུ་ཕྲ་མོའི་འགྲམ་དུ་དུས་ཤིན་ཏུ་ཐུང་བ་ཞག་གསུམ་ལ་འཛོམས་པ་ནི་མི་ཚེ་འདིར་དགའ་སྐྱིད་ཀྱིས་འགྲོགས་པའི་དུས་ཀྱི་མཐའ་མ་ཡིན་པ་སུ་ཡིས་རྟོགས། ཡིན་ནའང་དེ་ནི་འགྲོགས་པའི་དུས་ཀྱི་མཐའ་མར་གྱུར་སོང་། གྱེས་ཁར་མི་འགྱངས་པར་འཕྲད་འོང་ཞེས་ཁ་ཆད་བཞག་ཡོད་མོད་ཀྱི། འོན་ཀྱང་། ཁ་ཆད་བཞིན་མཛོམས་པའི་སྐལ་བ་མ་བྱུང་བར་མར་གཉིད་རྨི་ལམ་ལས་ཡང་ཡང་འཛོམས་པའི་དུས་ཀྱི་གོ་སྐབས་འདི་ཙམ་སླེབས་སོང་ཞེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིར་གྲོག་ཆུ་ཕྲ་མོ་ཞིག་གི་འགྲམ་དུ་ཞག་གསུམ་འཛོམས་པ་ནི་འགྲོགས་པའི་དུས་ཀྱི་མཐའ་མ་ཡིན་པ་མ་རྟོགས་པར་མི་རིང་འཕྲད་པའི་ཁ་ཆད་བཞག་མོད། དེ་མི་རྨི་ལམ་དུ་མཇལ་བའི་སྐལ་བ་ཙམ་དུ་གྱུར་ཚུལ་བརྗོད་ནས་རྩོམ་པ་བོའི་སྨྲེང་སྐྱོ་ཀློག་པ་བོའི་མྱ་ངན་དུ་འགྲེམ་པར་བྱེད་ལ། སྤྱིར་རྩོམ་པ་བོ་དང་ཁོང་གི་ཆུང་གྲོགས་འདི་གཉིས་འགྲོགས་པའི་ཡུལ་དུས་མང་བོ་ཞིག་ཡོད་ངེས་ནའང་། ཆེད་དུ་ཡུལ་ལྷ་སའི་གྲོག་ཆུ་ཕྲ་མོའི་འགྲམ་དང་དུས་འགྲོགས་པའི་མཐའ་མར་གྱུར་པ་གཉིས་བདམས་པ་ནི་ཁོང་ལ་ནང་སེམས་ཀྱི་འགྱུར་བ་སྟོན་པ་ལ་གྲོགས་སུ་འགྲོ་བའི་ཕྱིའི་ཡུལ་དུས་འདེམས་པའི་ཤེས་རབ་བློ་ཡུལ་དུ་ཤོང་དཀའ་བའི་ཚོད་དུ་ཡོད་པ་མཐོང་།

རྒན་གཞོན་བར་མའི་སྐྱེ་བོ་ཐམས་ཅད། །

ངེས་མེད་འཆི་བའི་སྣང་ཚུལ་མཐོང་ཡང། །
ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ། །

ནང་གི་གདུང་སེམས་ཆོད་ཐབས་མི་འདུག །

དོན་འགྲེལ། སྤྱིར་འཇིག་རྟེན་ཁམས་འདིར་འཚོ་བའི་རྒན་གཞོན་བར་མས་བསྡུས་པའི་སྐྱེ་བོ་ཐམས་ཅད་ལ་ཐམས་ཅད་དུ་རྒན་གཞོན་བར་མའི་ན་ཚོད་ཀྱི་གོ་རིམ་ལ་ངེས་པའམ་བདེན་པ་ཅི་ཡང་མེད་པར་འཆི་བའི་སྣང་ཚུལ་མང་བོ་དངོས་སུ་མཐོང་མོད་ཀྱི།འོན་ཀྱང་། ཆུང་ནས་ལྷན་ཅིག་སྐྱེས་ཤིང་། སྙིང་ལ་འདྲིས་པའི་གྲོགས་ཀྱིས་མི་འདོད་བཞིན་དུ་བོར་བའི་ཕྱོགས་ལ་ཞེ་དུངས་དུངས་པའི་སེམས་ཀྱི་ཐག་པ་ཆོད་ཐབས་མི་འདུག་ཅེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། སྙན་ངག་འདིར་གནས་ལུགས་ཡོངས་སུ་ཤེས་ཀྱང་དུངས་ཞེན་ཆེ་དྲགས་ནས་དངོས་ཡོད་གནས་ཚུལ་དང་ལེན་བྱེད་མི་ཐུབ་པའི་ཚུལ་གསལ་བོར་བརྗོད་ཡོད་པ་སྟེ།རྒན་གཞོན་བར་མའི་སྐྱེ་བོ་ཐམས་ཅད་ངེས་མེད་འཆི་བའི་སྣང་ཚུལ་མཐོང་བ་དང་། དུངས་སེམས་ཆོད་ཐུབ་མི་འདུག་པའི་གནས་ཚུལ་འདིས་རྩོམ་པ་བོའི་མྱ་ངན་དང་དྲན་གདུང་གི་སེམས་པ་དེ་ལག་ལ་འཇོག་པར་བྱེད་ཅིང་། བོར་ཞེས་པའི་བྱེད་མེད་ལས་ཚིག་འདི་སྡུག་བསྔལ་གྱིས་མནར་བའི་རྩོམ་པ་བོའི་ལུས་སེམས་སྟོན་པ་ལ་ལྷག་པར་ནུས་པ་ཆེ་སྟེ། ཆུང་གྲོགས་ཀྱི་ངོས་ནས་བསམ་བཞིན་དུ་དོར་བ་མིན་པས་དགའ་ཞེན་ཆེ་ངེས་ལ།  རྩོམ་པ་བོ་ཁོང་ནི་བདག་པའི་བོར་བའི་བདག་མེད་ཅིག་དུ་གྱུར་པས། འཕྲད་འདོད་ཀྱི་རེ་བ་ནི་འདི་ཙམ་ཞེས་བཤད་དཀའོ། །
ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ། །

ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང་། །
ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས། ། 

གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག །

དོན་འགྲེལ། གསོན་པའི་དུས་སུ་གཅེས་སྤྲས་བྱེད་དགོས་པ་ལས་ཤི་བའི་རྗེས་སུ་འགྱོད་པ་ནི་ལས་ཀྱི་མཐའ་མ་བླུན་པོའི་ངང་ཚུལ་ཡིན་ལ། རང་གི་ལུས་སེམས་ཉམས་ཤིང་རྒུད་པའི་རྒྱུ་རྐྱེན་ལས་མ་འདས་མོད། ཡིན་ནའང་། དུས་ཡུན་རིང་བོར་འདྲིས་ཤིང་འདྲོགས་པའི་ནང་སེམས་ཀྱི་བག་ཆགས་གོམས་གོམས་པའི་ནུས་ཤུགས་འདི་བཟློག་པའི་ཐབས་ཅི་ཡང་མི་འདུག་ཨང་ཞེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིར་ཡང་ཤི་རྗེས་འགྱོད་པ་བླུན་པོའི་རང་བཞིན་ཡིན་པ་གསལ་བོར་ཤེས་པར་མ་ཟད་རང་གི་ལུས་སེམས་རྒུད་པའི་རྒྱུ་ཡིན་པ་ཡང་གསལ་བོར་ཤེས་མོད།ཤེས་བཞིན་དུ་ཡང་ཆུང་གྲོགས་དེ་ཉིད་སེམས་ཀྱིས་གཏོང་མི་ཐུབ་ལ། ཆུང་གྲོགས་དེ་ཉིད་དྲན་པ་དང་འབྱེར་མེད་དུ་འདྲེས་ཡོད་པ་ལྟ་བུའི་ཚུལ་དེ་རྟོགས་ནུས་ཤིང་། རྩོམ་པ་བོའི་འགྱོད་གདུང་དང་དུངས་ཞེན། དྲན་པས་སྨྱོས་པའི་ངང་ཚུལ་དག་ཀློག་པ་བོའི་ཞེ་ལ་ཆུ་འཁྱག་བཞིན་འཁྱག་སིབ་སིབ་ཀྱིས་སིམ་འོངས།

ལུས་ཟུངས་ཟད་པ་ཀེང་རུས་གཟུགས་བརྙན། །

གསོན་དུ་རེ་བའི་ཁོ་ཐག་ཆད་དེ། །
འཆི་བའི་མིག་གིས་ཅེ་རེ་ལྟ་བའི། །

གཏམ་དེ་བདེན་ན་སྙིང་ལ་གཟན་པ། །

དོན་འགྲེལ། ཆུང་གྲོགས་གང་དེའི་ལུས་ཀྱི་ཟུངས་དང་མདངས་ཟད་ཟད་པ་ནི་ཤ་མེད་རུས་ཁོག་གི་ཀེང་རུས་ཀྱི་གཟུགས་བརྙན་དུ་གྱུར་ཅིང་། ད་ནི་གསོན་དུ་རེ་བའི་ཁོ་ཐག་སེམས་གཏིང་ནས་ཆད་དེ། འཆི་བ་མགོ་ལ་སླེབས་པའི་ཉམ་ཐག་པའི་མིག་ཟུང་གིས་སུ་ཞིག་མཐོང་འདོད་པ་འམ་ཞེ་འཁྲེང་བའི་ངང་ཅེ་རེ་རེ་ལྟ་བཞིན་འདུག་ཟེར་བའི་གཏམ་དེ་ཉིད་བདེན་ན་ནི་བདག་གི་སྙིང་ལ་གཟན་པའམ་མྱ་ངན་བསྐྱེད་པ་ལ་གཏམ་ངན་དེའི་ཐུ་ཞིག་མི་འདུག་ཅེས་པའོ། །

སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདི་ལས་རྩོམ་པ་བོ་ཁོང་གི་ཆུང་གྲོགས་དེ་རྐྱེན་ངན་བར་ཆད་བཟློག་ཏུ་མེད་པ་ཞིག་གིས་རྗེས་མེད་ཕྱི་མའི་ཡུལ་ལ་འཁྱེར་ཁ་མའི་གནས་ཚུལ་གསལ་བོར་བརྗོད་ཡོད་ཅིང་། དེ་ཡང་གཞན་གྱི་ངག་ལས་ཐོས་པ་སྟེ། རྩོམ་པ་བོ་ཁོང་གི་ཆུང་གྲོགས་དེ་ཉིད་ལུས་ཟུངས་ཟད་ནས་ཀེང་རུས་གཟུགས་བརྙན་ལྟ་བུར་གྱུར་བ་དང་། ཁོ་རང་ཡང་རང་ཉིད་གསོན་པའི་རེ་ཐག་ཆད་དེ། འཆི་བའི་མིག་གིས་ཅེ་རེ་རེ་འཁྲེང་ཞེན་དང་རེ་བའི་ལྟ་བཞིན་འདུག་ཅེས་པའི་གཏམ་དེ་བདེན་ན། དེ་ནི་རྩོམ་པ་བོའི་སྙིང་ལ་དུག་བཞིན་གཟན་པ་སྟེ། འཆི་མིག་ཉམ་ཞན་ཞིག་གིས་འཁྲེང་བཞིན་མཐོང་དུ་རེ་བ་དེ་ཡང་རྩོམ་པ་བོ་དགེ་འདུན་ཆོས་འཕེལ་ཡིན་སྲིད་ན་རྩོམ་པ་བོའི་སེམས་ཀྱི་བཟོད་མི་ཐུབ་པའི་མྱ་ངན་དང་འགྱོད་པ། དྲན་གདུང་སོགས་ཀྱིས་ཀློག་པ་བོའི་ཞེ་རྩ་འཁྱག་ལ་སྦྱོར་ཞིང་། གཏམ་དེ་བདེན་ན་ཞེས་པའི་ཚིག་ཤུགས་ན་གཏམ་དེ་མི་བདེན་ན་ཅི་རུང་སྙམ་པའི་རེ་སྨོན་བསྐུངས་ཡོད་པས་སེམས་པ་ཡངས་པོར་འགྱུ་བཞིན་མྱངས་ན་སྙན་ངག་གི་མནར་གཅོད་འདི་ཀློག་པ་བོས་ཀྱང་བཟོད་དཀའོ། །
མ་བརྟག་སེམས་ཀྱི་འཆར་ཚུལ་ཞིག་ལ། །

ད་དུང་དྲུང་ན་ཡོད་ཡོད་འདྲ་བ། །
དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ། །

སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག །

  དོན་འགྲེལ། ཆུང་གྲོགས་དེ་ཉིད་སེམས་ལ་འདྲིས་ཆེས་པས་མ་བརྟག་རང་བབས་སུ་གནས་པའི་སེམས་ཀྱི་འཆར་ཚུལ་ཞིག་ལ་ད་དུང་ཡང་སྔོན་འགྲོགས་པའི་སྐབས་བཞིན་གམ་ན་ཡོད་ཡོད་འདྲ་ནའང་། དྲན་པའི་གཞུ་མོ་ནང་ལ་བཀུག་ནས་འདང་ཞིག་བརྒྱབ་ཚེ་གཏན་དུ་བྲལ་བའི་སྡུག་བསྔལ་གྱིས་སྙིང་ཁོང་སྟོང་ལྷང་ལྷང་བྱེད་པའི་རྒྱུ་ལས་ཅི་ཡང་ལྷག་མི་འདུག་ཅེས་པའོ། །

   སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་ཀ་འདིར་ཡང་ཆུང་གྲོགས་དེ་ཉིད་ཞེ་ལ་འདྲིས་ཆེ་བས་དྲན་པ་རང་བབ་དུ་གནས་ཚེ་སྔོན་གྱི་དུས་བཞིན་གམ་དུ་ཡོད་ཡོད་འདྲ་བའི་སྣང་བ་རང་བྱུང་དུ་འཆར་ཅེས་པས་ཆུང་གྲོགས་དེ་དྲན་ནས་བཟོད་ཐབས་མི་འདུག་ཅེས་མ་བརྗོད་ཀྱང་། རྩོམ་པ་བོས་རང་གི་ཆུང་གྲོགས་དྲན་པའི་ཟབ་ཚད་མཐོང་ཐུབ་སྟེ། དྲན་དྲགས་ནས་དྲུང་ན་ཡོད་པ་ཐམས་ཅད་རང་གི་ཆུང་གྲོགས་ཡིན་པའི་འཁྲུལ་སྣང་བྱུང་། འཁྲུལ་སྣང་དེ་ལས་སད་ཚེ་གྲོགས་དང་གཏན་བྲལ་བྱུང་བའི་སྟོང་ལྷང་ལྷང་གི་སེམས་པ་ཞིག་ལས་ཅི་ཡང་མེད་པ་ཀློག་པ་བོས་ཀྱང་མྱོང་ཐུབ།  འདི་ནི་རྩོམ་པ་བོ་ཁོང་གི་སྙན་ངག་སྒྱུ་རྩལ་གྱིས་བྱིན་པའི་བཟོད་མི་ཐུབ་པའི་མནར་གཅོད་ཅིག་ཅི་ལ་མིན། 
བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམས་ཏེ། །

མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ། །
དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ། །

ཕྱི་མའི་ཡུལ་དུ་གྲོགས་ལ་བསྲིངས་སོ། །

  དོན་འགྲེལ། ཕན་ཚུན་ལ་སེམས་བརྩེ་ཞིང་འགྲོགས་འགྲོགས་པའི་ཕྱི་ཐག་ལ་བསམ་ཞིང་བསམ་ཏེ།སངས་རྒྱས་དང་། ཆོས་དང་། དགེ་འདུན་དེ་མཆོག་གསུམ་བསླུ་བ་མེད་པའི་ཞིང་དམ་པ་དེར། ལས་དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ་ཐམས་ཅད། ཚེ་ཕྱི་མའི་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས་པའི་ཆུང་གྲོགས་ཡིད་ཀྱི་ཚེར་མ་འདྲ་བ་ཁྱོད་ལ་ཕན་ཞིང་བདེ་བའི་ཕྱིར་དུ་བསྲིངས་པའམ་བསྔོ་བར་བྱེད་དོ་ཞེས་པའོ། །

   སྒྱུ་རྩལ་གྱི་ཁྱད་ཆོས། ཤོ་ལོ་འདིར་རྩོམ་པ་བོའི་ཁྲེལ་ཡོད་ཕྱི་ཐག་རིང་བའི་སེམས་པ་དེ་མཐོང་ཐུབ་ལ། ཁོང་གི་སྐྱེ་སྔ་ཕྱི་ཡོད་ཅིང་། སྐྱབས་ཀྱི་རེ་ས་གཅིག་པུ་ནི་བསླུ་མེད་དཀོན་མཆོག་གསུམ་པོ་ཡིན་ཤག་གི་ནང་བསྟན་མཚན་ཉིད་རིག་པའི་ལྟ་བ་དེ་ཡང་རྟོགས་ཐུབ། དེ་ཡང་ཉམ་ཆུང་བའི་རྩོམ་པ་བོ་ཁོང་ལ་གྲོགས་ལ་ཕན་འདོད་ཀྱི་སེམས་པ་མེ་འབར་བ་འདྲ་ཞིག་ཡོད་ནའང་། ནུས་པ་རྡུལ་ཙམ་ཡང་མེད། ཐབས་གཅིག་ཡོད་པ་ནི་རང་གིས་ད་བར་དུ་བསྒྲུབས་པའི་དགེ་བའི་དངོས་པོ་ཅུང་ཟད་ཅིག་ཡོད་པ་ཐམས་ཅད་གྲོགས་ལ་ཕན་ཕྱིར་དཀོན་མཆོག་གི་ཞིང་ལ་བསྔོ་སྨོན་རྣམ་དག་ཅིག་བྱེད་པ་དེ་ཁོ་ན་ཡིན། ཐབས་དང་ནུས་པ་ཡང་འདི་ཙམ་ལས་ཅི་ཞིག་ཡོད། ཅི་ཡང་མེད་དོ། །

བརྗོད་བྱའི་བསམ་བློའམ་བརྗོད་སྙིང་། 

དེ་ལྟར་སྙན་རྩོམ་འདིའི་བརྗོད་བྱ་རང་གི་བློ་མིག་ཏུ་འཆར་ཚུལ་ཙམ་ཞིག་གཙོ་བོར་བརྗོད་ནས།ད་ནི་བརྗོད་བྱའི་བསམ་བློའམ་བརྗོད་སྙིང་ལ་ཅུང་ཟད་རྟོག་པར་བྱས་ན།  འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་སྙིང་བོ་ཡོད་པ་དང་། ཡིད་རྟོན་ཆོག་པའི་ཆོས་རྡུལ་ཕྲན་ཙམ་ཡང་མེད་མོད། འོན་ཀྱང་། ཡུན་ཐུང་མི་ཚེའི་འཚོ་བའི་ཁྲོད་དུ་གྲོགས་ཀྱི་མཆོག་ནི་མི་བསླུ་བའོ་ཞེས་དང་ཡིད་རྟོན་ཐུབ་པ་གྲོགས་ཀྱི་མཆོག་ཅེས་གསུངས་པ་བཞིན་ལས་ཀྱིས་འབྲེལ་བའི་སྙིང་གྲོགས་ལ་བསླུ་བ་མེད་ཅིང་མཛའ་བརྩེའི་སེམས་ཀྱིས་འགྲོགས་དགོས་པ་དང་། ཚེ་ལ་རིང་ཐུང་ཤོར་ནས་སྙིང་གྲོགས་ཚེ་ལས་འདས་ན་སྐྱབས་ཀྱི་དྭངས་མ་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུ་བ་དང་།རང་གིས་བསྒྲུབས་པའི་དགེ་རྩ་ཅི་ཡོད་ཤི་བོའི་རྗེས་སུ་བསྔོ་སྨོན་བྱེད་པའི་ལྟ་བའང་བརྗོད་ཡོད་ལ། དེ་ནི་སྙིང་བོ་མེད་པའི་ཆོས་ལ་ཤེས་རབ་ཀྱིས་སྙིང་བོ་ལེན་ཚུལ་ཞིག་ཀྱང་ཡིན་ནོ་སྙམ། འདིར་རྩོམ་པ་བོ་ཁོང་གི་ནང་བསྟན་སྙིང་བོར་བྱས་པའི་མཚན་ཉིད་རིག་པའི་ལྟ་བ་དང་། སྐྱབས་ཀྱི་མཐར་ཐུག་གང་ལ་བྱེད་པའི་ཆོས་ཀྱི་བསམ་བློའང་མཐོང་ཐུབ་བོ། །

བརྗོད་སྙིང་གི་རིང་ཐང་ལ་དཔྱད་པ།

  ཤར་ཙོང་ཁ་བ་ཆེན་པོའི་ཞལ་ནས་དོན་བཟང་བོ་ཚིག་འབྲུ་བཟང་བོ་ཞེས་རྩོམ་གྱི་ཚིག་དོན་གཉིས་ཆ་བཟང་བ་ལ་བསྔགས་བརྗོད་གནང་བས། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་བཟང་བ་གལ་ཆེ་ལ། སྙན་རྩོམ་འདིའི་ཚིག་དོན་གཉིས་ཀ་སྤྱིར་ལེགས་མོད་ཀྱི། འོན་ཀྱང་། བརྗོད་བྱ་དང་བརྗོད་སྙིང་གང་ནས་བལྟས་ཀྱང་སྔར་མེད་པའི་ལེགས་བཤད་ཅིག་མིན་པས། སྙན་རྩོམ་འདིའི་རིན་ཐང་གཙོ་བོ་ནི་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ལམ་སྙན་ངག་གི་སྒྱུ་རྩལ་དེ། སྒྲ་དོན་སོགས་སྒྱུ་རྩལ་གྱི་རོ་ཉམས་འདོན་པའི་ཐབས་རྩལ་དེ་ལས་མངོན་ཡོད་པར་འདོད་ཅིང་། སྙན་ངག་སྒྱུ་རྩོམ་གྱི་འོས་འགན་གཙོ་བོ་ཡང་གནས་ལུགས་གང་ཞིག་གཙོ་བར་སྟོན་པ་མ་ཡིན་གྱི། སྐྱེ་བོ་ཕལ་བས་སྨྲ་བསམ་བརྗོད་མེད་དུ་གྱུར་པའི་ནང་སེམས་ཀྱི་འགྱུར་བ་ཕྲ་མོ་དག་སྙན་ངག་པའི་ཤེས་རབ་ཀྱིས་རླབས་ཆེ་བའི་ངག་རིག་གི་སྒྱུ་མའི་འཕྲུལ་ལ་བསྐྱིལ་ནས་ཀློག་པ་བོར་ཞབས་ཞུ་བྱེད་པ་དེ་ཡིན་ནོ། །

སྤྱི་ལོ2016ལོའི12ཚེས6ཉིན་ཆོས་སྐྱོང་རྒྱལ་ལམ་དབྱངས་ཅན་བཞད་པའི་འཛུམ་ཟེར་གྱིས་བྲིས། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 97yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5935468
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号