མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གསར་བའི་སློབ་མགོ་རྩོམ་པའི་ཉིན་དགེ་སློབ་ཡོངས་ལ་གནང་བའི་གསུང་བཤད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འཆད་ཁྲིད། »མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གསར་བའི་སློབ་མགོ་རྩོམ་པའི
མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གསར་བའི་སློབ་མགོ་རྩོམ་པའི་ཉིན་དགེ་སློབ་ཡོངས་ལ་གནང་བའི་གསུང་བཤད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-12-10ལྟ་ཀློག (5032)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅༎མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གསར་བའི་སློབ་མགོ་རྩོམ་པའི་ཉིན་དགེ་སློབ་ཡོངས་ལ་གནང་བའི་གསུང་བཤད།

གསུང་པ་པོ། ཨོའུ་རྒྱ་ཚང་།

བརྗོད་དོན།ནང་བསྟན་སློབ་གླིང་ལ་ཐུགས་ཐོག་ནས་ཤར་མར་གནང་བའི་གསུངས་བཤད།

ས་གནས།མཚོ་སྔོན་ནང་བསྟན་སློབ་གླིང་གི་ཚོགས་རྭ་ཆེན་མོ།

དུས་ཡུན།དུས་ཚོད་གཅིག་དང་སྐར་མ་བཅོ་ལྔའི་རིང་གསུངས་པ།

སྒྲ་ཕབ་ཡི་གེར་འགོད་མཁན།དགེ་བསྙེན་བློ་གྲོས་རྒྱལ་མཚན། 

   མགོ་ཁྲིད་རྣམ་པ་དང་དགེ་རྒན་རྣམ་པ། སློབ་གྲོགས་རྣམ་པ།ཕྱི་དྲོའི་ཆ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྤྱིར་ཡིན་ན་སློབ་གླིང་གི་གདན་ཞུས་ལྟར། ཨ་ལག་ཤར་ཚང་ཕེབས་ཏེ། དེ་རིང་དགེ་སློབ་ཡོངས་ལ་གསུང་བཤང་ཞིག་གནང་རྒྱུ་བྱས་ཡོད། འོན་ཀྱང་། ཁོང་ཚང་བྱ་བ་གཞན་ཞིག་གི་དབང་གིས་ཕེབས་མ་ཐུབ་པ་རེད། དེ་བས་དེ་རིང་ཕྱི་དྲོ་ངས་ཁ་བརྡ་ཞིག་བྱེད་དགོས་ཞེས། ད་ནངས་སློབ་གླིང་གིས་ང་ལ་བཀོད་སྒྲིག་བྱས་སོང་བ་རེད། དེས་དབང་གིས་ད་རེབ་གྲ་སྒྲིག་རེ་བྱེད་རྒྱུའི་གོ་སྐབས་ཡང་མ་བྱུང་ཐ། བཤད་པ་ནོར་འཕྱུག་རེ་ཤོར་སོང་ན། དགེ་སློབ་ཡོངས་ལ་བཟོད་གསོལ་ཞུ།

གང་ལྟར་ཡང་དེ་རིང་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་སློབ་ཁུལ་གསར་བ་དབུ་བརྙེས་པའི་ཉི་མ། སློབ་མགོ་ཚུགས་པའི་ཉི་མ། ང་ཚོ་དགེ་སློབ་ཕན་ཚུན་ངོ་འཕྲད་པའི་ཉི་མ། དགྱེས་འཛོམས་བྱུང་བའི་ཉི་མ། ཧ་ཅང་དགའ་འོས་པའི་ཉི་མ་ཞིག་རེད། ངས་གོ་སྐབས་འདི་བརྒྱུད་ནས་ང་ཚོ་འདིར་འཛོམ་པའི་དགོས་དབང་གི་སྟེང་ནས་སྐད་ཆ་འགའ་བཤད་འདོད་ཡོད།

ཞོལ་ནས་ངས་བཤད་འདོད་པའི་ནང་དོན་དེ་རིམ་པ་བཞིའི་སྒོ་ནས་བཤད་བསམ། གཅིག་ཡིན་ན། ང་ཚོ་རབ་བྱུང་ངུར་སྨིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་སྟེ། བསླབ་པ་སློབ་གཉེར་གྱི་སྡེ་འདི་གཉིས་ཀྱིས་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ(གྱི)་འཆད་ཉན་ཅིའི་ཕྱིར་བྱེད་དགོས་པའི་ཕྱོགས་མདོར་ཙམ་བཤད། གཉིས་ཡིན་ན། བླ་སློབ་བམ་དགེ་སློབ་བར་གྱི་བརྩི་བཀུར་སོགས་ཇི་ལྟར་བྱེད་ཚུལ་མདོ་ཙམ་བཤད། གསུམ་ཡིན་ན། མཚོ་སྔོན་ཞིང་ཆེན་འདི་ན་ཡང་གྲུབ་མཐའ་ཆེན་པོ་བཞི་ཡིས་མཚོན་པའི་གྲུབ་མཐའ་མང་བ་དང་། ཡང་ན། ས་གནས་མི་གཅིག་པའི་མི་རིགས། དཔེར་ན། ཧོར་དང་ནང་སོག་ལྟ་བུ་གང་ཡིན་ཡང་གྲུབ་མཐའ་རིས་མེད་ངང་མཐུན་སྒྲིལ་བྱེད་དགོས་པའི་སྐོར་ཀྱི་ཁ་བརྡ། བཞི་ཡིན་ན། རབ་བྱུང་ངུར་སྨིག་གི་སྡེ་ཡིན་ན་ཡང་འདྲ། གསང་སྔགས་ཉམས་ལེན་བྱེད་པའི་སྡེ་ཡིན་ནའང་འདྲ། གང་ཡིན་ཀྱང་གསང་བ་སྔགས་ཀྱི་དམ་ཚིག་དང་ཚུལ་ཁྲིམས་སྡོམ་སྲུང་གི་སྐོར་འདི་ནས་ཁ་བརྡ་ཙམ་བཤད་རྒྱུ་བཅས་ཡིན། བོད་གངས་ཅན་གྱི་ལྗོངས་འདི་ལ་སངས་རྒྱས་ཀྱི་བསྟན་པ་དར་ནས་ད་བར་དུ་ལོ་དུ་འགོར་ཡོད་ཟེར་ན། ལོ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཡོད། སྤྱིར་འཛམ་གླིང་གི་ནང་བ་སངས་རྒྱས་པའི་ནང་བསྟན་གྱི་ལོ་རྒྱུས་ལ་བརྩི་ཚུལ་མི་འདྲ་བ་སྣ་ཁ་གསུམ་ཡོད་ལ། དེ་ཐམས་ཅད་ཀྱིས་མཁྱེན་གསལ་ལྟར་དེ་ལས་འཛམ་གླིང་གཅིག་གྱུར་གྱི་བརྩི་ཚུལ་ཡིན་ན། སངས་རྒྱས་མྱ་ངན་ལས་འདས་ནས་ད་ལོའི་བར་དུ་ལོ་སྟོང་གཉིས་དང་ལྔ་བརྒྱ་དྲུག་ཅུ་ཐམ་པ་འགོར་ཡོད། བརྩི་ཚུལ་འདི་ཕལ་ཆེར་འཛམ་གླིང་ཡོངས་ཀྱིས་ཁས་ལེན་གི་ཡོད་པ་རེད། དེ་ལས་གཞན་ནུབ་ཕྱོགས་ཚན་རིག་པས་ལོ་རྒྱུས་དང་གནའ་རྫས་བརྟག་དཔྱད་ལ་བརྟེན་ནས་ལོ་ཚིགས་ཞིག་གཏན་འབེབས་བྱས་ཡོད་པ་ལྟར་ན། ལོ་སྟོང་གཉིས་དང་བཞི་བརྒྱ་ལྷག་འགོར་ཡོད་པ་རེད། བར་ལ་ལོ་བརྒྱ་ལྷག་གི་ཁྱད་པར་ཡོད་པ་འདི་རེད། ད་དུང་བོད་གངས་ཅན་གྱི་ལྗོངས་འདི་ལ་མཚོན་ནས་བཤད་ན། སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ད་ལྟའི་བར་དུ་ལོ་ག་ཚོད་ལོན་ཡོད་པའི་ཁུངས་གཏུགས་ས་གཙོ་བོ་ནི། དུས་འཁོར་ཊིཀ་ཆེན་ལྟར་ཕུགས་པ་ལྷུན་གྲུབ་རྒྱ་མཚོའི་ལུགས་ཡིན་ལ། དེ་ལ་ལོ་སྟོང་གཉིས་དང་བདུན་བརྒྱ་ལྷག་འགོར་ཡོད། དེ་རིང་ནངས་ཀ་ཚན་རིག་པས་འགྲོ་བ་མིའི་རིགས་ཀྱིས་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲིལ་ཧ་ཅང་སྟབས་བདེ་བཟོས་པ་དང་། དེ་མིན་གཞན་བརྙན་འཕྲིན་དང་རླུང་འཕྲིན། སྐད་འཕྲིན། ཁ་པར་སོགས་ཀྱི་དབང་གིས་ཆ་རྐྱེན་ཡོད་ཚད་ཇེ་བདེ་ལ་སོང་ནས། འཛམ་གླིིང་ཡོངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་གྱི་ལོ་རྒྱུས་དང། ཡང་ན་ཆོས་ལུགས་ཀྱི་འབྱུང་ཁུངས་ནས་ཇི་ལྟར་དར་ཚུལ་སོགས་གནས་ཚུལ་ཐམས་ཅད་ཤེས་ཐུབ་པས། ད་ལྟའི་ནུབ་ཕྱོགས་ཚན་རིག་པ་རྣམས་ཀྱིས་བཤད་བཞིན་པ་དེ་དག་ལ་ཡང་གནས་ལུགས་མེད་ཞིག་གཏན་ནས་མ་རེད། མང་ཆེ་ཤས་ང་ཚོའི་ལུང་དང་མི་མཐུན་ཡང་ང་ཚོས་ངེས་ཅན་དུ་ཁས་ལེན་དགོས་ས་ལ་ཐུག་ཡོད། གང་ལྟར་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་འདིར་དར་ནས་དེ་ལྟ་བུ་ལོ་མང་པོ་ཞིག་ཞིག་འགོར་ཡོད་པའི་ནང་ནས་ང་ཚོའི་ཁ་བ་རི་བོའི་ལྗོངས་འདི་ན། བོད་བརྒྱུད་ནང་བསྟན་དར་ནས་ད་བར།དགོས་སུ་གྲུབ་མཐའ་ཆེན་པོ་བཞི་དང་། ཇོ་ནང་བ་དང་ཞི་བྱེད་པ་དང་དྲུག་བཅས་གངས་ཅན་བོད་ཀྱི་ལྗོངས་འདི་ལ་སངས་རྒྱས་ཀྱི་བསྟན་པ་སྟེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ། ལམ་བསླབ་གསུམ་ཉམས་ལེན་གྱི་སྐོར་ཡོད་པ། ལུང་སྡེ་སྣོད་གསུམ་(ལ)ཀློག་པ་ཐོས་བསམ་གྱི་སྐོར་ཡོད་པ། དེ་གཉིས་སྒྲུབ་པ་བསམ་གཏན་གྱི་སྐོར་ཡང་ཡོད་པ། ཁྱད་པར་གསང་བ་སྔགས་ཀྱི་སྐོར་རྒྱུད་སྡེ་བཞི་བཅས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་དར་བ་རེད།འདི་བསྟན་པ་ཇི་ལྟར་དར་བའི་ལོ་ཚིགས་ཉུང་བསྡུས་ཁ་ཕྱོགས་ཙམ་ཡིན།།

དེའི་སྟེང་ནས་བལྟས་ན། བོད་བརྒྱུད་ནང་བསྟན་འདི་ནང་བསྟན་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་རེད། དེ་ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ནི། འཛམ་གླིང་སྟེང་ནས་བཤད་ན་ནང་བསྟན་ལ་ལྷོ་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན། ཞེས་ནང་བསྟན་ཆེན་པོ་གསུམ་ཡོད་པ་རེད། འདི་རྣམས་ཀྱི་གཞུང་ལུགས་དང་ཉམས་ལེན་གྱི་སྐོར་ནས་བལྟས་ཡོང་ན། ལྷོ་བརྒྱུད་གཞུང་ལུགས་དེ་ཐེག་དམན་གྱི་གྲུབ་མཐའ་གཙོ་བོ་ཡིན་ལ། དེ་མ་གཏོགས་ཐེག་ཆེན་གྱི་སྐོར་དང་ལྷག་པར་དུ་གསང་བ་སྔགས་ཀྱི་སྐོར་འདི་མེད་པ་རེད། རྒྱ་བརྒྱུད་ནང་བསྟན་ལ་མཚོན་ན། ད་བར་ཏུ་ལོ་སྟོང་ཕྲག་གཉིས་ལྷག་འགོར་ཡོད་པ་རེད། ནང་བསྟན་ང་ཚོ་བོད་ལ་མ་དར་བའི་སྔོན་ལ་རྒྱ་ཡུལ་དུ་དར་བ་རེད། དེ་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང་། དེང་སྐབས་བལྟས་ན། རྒྱ་བརྒྱུད་ནང་བསྟན་ལ་ཐེག་དམན་གྱི་གྲུབ་མཐའ་དང་ཐེག་ཆེན་གྱི་གྲུབ་མཐའ་ཡོད། གསང་བ་སྔགས་ཀྱི་སྐོར་འདི་མེད་ཟེར་མོད་། འོན་ཀྱང་ཡོད་པ་རེད། གང་ཡོད་ནི་རེད་ཟེར་ན་བྱ་རྒྱུད་ཀྱི་སྐོར་ཡོད་པ་རེད། དེ་ཙམ་ཞིག་མ་གཏོགས་གསང་སྔགས་ཀྱི་སྤྱོད་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སོགས་གསང་སྔགས་ཀྱི་བཤད་སྒྲུབ་ཉམས་ལེན་གྱི་སྐོར་ཡོད་པ་མ་རེད། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གཅིག་ཏུ་བསྡུས་ཏེ། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། གསང་སྔགས་རྒྱུད་སྡེ་བཞིའི་བཤད་སྒྲུབ། མདོར་བསྡུས་ན། ཐེག་དམན་དང་ཐེག་ཆེན་དང་གསང་བ་སྔགས་ཀྱི་སྐོར་བཅས་ཐེག་པ་གསུམ་གྱི་སྙིང་བོའི་གནད་ཐམས་ཅད་ཉམས་ལེན་གྱི་ཐོག་ན་ཡོད་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་བླ་ན་མེད་པ་མི་བསླུ་བ་ཞིག་རེད་བསམ་ཡོད། བོད་ལ་མཚོན་ན། བོད་མི་རིགས་འདི་དང་རང་གི་སྐད་ཡིགབོད་བརྒྱུད་ནང་བསྟན་གསུམ་ནི་ལུས་ཕུང་དང་ཟུངས་ཁྲགརྣམ་ཤེས་གསུམ་པོ་བཞིན་ཁ་འབྲལ་མི་ཐུབ་པར་གྱུར་ཡོད་པས་གཅིག་མེད་སོང་ན་གཉིས་མེད་པར་འགྱུར་བའི་གནད་འགག་འདི་ང་ཚོས་ཤེས་དགོས།འདི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་ཁྱད་ཆོས་ཉུང་ཙམ་བཤད་པ་ཡིན།

  འདི་ལྟ་བུ་ང་ཚོའི་ནང་བསྟན་རིག་གཞུང་ལོ་རྒྱུས་ལྡན་པ་དེ་བརྒྱུད་འཛིན་དང་འཕེལ་རྒྱུས། ཡང་ན། གཅིག་གྱུར་ཡོང་ཆེད་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་འོགཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་བཟུང་སྟེ་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དངོས་སུ་མཛུབ་སྟོན་དང་མགོ་ཁྲིད་གྱི་འོག་ནས་ནང་བསྟན་སློབ་གླིང་བཙུགས་ཤིང་དེ་རིང་ང་ཚོ་དགེ་སློབ་ཐམས་ཅད་འདི་རུ་འཛོམས། མགོ་ཁྲིད་གང་མང་མང་ཞིག་གི་ཐུགས་ཁུར་རྒྱབ་སྐྱོར་དང་། ནང་བསྟན་སློབ་གླིང་གི་ལས་བྱེད་མི་སྣ་དག་གིས་དུས་ཡུན་རིང་བོའི་ནང་སྒྲུབ་པའི་དཀའ་སྡུག་གི་འབྲས་བུ། འདིའི་སྟེང་ལ་དཀའ་ཚེགས་དང་སྡུག་རུས་མྱོང་བའི་ལས་བཟོ་བ་སོགས་ཀྱི་བཀའ་དྲིན་གྱི་དབང་གིས། དེ་རིང་གི་སློབ་གླིང་འདི་ལྟ་བུ་ཕུན་སུམ་ཚོགས་པ། སློབ་ཁྲིད་ཀྱི་སྒྲིག་གཞི་དང་གྲུབ་མཐའ་རིས་མེད་ཀྱི་དགེ་རྒན།(དུས་ཚོད)བཀོད་སྒྲིག སློབ་མའི་འདུག་ས་དང་ཟ་འཐུང་གི་སྐོར་ལ་སོགས་པ་ཁ་ཚང་ཞིག་བཀོད་སྒྲིག་བྱས་ཡོད་པ་འདི་རེད། འདི་ནི་ང་ཚོ་དགེ་སློབ་སུ་ལ་མཚོནའང་བཀའ་དྲིན་ཞུ་དགོས་པ་ཞིག་རེད། ལྷག་པར་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་བཀའ་དྲིན་ཞུ་དགོས་པ་ཞིག་ཡིན། དེ་ལྟ་བུའི་ཆ་རྐྱེན་ཕུན་སུམ་ཚོགས་པ་མ་ཟད། ད་དུང་ཁོར་ཡུག་ལ་མཚོན་ན་ཡང་ཕུན་སུམ་ཚོགས་པ་སྟེ། རི་ལུང་རྫ་ལུང་སོགས་མཚོ་དབུས་མཐོ་སྒང་གི་ཡུལ་ལྗོངས་(ང་ཚོའི་ཕ་ཡུལ་)ཡིན་ལ། དེ་ལས་ཀྱང་མཚོ་སྔོན་ཞིང་ཆེན་ལ་མཚོན་ནས་བཤད་ན་ཁྲི་ཀའི་ས་ཆ་འདི་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན། དེ་ཅིའི་ཕྱིར་ཞེ་ན། འདི་ལ་ཕུན་སུམ་ཚོགས་པ་གསུམ་ལྡན་དེ། གཅིག་ཡིན་ན་གནམ་གཤིས་དྲོད་གྲང་ཕུན་སུམ་ཚོགས་པ། གཉིས་ཡིན་ན་ཁོར་ཡུག་ནགས་ཚལ་དང་ཆུ་བོ་ལ་སོགས་པ་ཡུལ་ཕུན་སུམ་ཚོགས་པ།གསུམ་ཡིན་ན་དེ་ལས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི།བསྟན་པ་སྔ་དར་སྐབས་ནས་བཟུང་དེ་མདོ་སྨད་ཀྱི་ཡུལ་གྲུ་འདི་ལ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་ས། བོད་ཀྱི་ཆོས་སྲིད་རིག་གསུམ་གྱི་ལྟེ་བ་ཆགས་ས། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་གི་སྟེང་ན་ཁྲི་ཀ་ཞེས་མིང་ཡོད་པའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད། དེའི་རྐྱེན་གྱིས་གནས་འདི་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་ནས་ནང་བསྟན་སློབ་གྲྭ་བཙུགས་པ་ལ། ང་རང་ཉིད་ཀྱང་ཁ་མིན་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེ་གི་ཡོད་ལ། དེ་ལྟར་དགའ་སྤྲོ་སྐྱེ་གི་ཡོད་པ་ང་ཚོ་ཚང་མ་འདྲ་འདྲ་ཡིན་རྒྱུ་རེད་བསམ་གི་ཡོད།

གཞན་ཡང་། ཁྲི་ཀའི་ཡུལ་གྱི་རྟེན་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་་སློབ་གྲྭའི་འགྲམ་ན་ཡོད་པ་འདི་ཇོ་ཁང་རེད། ཇོ་བོ་རིན་པོ་ཆེའི་སྐུ་འདི་ལ་མཚོན་ན། ས་སྐྱ་པཎྜི་ཏ་རྒྱ་ཡུལ་ནས་ཕྱིར་བོད་ལ་ཕེབས་དུ་གོང་མ་ནས་ཁོང་ཚང་ལ་རྫོང་བ་མུ་ཏིག་དྲེད་ཁལ་གཅིག་གནང་བ་དེ་ལས་བཞེངས་པའི་མུ་ཏིག་གི་ཇོ་བོ། རང་ཅག་བོད་ཀྱི་ལོ་རྒྱུས་སྟེང་མིང་གྲགས་ཆེ་བའི་ཇོ་བོ་བཞི་ཡོད་པའི་ནང་གི་གཅིག་རེད། དེ་ཡིན་ན་ད་ལོའི་བར་ཕར་ཆེར་ལོ་བདུན་བརྒྱ་ནས་བརྒྱད་བརྒྱ་འགོར་ཡོད་པ་འདྲ། དེ་ལྟ་བུའི་རྟེན་བྱིན་ཅན་དང་གནས་ཁམས་ཆེན། རྨ་ཆུ་ལུ་མའི་འགྲམ་རྒྱུད་ན་ང་ཚོའི་ནང་བསྟན་སློབ་གླིང་འདི་ཆགས་ཡོད་པ་རེད། འདི་ལ་ངས་སྔོན་ཆད་ཡང་བསམ་བློ་གཏོང་མྱོང་། སྤྱིར་ཡིན་ན་སྔོན་ལ་ནང་བསྟན་སློབ་གླིང་འདི་(མཚོ་ཤར་ས་ཆའི་ཆུ་བཟང་དགོན་པའི་ཉེ་འཁོར་ཞིག་སྟེ་)གནས་གཞན་ཞིག་ནས་འཛུགས་རྒྱུའི་འཆར་གཞི་འཐེན་པ་རེད། འོན་ཀྱང་མཐའ་མཇུག་འཁོར་ནས་གནས་འདིར་སླེབས་(བཞེངས་)པ་ནི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་རེད་བསམ་ཡོད། འདི་ཅིའི་ཕྱིར་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་རེད་ཟེར་ན། སྔོན་ཆད་ཡིན་ན་(ཁྲི་ཀའི་ཡུལ)འདི་བོད་ཀྱི་ཆོས་སྲིད་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་མདོ་སྨད་ཀྱི་ཡུལ་གྲུ་འདི་ལ་མཚོན་ན་དར་སྔ་ས་དང་གཞི་ཚུགས་སའི་ས་ཆ་ཞིག་རེད་མོད། འོན་ཀྱང་དེ་རིང་ནང་ཀའི་དུས་སྐབས་དང་བསྡུར་ནས་ཡོང་ན། ལྷག་པར་ཏུ་ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན་མཚོ་སྔོན་ཞིང་ཆེན་(དུ)མ་ཟད། མཚོ་ལྷོ་ཁུལ་ལ་མཚོན་ན་ཡང་རྫོང་ཁག་ལྔའི་ནང་གི་(བོད་ཀྱི་སྐད་ཡིག་དང་ནང་བསྟན་འཕེལ་རྒྱས)ཆེས་ཞན་པའི་གནས་རེད། འདི་འདྲའི་གནས་(སུ)ནས་ནང་བསྟན་སློབ་གྲྭ་ཞིག་འཛུགས་པ་འདི་ནི། བསྟན་པ་སླར་ཡང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་འཛིན་སྐྱོངས་སྤེལ་གསུམ་བྱེད་དགོས་པའི་རྟེན་འབྲེལ་གྱི་ཐོག་མ་ཤར་བ་རེད་བསམ་ན་ང་རང་ཡང་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་ཡོད། རྒྱུ་མཚན་དེ་འདྲ་ཞིག་རེད།

ད་ང་ཚོ་ལ་མཚོན་ན་ཡང་། སྐྱེ་བ་སྔོན་མའི་ལས་དབང་ཡིན་ན་ཡང་འདྲ། སྐྱེས་(པའི་)ནས་ཉིན་མོའི་སྐྱོན་ཆ་ཡིན་ནའང་འདྲ། གང་ལྟར་ཡང་འདི་ལྟར་འཛོམས་རྒྱུ་བྱུང་བ་དེ་ནི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་རེད། དེ་ལྟར་དུས་ཕུན་སུམ་ཚོགས་པ། ཁོར་ཡུག་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་ལ་འཛོམས་པ་ནི་རང་ཉིད་ལ་སྨྲ་མི་ཤེས་པའི་དགའ་བ་དང་སྤྲོ་བ་ཚད་མེད་པ་ཞིག་སྐྱེ་བཞིན་ཡོད།

ཡ་་།ད་ང་ཚོ་འདི་ལྟ་བུའི་ཕུན་སུམ་ཚོགས་པའི་གནས་ཤིག་ལ་འཛོམས་སོང་ན་ཅི་ཞིག་བྱེད་དགོས་ཞེ་ན། སྐྱིད་ལ་རོལ་པར་ཡོང་བ་མ་ཡིན་པར་སློབ་སྦྱོང་བྱེད་གི་ཡོང་བ་རེད། ཆ་རྐྱེན་འཛོམས་ན་སློབ་སྦྱོང་བྱེད་དགོས་(པར་མ་ཟད)ཤིང་ཆ་རྐྱེན་མ་འཛོམས་ན་ཡང་སློབ་སྦྱོང་བྱེད་དགོས་པ་རེད། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལ་ལྟོས་དང་ཇི་འདྲའི་དཀའ་སྡུག་མྱོང་ཟིག། ང་རང་ལ་མཚོན་ན་ཡང་སྔོན་བྱོན་སྐྱེས་བུའི་རྣམ་ཐར་ལ་བལྟ་རྒྱུར་ཧ་ཅང་དགའ། སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་འདི་རྗེས་འཇུག་རྣམས་ཀྱི་ཉམས་ལེན་ཡིན་པ་རེད། སྔོན་གྱི་སྐྱེས་བུ་དམ་པའི་རྣམ་ཐར་ལ་བལྟས་ན།(དམ་པ་དེ་དག་གིས)དཀའ་སྡུག་ལ་མགོ་མི་སྒུར་བའི་སྙིང་སྟོབས་དང་བཟོད་བསྲན་ཧ་ལས་ཤིང་ཡ་མཚན་པ་ཤ་སྟག་ཡོད། དཔེར་ན། འཚོ་བའི་ཆ་རྐྱེན་ཅི་ཡང་མ་འཛོམས་ཀྱང་དཀྱིལ་དྲུང་གི་མདུད་པ་མ་ཞིགས་པར་སྒོམ་བརྒྱབ་ནས་ཉམས་ལེན་བྱས་ཏེ་དོན་གཉིས་ཀྱི་འབྲས་བུ་ཆེན་པོ་དེ་བླངས་པ་རེད། རྒྱབ་བྲག་ཕུག་སྐམ་པོ་ལ་གཏད་ནས་དཔེ་ཆ་བལྟས།ཉམས་ལེན་བྱས་བསྡད་པ་རེད། དཔེར་ན། བཀའ་གདམས་པའི་ཕུག་ནོར་བཅུ་ཐམས་པ་ཟེར་རྒྱུ་ཞིག་ཡོད་པ། རྡོ་རྗེ་གསུམ་དང་གཏད་པ་བཞི་དང་བུད་བསྙེགས་ཐོབ་གསུམ་ཞེས་པ་ལྟ་བུ། བུད་བསྙེགས་ཐོབ་གསུམ། ཞེས་པའི་གོ་དོན་ཅི་འདྲ་ཞིག་རེར་ཟེར་ན། མི་གྲལ་ནས་བུད།ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ། ཞེས་པ་དེ་རེད། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་དག་གི་རྣམ་ཐར་ལ་འདང་བརྒྱབ་ནས་ཡོང་ན། ང་ཚོས་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་རྒྱུ། འདི་ཁོར་ཡུག་གི་བཟང་ངན་དང་ཆ་རྐྱེན་འཛོམས་མིན་ལ་བལྟ་རྒྱུ་མེད་པ་(པར་ངེས་ཅན་དུ་བྱེད་དགོས་པ་ཞིག)རེད། དྲང་མོར་བཤད་ན། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ལྟ་བུ་ཞིག་ལ་ཁ་འཁོར་ནས་སྨོན་ལམ་བཏབ་དེ་རབ་ཏུ་བྱུང་བ་ལ། ང་རང་ཉིད་ལ་མཚོན་ན་ཡང་ས་ཆ་གང་ལ་སོང་ན་རང་གི་གཟི་བརྗིད་དང་རང་གི་བསོད་ནམས་ཡིན་འདོད་ཡོད། སྤྱི་ཚོགས་སྟེང་ནས་ཅི་ཞིག་བཤད་པ་ལ་ངས་ཁ་ཡ་བྱས་པ་མིན་ལ་དེ་ལ་ཁ་ཡ་བྱེད་དགོས་དོན་ཀྱང་མེད། ང་ཚོ་ལ་ང་ཚོ་རང་གིས་གྲྭ་བའི་མདུན་ལམ་ཞིག་(གམ)ཆོས་སྲིད་ཟུང་འབྲེལ་གྱི་ལམ་ཞིག་བཙལ་ནས། དེ་ཕུན་སུམ་ཚོགས་པ་དང་བརྒྱུད་པ་གཙང་མ་ཞིག་བྱེད་ཐུབ་རྒྱུ་བྱུང་ན། དེ་ལས་ལྷག་པ་དང་དེ་ལས་ཕུན་སུམ་ཚོགས་པ་མི་ཚེ་འདིའི་རིན་ཐང་དང་མི་ཚེ་འདིའི་སྙིང་བོ་ཞིག་ལེན་རྒྱུ་མེད་བསམ་ཡོད། དེ་བས་ང་ཚོ་འདི་ལྟར་འཛོམས་པའི་དུས་ན། གཙོ་བོ་ཡིན་ན། ང་རང་གིས་བསམ་ཚུལ་ཡིན་(ལྟར)ན། གསེར་ལྟ་བུའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ། རང་རང་གིས་རང་རང་འཇོན་ཐང་ལྡན་པ་དང་ཡོན་ཏན་ལྡན་པ་ཞིག་ཏུ་གཏོང་རྒྱུ་ནི་སེམས་གཏིང་གི་རེ་བ་ཡིན། ང་ཚོ་སུ་དང་གང་ཡིན་ཡང་དེའི་(སློབ་སྦྱོང་དང་ཉམས་ལེན)ཕྱོགས་དེར་བརྩོན་འགྲུས་བརྒྱ་ཕྲག་བསྐྱེད་རྒྱུ་ནི། དྲང་མོར་བཤད་ན་ང་ཚོའི་ལས་དོན་ཡིན་རྒྱུ་རེད་བསམ་གི་ཡོད། དེ་ཅིའི་ཕྱིར་ཟེར་ན། ང་ཚོ་བོད་གངས་ཅན་གྱི་གངས་རིའི་ལྗོངས་འདི་ན་གྲུབ་མཐའ་ཇི་འདྲ་ཞིག་ཡོད་ཀྱང་དགོན་པ་ཅི་འདྲ་ཞིག་མང་ཡང་། གྲྭ་བ། སྔགས་པ། ཇོ་མོ། དགེ་བསྙེན་སོགས་ཆོས་བསྒྲུབ་པའི་མི་སྣ་ཇི་འདྲ་ཞིག་ཡོད་ཀྱང་། མཐར་གཏུགས་ན་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་བྱེད་མཁན་ཐར་བ་དོན་གཉེར་གྱི་སྡེ་འདི་ཡིན།ཐར་བ་དོན་གཉེར་གྱི་སྡེ་འདི་ལ་རབ་བྱུང་ངུར་སྨིག་གི་སྡེ་དང་གོས་དཀར་ལྗང་ལོའི་སྡེ། ཞེས་གནའ་ནས་ད་བར(ཏེ)། སངས་རྒྱས་བསྟན་པ་བོད་ལ་དར་བ་ནས་བཟུང་ད་བར་དུ་སྡེ་འདི་གཉིས་ཀྱིས་བཟུང་ཡོང་བ་རེད། དེ་རིང་ནང་ཀ་ཡང་དེ་ལྟར་ཡིན། དེའི་དབང་གིས་ང་ཚོའི་ནང་བསྟན་སློབ་གྲྭ་འདིའི་ནང་དུ་དགེ་རྒན་ཞིག་གདན་ཞུ་བྱེད་པ་ཡིན་ན་ཡང་གྲུབ་མཐའ་ཐམས་ཅད་རིས་མེད།མཚོ་སྔོན་ལ་ཆ་བཞག་ནས་བཤད་ན། དགེ་ལུགས་པ་དང་བཀའ་བརྒྱུད་པ། ཇོ་ནང་བ་སོགས་ཡོད་པས་དགེ་རྒན་ལ་ཡང་ཆོས་རྒྱུད་རིས་མེད་ཀྱི་དགེ་རྒན་གདན་དྲངས། སློབ་མ་བསྡུས་པ་འདི་དག་ཀྱང་ཆོས་རྒྱུད་རིས་མེད། དགོན་པ་རིས་མེད། ས་གནས་རིས་མེད། མི་རིགས་རིས་མེད་བྱས་ཏེ་བསྡུས་པ་རེད། དྲང་མོར་བཤད་ན་རྒྱལ་ཁབ་ཀྱི་ཚད་ཐིག་ཡིན་ན།(རྒྱུགས་ལེན་པ་)འདི་ལ་རྩོད་པ་བྱས་ནས་རྣམ་འགྲེལ་དང་ཕར་ཕྱིན་ལ་སྦྱངས་མྱོང་བའི་སྐོར་ལེན་དགོས། ཡིན་ན་ཡང་། དེ་ལྟར་རྩོད་པའི་ལམ་ཁོ་ནས་རྒྱུགས་ཞིག་བླང་ནས་དེ་ལ་(རྒྱུགས)འཕྲོད་སྲོལ་ཞིག་མེད་ཁུ་བསམ་པ་ཡིན།(རྒྱུགས་སྤྲོད་པ་འདི་དག་གི་ནང་ན)གཞུང་བཀའ་པོད་ལྔ་ལ་བྱང་བ་ཞིག་ངོ་མས་བཤད་ན་གྲུབ་མཐའ་གང་ལ་ཡང་མེད་ཁུ། དེ་བས་(དགེ་ལུགས་པ་མ་ཡིན་པའི)གྲུབ་མཐའ་གཞན་པ་དང་། དགོན་པ་ཆུང་ཆུང་སོགས་གནས་ཚུལ་མང་པོ་ཞིག་ཡོད་པས་ད་གཟོད་རྩོད་པ་ཁོ་ནས་ལམ་ནས་བླངས་ན་མི་འགྲིག་གི་བསམ་ནས་ཡིག་རྒྱུགས་ཀྱང་ལེན་དགོས་པ་དང་། དེར་མ་ཟད་ད་དུང་འདོན་རྒྱུགས་ཀྱང་ལེན་དགོས། ཞེས་གོང་རིམ་ལ་ཞུས་པ་ཡིན། འདོན་རྒྱུགས་ལེན་དགོས་པའིི་རྒྱུ་མཚན་གང་ཡིན་ཞེ་ན། གྲུབ་མཐའ་མང་པོ་ཞིག་འདིའི་ནང་དུ་ཞུགས་ཐུབ་ན་ཅི་མ་རུང་སྙམ་པའི་བློ་སྐྱེས་པ་ཡིན། དེ་ལྟར་རྒྱུགས་བླངས་ནས་ཡོང་ན། དྲང་མོར་བཤད་ན་རྩོད་པ་ཡང་མེད་ལ། འདོན་པ་ཡང་མེད་ན། ད་ཁ་རྒྱུགས་ལ་སོགས་བླངས། དཔེར་ན། ཁྱོད་ཀྱིས་ཆོས་སྤྱོད་གང་ཞིག་འདོན་ཤེས། ལ་སོགས་དྲིས་ཤིང་ཤེས་ན་དེ་སོགས་ལ་ཡང་སྐར་མ་བརྒྱབ་ནས་(རྒྱུགས་སྤྲོད)ནང་དུ་ཞུགས་པ་ནི། སློབ་གྲོགས་རྣམ་པ་ཡིན་ན་ཡང་ཤེས་གསལ་ལྟར་ཡིན།།

ད་དེ་ལྟར་བྱས་ནས་སློབ་གྲྭའི་ར་བ་འདིའི་ནང་དུ་བུད་ཡོང་ན་འདི་དགོན་པ་མིན་པས། ནངས་ཚོགས་དགོང་ཚོགས། ཟེར་རྒྱུ་འདོན་པའི་སྐོར་མང་པོ་ཡོད་པ་མ་རེད། གཙོ་བོ་གཞུང་བཀའ་པོད་ལྔ། སྔགས་རྒྱུད་སྡེ་བཞི་ཡི་སྐོར་གྱི་སློབ་སྦྱོང་དང་ཉམས་ལེན་བྱེད་རྒྱུ་དེ་ཡིན། དེ་ལྟར་བསམ་ན་"བློ་སྦྱོང་འཛིན་གྲྭ"ཞེས་པ་ཞིག་ཀྱང་མེད་ན་མི་འགྲིག་གི་བསམ་ནས་ཡང་བསྐྱར་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་རིམ་པ་རིམ་པ་བརྒྱུད་དེ་ཚོགས་འདུ་འཚོགས། དེ་བཞིན་མར་ཡོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་(ད་གཟོད)ཆོག་མཆན་གནང་བ་རེད། དེ་ལྟར་བྱས་ནས་ང་ཚོའི་སློབ་གྲྭ་ཚོགས་མགོ་རྩོམ་རྒྱུ་དེ་ཟླ་གཅིག་གིས་ཕྱི་འགྱངས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་པ་རེད་ཟེར་ན་"བློ་སྦྱོང་འཛིན་གྲྭ"ཞིག་བཙུགས་པ་འདི་ལའང་ཐུག་པ་རེད། སྤྱིར་མི་(སློབ་མ)བརྒྱད་ཅུ་ཐམ་པ་མ་གཏོགས་ལེན་རྒྱུ་བྱས་མེད་ནའང་། ད་ལྟ་སློབ་མ་བརྒྱ་དང་ཉི་ཤུ། འབྲིང་རམས་བཀའ་བཞི་འཛིན་གྲྭ མཚན་རམས་ཕར་ཚད་འཛིན་གྲྭ མཚན་རམས་བློ་སྦྱོང་འཛིན་གྲྭ་བཅས་འཛིན་གྲྭ་གསུམ་བསྡུས་ཡོད་པ། དོན་དངོས་སུ་རྒྱུ་མཚན་དེ་འདྲ་ཞིག་རེད། འདི་ལྟར་ལས་བཟོ་བ་ཚང་མས་འབད་བརྩོན་བྱས་པ་འདི་ནི། ང་རང་གིས་བལྟས་ན། སློབ་མ་དང་གྲུབ་མཐའི་གནས་ཚུལ་ལ་བལྟས་པ་ཞིག་རེད་བསམ། ད་དེ་འདྲའི་དཀའ་ངལ་མང་པོ་མི་བཤད། ད་འདིར་བུད་ཡོང་ན་གཞུང་བཀའ་པོད་ལྔ་ཡི་སྦྱང་བྱ་འདི་རྒྱལ་ཁབ་ཀྱི་ཚད་ཐིག་ཡིན་པ་རེད། ངེས་པར་ཏུ་(སློབ་ནས)རྫོགས་དགོས།ཞེས་བཤད་ཡོད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ལ་འདང་ཞིག་བརྒྱབ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་ཡིན་ན་ཡང་རུང་། གསུང་རབ་ཡན་ལག་བཅུ་གཉིས་ཡིན་ན་ཡང་རུང་། ཡང་ན།བཀའ་སྡེ་སྣོད་གསུམ་ཡིན་ན་ཡང་རུང་། འདི་ཚུར་ལ་བསྡུས་ན་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་སུ་འདུ། གཅིག་ནི་གཏན་ལ་ཕབ་བྱེད་ཀྱི་གཞུང་ལུགས་རེད། གཅིག་ནི་གཏན་ལ་ཕབས་པ་ཉམས་ལེན་བྱེད་པའི་རིམ་པ་རེད། རེ་རེ་བཞིན་བཤད་ན་དེ་འདྲ་ཞིག་རེད།

ལུང་སྡེ་སྣོད་གསུམ། ཞེས་པ་དེ་གང་ཡིན་ཟེར་ན། དེའི་བརྗོད་བྱ་ལ་བསླབ་པ་གསུམ་ཡོད་པ་རེད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱ་གཙོ་བོར་བྱེད་པ་ཞིག་ཡིན་ན། དེ་ནི་མདོ་སྡེའི་སྡེ་སྣོད་རེད། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱ་གཙོ་བོར་བྱེད་པའི་མདོ་སྡེ་ཞིག་ཡིན་ན། དེ་ནི་མངོན་པའི་སྡེ་སྣོད་རེད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བྱེད་པའི་མདོ་སྡེ་ཞིག་ཡིན་ན། དེ་ནི་འདུལ་བའི་སྡེ་སྣོད་རེད། དཔེར་ན། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ན་(སྡེ་སྣོད་གསུམ་གྱི་ཁྱད་པར)གསུངས་པའི་ཚེ་ན།

སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་།།

བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ།།

ཞེས་གསུངས་པ་ལྟར། སྡེ་སྣོད་གསུམ་དུ་འཇོག་ཚུལ་མང་པོ་ཡོད་ཀྱང་དེ་འདྲ་མང་པོ་ཟིག་འདིར་བཤད་མི་དགོས་ཀི དེ་འདྲའི་སྡེ་སྣོད་གསུམ་ལ་ལུང་གི་བསྟན་པ་ཞེས་ཟེར། སྡེ་སྣོད་གསུམ་གྱིས་གཏན་ལ་ཕབས་པའི་སྦྱངས་བྱ་བསླབ་པ་གསུམ་ལ་རྟོགས་པའི་བསྟན་པ་ཟེར་བ་རེད། དེ་གཉིས་རྒྱུ་འབྲས་སུ་གནས་པ་རེད། རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་གྱི་ནང་ན། དཀྱུས་ས་བསྟན་པའི་རྟ་བཞིན་དུ། དཀྱུས་ས་གང་ལ་བལྟས་ན་རྒྱགས་ས་དེ་ལ་བྱེད་དགོས་པ་བཞིན། ལུང་རྟོགས་ཀྱི་བསྟན་པ་གཉིས་རྒྱུ་འབྲས་སུ་འགྲོ་དགོས་པ་ཡིན་ཏེ། ཞེས་བསྟན་པ་རེད། དེའི་རྐྱེན་གྱིས་རྒྱུ་འབྲས་ཀྱི་བསྟན་པ་གཉིས།ཞེས་བཤད་ཀྱང་ཆོག་ལ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ།ཞེས་བཤད་ན་ཡང་ཆོག་པ་རེད། ཡང་ན། སྒོམ་ལྟ་བ་རྟོགས་པ་གསུམ།ཞེས་བཤད་ན་ཡང་ཆོག་ལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞགཞེས་བཤད་ན་ཡང་ཆོག་པ་རེད། གང་ལྟར་ཡང།ཡང་དག་བདེན་པའི་བསྟན་པ་ཞེས་བྱ་བ་རེད། སློབ་དཔོན་དབྱིག་གཉེན་གྱིས་མཛོད་ན་གསུངས་དུས།

སྟོན་པའི་དམ་ཆོས་རྣམ་གཉིས་དེ།།

 ལུང་དང་རྟོགས་པའི་བདག་ཉིད་དོ།།

དེ་འཛིན་བྱེད་པ་སྨྲ་བྱེད་དང་།།

སྒྲུབ་པར་བྱེད་པ་ཁོ་ན་ཡིན།།

    ཞེས་ལུང་གི་བསྟན་པ་འཛིན་པ་ཞིག་ཡིན་ན། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་དགོས་པ་དང་། རྟོགས་པའི་བསྟན་པ་འཛིན་པ་ཞིག་ཡིན་ན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་འཛིན་པ་མ་གཏོགས་འཛིན་ཐབས་(གཞན)མེད་ཞེས་པ་རེད། དེས་ན་དེ་ལས་གཞན་པ་བསྟན་པ་འཛིན་ཚུལ་མེད་ནི་འེ་རེད་ཟེར་ན་ཡོད་པ་རེད། དཔེར་ན། བླ་མ་ཞིག་གིས་དཔལ་འབྱོར་ལ་བརྟེན་ནས་དགོན་པ་བཏབ་ཏེ། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་གསང་སྔགས་རྒྱུད་སྡེ་བཞིའི་བཤད་སྒྲུབ་དེའི་ནང་དུ་བཙུགས་དང་ན། དེ་ཡང་བསྟན་པ་འཛིན་ཕྱོགས་ཞིག་རེད། དེ་ལས་གཞན།མང་ཚོགས་ཕལ་བ་ཞིག་གིས་དཀོན་མཆོག་གསུམ་ལ་དད་པ་(དང)འདུན་པ་འགྱུར་བ་མེད་པའི་བརྟན་པོ་ཞིག་ཡོད་པ་ཡིན་ན། དེ་ཡང་སངས་རྒྱས་ཀྱི་བསྟན་པ་དེ་སྲུང་ནས་བསྡད་པ་རེད། དེ་འདྲ་ཞིག་ཡིན་ཕྱིར། ངས་སྔོན་ཆད་རྩོམ་ཞིག་གི་ནང་དུ།

སྐྱེས་བུ་དམ་པས་རྒྱལ་བསྟན་སྒྲུབ་པས་འཛིན།།

མཁས་པ་རྣམས་ཀྱིས་ལུང་དང་རིགས་པས་འཛིན།།

བླ་མ་མང་པོས་དབང་སྡུད་འབྱོར་བས་འཛིན།།

སྐྱེས་བོ་ཕལ་བས་དད་དང་འདུན་པས་འཛིན།།

    ཞེས་ཤོ་ལོ་ཀ་ཞིག་བྲིས་ཡོད། དེ་ལྟར་བསྟན་པ་འཛིན་ཚུལ་མང་པོ་ཡོད་མོད། འོན་ཀྱང་།བསླབ་པ་དོན་གཉེར་གྱི་སྡེ་འདི་གཉིས་ལ་མཚོན་ན། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ན་ལུང་གི་བསྟན་པ་སྡེ་སྣོད་གསུམ་གྱི་འཆད་ཉན་དང་རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་སྟེང་ནས་སངས་རྒྱས་ཀྱི་བསྟན་པ་གྲུ་མ་ཉམས་པ་དང་ཟུར་མ་ཆགས་པ་ཞིག་སྐྱོང་དགོས་པ་རེད། ཡང་ན། སངས་རྒྱས་ཀྱི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་གཞན་དབང་དུ་གྱུར་བ་ཞེས་བཤད་ཀྱང་རུང་། དེ་རིང་ནང་ཀའི་བསམ་བློ་དང་རིག་གནས་དང་སྤྱོད་པ(ངན་པ)ས་ཤན་ཤུགས་ཐེབས་པ་ལ་དག་ཐེར་བྱེད་དགོས། དག་ཐེར་མ་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་དྲི་མས་གོས་པར་འགྱུར་ཏེ། དཔེར་ན། མེ་ཏོག་ཞིག་ཡིན་པའི་དབང་དུ་བཏང་ན། དྲི་མས་མ་གོས་པའི་མེ་ཏོག་དེའི་སྟེང་ལ་འབུ་ཞུགས་ཏེ་ནད་བཅོས་པ་ཇི་བཞིན། སངས་རྒྱས་ཆོས་ལུགས་ལ་དྲི་མས་གོས་པར་འགྱུར་བ་རེད། དེ་བས་དག་ཐེར་མ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དེ་བཅའ་དག་ཞིག་འཛིན་ཐུབ་པ་མ་རེད། ལྷག་པར་ཏུ་བཅའ་དག་ཞིག་ཡོང་ཐུབ་པ་མ་རེད། དེས་ན་སངས་རྒྱས་ཀྱི་བསྟན་པ་དེ་བཅའ་དག་ཞིག་ཡོང་དགོས་ན། གང་ལ་བསྟེན་དགོས་ཞེ་ན། ད་ང་ཚོ་ཚད་མ་རིགས་པའི་གཞུང་རྣམས་ལ་བསྟེན་དགོས་པ་རེད། དེ་ལ་སྦྱངས་དགོས་པ་རེད། ཚད་མ་ལ་མ་བསྟེན་པར་སྒྲོ་འདོགས་གཅོད་དགོས་ན། ད་དེ་དཀའ་དཀའ་མོ་ཞིག་རེད། ཚད་མའི་གཞུང་རྣམས་ཇི་ལྟར་བྱུང་།ཟེར་བའམ།ཚད་མ་ཟེར་བ་འདི་ཅི་ཡིན་ཞེ་ན།འདིའི་ལོ་རྒྱུས་ངས་མང་པོ་མི་བཤད།)

རྟོག་གེ་ཚད་མ་རིག་པ་ཟེར་བ་དེ། སངས་རྒྱས་ཀྱི་བསྟན་པ། དཔེར་ན།ཆུ་རྙོགས་པ་ཞིག་ཡིན་ན། དེ་དྭངས་པར་བྱེད་སྤྱད་ཀྱི་ཅ་ལག་འཕྲུལ་ཆས་དེ་རེད། སངས་རྒྱས་ཀྱི་བསྟན་པ་དྭངས་ཤིང་གཙང་མ། ཚན་རིག་དང་མཐུན་པ། རིག་གནས་དང་མཐུན་པ། གནས་ལུགས་དང་མཐུན་པར་བྱེད་སྤྱད་ཚད་མ་རིག་པ་ལ་གཞན་གྱིས་དོ་ཟླ་ཡོང་བ་མ་རེད། ཚད་མ་རིག་པ་ལ་ད་དུང་ནུས་པ་གཞན་ཞིག་ཡོད་པ་གང་རེད་ཞེ་ན། ལྷག་པ་ཤེས་རབ་ཀྱི་བསླབ་པ་ཉམས་ལེན་གྱི་སྟེང་ནས་བཤད་ན། ལྟ་བ་དང་ལྟ་བ་བསྡུར་བའི་ཚད་མ་རིག་པའི་རིག་པ་དང་རིགས་ལམ་འདི་མེད་ན་ལྟ་བ་མཐར་ཐུག་དེ་འཇོག་མི་ཐུབ་པ་རེད། ང་ཚོ་བོད་གངས་ཅན་གྱི་ལྗོངས་འདི་ན། གྲུབ་མཐའ་སོ་སོ་དང་གྲུབ་མཐའ་རེ་རེ་ལ་ལྟ་བ་རེ་རེ་བྱུང་བ་དེ་ཡང་གཙོ་བོ་ལྟ་བ་མ་མཐུན་པ་ལས་བྱུང་བ་རེད། ལྟ་བ་གཏན་ལ་ཕབ་བྱེད་ཀྱི་ལག་ཆ་གང་རེད། དེ་ནི་ཤེས་རབ་རེད། ཤེས་རབ་ནི་ཚད་མ་རིག་པ་ལ་མ་སྦྱངས་ན། ཧ་ཅང་རྣོན་པོ་དང་མྱུར་བ་ཞིག་ཡོང་ཐུབ་ཀི་མ་རེད། དེའི་རྐྱེན་གྱིས་ཚད་མ་རིག་པ་ལ་སྦྱོང་དགོས་པའི་རྒྱུ་མཚན་བྱུང་བ་རེད། དེ་ནས་ཕར་ཕྱིན་རེད། ཕར་ཕྱིན་ཡིན་ན་ཕལ་ཆེར་ངས་མ་བཤད་ཀྱང་ཁྱེད་ཚོས་ཅི་ཞིག་ལ་སྤྱོང་དགོས་པ་ཤེས་རྒྱུ་རེད་བསམ།ཕར་ཕྱིན་ལ་སྦྱོང་དགོས་པའི་དམིགས་ཡུལ། མ་སྦྱངས་པའི་ཉེས་དམིགས། སྤྱངས་པའི་ཕན་འབྲས་གང་ཡིན་ན།གཙོ་བོ་མངོན་རྟོགས་རྒྱན་གྱི་ལུས་མདོར་བསྟན་གྱི་སྐབས་ནས་འབྱུང་བ་ལྟར།དངོས་པོ་བརྒྱད་དང་དོན་བདུན་ཅུ།ཞེས་པ་དེ་རེད། དེ་ཡང་རྗེ་བླ་མས་ལེགས་བཤད་གསེར་ཕྲེང་དུ་དྲངས་པ་ལས།

ཤེས་བྱའི་ཡུལ་དུ་མཁྱེན་པ་གསུམ།།

སྒོམ་པའི་དུས་སུ་སྦྱོར་བ་བཞི།།

འབྲས་བུའི་མཐར་ཐུག་ཆོས་ཀྱི་སྐུ།།

    ཞེས་གསུངས་པ་བཞིན། མཐར་གཏུགས་ནས་བཤད་ན། ཐོབ་བྱ་རྣམ་མཁྱེན།ལམ་ཤེས།གཞི་ཤེས་ཏེ་རྣམ་པ་གསུམ་གྱི་དོན་ལ།ཐོབ་བྱེད་རྣམ་རྫོགས་སྦྱོར་བ་སོགས་སྦྱོར་བ་བཞི་བརྩམས་ནས་འབྲས་བུ་ཆེན་པོ་(སྐུ་བཞི)དེ་ཐོབ་དགོས་པ་རེད། ཞེས་པ་རེད། ད་གློ་བུར་དུ་ཡིད་ལ་ར་དེ་འདྲ་མི་ཡོང་གི་ར། གང་ལྟར་ཡང་བདེན་བཞིའི་དོན་རྟོགས་དགོས་པར་མ་ཟད། འདི་ནང་ན་གཙོ་བོ་ཅི་ཞིག་བསྟན་ཡོད་པ་རེད་ཞེ་ན། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཕྱིན་དྲུག་(དང)བསྡུ་བའི་དངོས་པོ་བཞི་ལ་སོགས་པ་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཁ་ཚང་པ་ཞིག་ཕར་ཕྱིན་གྱི་ནང་དུ་བསྟན་ཡོད་པ་རེད། དེ་ལ་མ་སློབ་ན་ད་ཐེག་པ་ཆེན་པོའི་ལམ་ལ་སློབ་ཚུལ་ཡོད་པ་མ་རེད། དེ་ནས་(འཛིན་གྲྭ)ཡར་ལ་སོང་ན་དབུ་མ་རིག་པ། དབུ་མ་ཞེས་པ་ཅི་ཞིག་རེད་ཞེ་ན། ཚིག་གི་གོ་བའི་སྟེང་ནས་ཀྱང་རྟག་ཆད་ཀྱི་མཐའ་གཉིས་ལ་མ་རེག་པའི་དབུས། ཞེས་པ་ལ་དབུ་མ་ཞེས་པ་རེད། བསམ་བློའི་ལྟ་བ་རྟག་ཆད་ཀྱི་མཐའ་གཉིས་སུ་མ་ལྷུང་བ། དཔེར་ན། མངོན་རྟོགས་རྒྱན་གྱི་སྐབས་གསུམ་པའི་ནང་དུ།

ཚུ་རོལ་ཕ་རོལ་མཐའ་ལ་མིན།།

དེ་དག་བར་ན་མི་གནས་པ།།

དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར།།

ཤེས་རབ་ཕ་རོལ་ཕྱིན་པར་འདོད།།

ཅེས་ཚུར་མཐའ་འཁོར་བ་དང་ཞི་མཐའ་མྱང་འདས་ལ་མི་གནས་པར་མ་ཟད། དེ་གཉིས་ཀྱི་བར་ནའང་དོན་དམ་པར་མི་གནས་པ་ལྟ་བུ་ཞིག་ལ་དབུ་མ་ཞེས་བཤད་པ་རེད། དབུ་མ་འཛུག་པ་རྩ་འགྲེལ་དང་རིགས་ཚོགས་དྲུག་ལ་སློབ་དགོས་པ་རེད། དེ་ནས་མཛོད་འདུལ་(ལ)སྦྱངས་དགོས་པ་རེད། གཞུང་བཀའ་པོད་ལྔ་སློབ་པ་ལ་གོ་རིམ་དེ་ལྟར་ཡོད།

ད་ང་ཚོ་བསླབ་པ་དོན་གཉེར་གྱི་སྡེ་ཞིག་ཡིན་ན། གྲུབ་མཐའ་ཕྱོགས་རིས་མེད་དགོས་པ་མ་ཟད། སྤྱིར་གྲུབ་མཐའ་གང་ཡིན་གྱི་གཞུང་ལ་སློབ་དགོས་པ་རེད། གཞུང་བཀའ་པོད་ལྔ་ཆ་ཚང་ལ་ངེས་པར་དུ་སློབ་དགོས་པ་རེད། ཅི་ཞིག་ལ་སློབ་དགོས་ཞེ་ན། ཉམས་ལེན་བྱེད་པའི་ལམ་གྱི་རིམ་པ་ལ་ལམ་བསླབ་པ་གསུམ་གྱི་གཞུང་ལ་བསྟེན་ནས་གཏན་ལ་ཕབ་ཏེ་ཉམས་ལེན་བྱས་ཏེ་རྒྱུད་ལ་ལེན་དགོས། དེས་ན་གཞུང་བཀའ་པོད་ལྔ་བོ་འདིས་བསླབ་པ་གསུམ་མམ། ཡང་ན།ལྟ་བ། སྒོམ་པ། སྤྱོད་པ་གསུམ་ཇི་ལྟར་གཏན་ལ་ཕབས་པ་རེད་ཟེར་ན། འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེ་ཚང་གིས།

དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་།།

ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ།།

བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས།།

མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར།།

བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་།།

      ཞེས་གསལ་བར་གསུངས་ཡོད་པ་དེ་རེད། འདི་ཡི་ནང་དོན་མདོ་རྩ་བཤད་ན། ཇི་ལྟར་བཀའ་པོད་ལྔས་བསླབ་པ་གསུམ་གཏན་ལ་ཕབ་ཚུལ་རེད། དབུ་མ་དང་ཚད་མ་ལ་སྦྱངས་ན། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཏན་ལ་འབེབ་ཐུབ་པ་རེད། དེས་དབུ་ཚད་ཟུང་དུ་འཇུག་པས་ལྟ་སྒོམ་སྤྱོད་གསུམ་ནང་གི་ལྟ་བ་དང་། བསླབ་པ་གསུམ་གྱི་ནང་གི་(ལྷག་པ)ཤེས་རབ་ཀྱི་བསླབ་པ་གཏན་ལ་ཕབ་པ་རེད། དེ་བཞིན་ཕར་ཕྱིན་དང་མཛོད་གཉིས་ཀས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཏན་ལ་ཕབ་པ་རེད། དེའི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་གི་སྒོམ་གཏན་ལ་ཕབས་པ་རེད། འདུལ་བ་ཡིན་ན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རེད། དེས་མཐའ་གཉིས་སུ་མ་ལྷུང་བའི་སྤྱོད་པ་གཏན་ལ་ཕབས་པ་རེད། དཔེར་ན། ང་ཚོའི་འདུ་ཁང་གི་སྟེང་དུའང་ཆོས་འཁོར་ཡོད། གང་དུ་སོང་ཀྱང་ང་ཚོ་ནང་པ་སངས་རྒྱས་པའི་རྟགས་གཙོ་བོ་དེ་ཆོས་ཀྱི་འཁོར་ལོ་རེད། འཁོར་ལོ་དེ་རྟེན་ལྟེ་བ། གཅོད་པའི་རྩིབས། སྡུད་པའི་མུ་ཁྱུད་གསུམ་གྱིས་གྲུབ་ཡོད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མེད་ན་དཀྱིལ་གྱི་ལྟེ་བ་མེད་པ་རེད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་མེད་ན་མཐའི་མུ་ཁྱུད་མེད་པ་རེད། ལྷག་པ་ཤེས་རབ་ཀྱི་བསླབ་པ་མེད་ན་གཅོད་པའི་རྩིབས་མེད་པ་རེད། དེའི་རྐྱེན་གྱིས་བསླབ་པ་གསུམ་དེ་ཆོས་ཀྱི་འཁོར་ལོ་ཡིས་མཚོན་པར་བྱས་པ་རེད། དེ་བས་གཞུང་བཀའ་པོད་ལྔ་ལ་སྦྱངས་དགོས་པ་ནི་ལམ་བསླབ་པ་གསུམ་གཏན་ལ་འབེབས་པའི་ཕྱིར་དུ་ཡིན། དེ་གསུམ་ཉམས་ལེན་གྱི་ཆེད་དུ་ཡིན། དེས་ན་གསང་སྔགས་རྒྱུད་སྡེ་བཞི་ནི་ལམ་བསླབ་པ་གསུམ་དུ་འདུས་འེ་ཡོད། ཡང་ན། དེའི་ཁོངས་གཏོགས་འེ་རེད་ཟེར་ན། ལྷག་པ་ཏིང་ངེ་འཛིན་གྱི་ཁོངས་གཏོགས་ཡིན་པ་རེད། དེ་ཅིའིི་ཕྱིར་ཡིན་ཞེ་ན། དེའི་བསྐྱེད་རིམ་དང་རྫོགས་རིམ་གང་ཡིན་ཡང་སྒོམ་གྱི་ཆ་དེ་དག་ཐམས་ཅད་ཀྱི་ཡོངས་ཁུངས། སེམས་བརྟན་པོར་གནས་པ་ཏིང་ངེ་འཛིན་བསྒྲུབ་པའི་ཆའི་རིམ་པ་ལས་བྱུང་བ་རེད། དེའི་རྐྱེན་གྱིས་དེའི་ཟུར་ལས་འཕྲོས་པའི་གསང་སྔགས་ཉམས་ལེན་གྱི་རིམ་པ་རེད། ད་མདོར་ན།ཐམས་ཅད་མཁྱེན་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྟོགས་བརྗོད་མདུན་ལེགས་མ་ལས་གསུངས་པ་ལྟར། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ལ་སྦྱངས་ཏེ་ཉམས་ལེན་བྱེད་དགོས་པ་ཡིན་པས། ཐམས་ཅད་ཀྱིས་དེ་ལྟར་ཤེས་པར་ཞུ།།

    ཡ། ད་ཁོར་ཡུག་ཕུན་སུམ་ཚོགས་ས། གནས་ཕུན་སུམ་ཚོགས་ས། ཆོས་ཕུན་སུམ་ཚོགས་ས། འཐུང་ཆུ་ཕུན་སུམ་ཚོགས་ས། མཁའ་དབུགས་ཕུན་སུམ་ཚོགས་ས། ཉི་འོད་དྲོད་དང་ལྡན་ས། འདི་འདྲ་ཞིག་ཏུ་ང་ཚོ་བསོད་ནམས་བཟང་པོའི་ལས་དབང་གིས་འཛོམ་བྱུང་། མཁའ་དབུགས་ཕུན་སུམ་ཚོགས་ས། ཞེས་པ་རྒྱ་ནག་པེ་ཅིན་དུ་མ་སོང་ན་ཤེས་པ་མ་རེད། ང་ལོ་གཅིག་ལ་པེ་ཅིན་(བོད་རིག་པ་ཞིབ་འཇུག་ལྟེ་གནས)དུ་བསྡད་པས་གསལ་པོར་ཤེས། དེ་ནི་(雾霾)ཞེས་པ་དུག་སྨུག་དེ་འཐིབས་ཚེ་ཉིན་མོ་ཡང་མཚན་མོ་ལྟར་འགྲོ་ལམ་མི་མཐོང་བ། གློག་སྒྲོན་གྱིས་ཀྱང་ཕན་ཐོགས་མེད་པར་འགྲོ་ཐབས་མེད་པ། གལ་ཏེ་ཕྱི་རོལ་དུ་ཅུང་ཟད་འཁོར་ནས་ཕྱིར་ཐོན་ཚེ། སྣ་ཁུང་གཉིས་ཀྱང་ནག་པོར་གྱུར་འགྲོ་བ་ཞིག་རེད། དེ་དུས་ད་གཟོད་ཅི་ཞིག་དྲན་ཞེ་ན། རང་ཡུལ་མདོ་དབུས་མཐོ་སྒང་རང་གི་བོད་གངས་ཅན། ཁ་བ་རི་བོའི་ཡུལ་ལྗོངས། ཉི་འོད་དྲོན་པོ་ཞིག་དང་མཁའ་དབུགས་གཙང་མ་ཞིགགཙང་ཆབ་དྭངས་མོ་ཞིག་རྒྱུན་ཆད་མེད་པར་བཞུར་རྒྱུ་ཡོད་པ་དེ། བོད་གངས་ཅད་ཀྱི་འགྲོ་བ་ཡོངས་ཀྱི་བསོད་ནམས་ལས་གྲུབ་པ་ཞིག་རེད་བསམ་སོང་། དྲང་མོར་བཤད་ན། དེ་ལྟར་ཡིན་ཤ་སྟག་རེད། བོད་གངས་ཅན་གྱི་བསོན་ནམས་ཀྱི་དཔལ་ལས་གྲུབ་པ་འབད་མི་དགོས་པར་རང་བྱུང་གི་གཏེར་ལས་གྲུབ་པའི་མནྜལ་ཏག་ཏག་རེད། མཁའ་དབུགས་གཙང་མ། ཁོར་ཡུག་ཡག་པོ། ཆུ་གཙང་མ། དེའི་སྟེང་ལ་མིའི་བསམ་བློ་གཙང་ན་ད་གཙང་ཐག་ཆོད་པ་རེད། ད་རུང་འདི་འདྲའི་ནང་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་(མི་རིགས་གཞན་པ)སྨོན་པའི་ཡུལ་ཕུན་སུམ་ཚོགས་པ་ཞིག་རེད། དེང་སྐབས་འཛམ་གླིང་སྟེང་བཤད་བཞིན་པ་ཞིག་ནི། རྒྱལ་ཁབ་སྟོབས་ལྡན་མི་གྲངས་མང་པོ་རྣམ་པ་སྣ་ཚོགས་སྐད་རིགས་མི་འདྲ་མང་པོ་ཡོད་ཀྱང་། འཛམ་གླིང་སྟེང་འདས་ཟིན་པའི་ལོ་རྒྱུས་ལ་བལྟས་ཡོང་ན། བོད་ལྟ་བུའི་གྲངས་ཉུང་མི་རིགས་ཤིག་གིས་འདི་ལྟ་བུའི་རིག་གནས་ཆེ་ཆུང་བཅུ་ཐམ་པས་མཚོན་པའི་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་། ཡང་ན། སྤྱོད་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་སངས་རྒྱས་ཆོས་ལུགས་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ད་བར་དུ་ཐོན་པ་ནི་ཤིན་ཏུ་ནས་ཀྱང་ཡ་མཚར་དགོས་པའི་ལོ་རྒྱུས་ཤིག་རེད། ཟེར་བཞིན་ཡོད། འདི་ལྟ་བུའི་གྲངས་ཉུང་མི་རིགས། མདོ་དབུས་མཐོ་སྒང་དུ་ཐར་ཐོར་ཏུ་གནས་པ། ཕྱི་དཔལ་འབྱོར་དང་ཆ་རྐྱེན་ཅི་ཡང་མེད་པའི་མི་རིགས་ཤིག་གིས་རིག་གཞུང་དར་སྤེལ་བྱ་བ་དེ་ཤེས་རབ་དང་སྙིང་སྟོབས་ཁོ་ན་ལ་བསྟེན་ནས་དེ་རིང་ནང་ཀ་འཛམ་གླིང་ན་འོད་སྟོང་འབར་བའི་རིན་པོ་ཆེ་ཞིག་སྟེ། བོད་བརྒྱུད་ནང་བསྟན་གཙོ་བྱས་པའི་བོད་ཀྱི་རིག་གནས་འདི་ཚན་རིག་དང་བསྡུར་ན་ཡང་རུང་། གཞན་པའི་ཆོས་ལུགས་དང་བསྡུར་ན་ཡང་རུང། འཇིག་རྟེན་འདིའི་སྟེང་དར་ཡོད་པའི་རིག་གནས་གང་ལ་བལྟས་ན་ཡང་འགྲན་ཟླ་བྲལ་བའི་རིག་གནས་ཞིག་དང་གཞུང་ལུགས་ཞིག་རེད། འདི་ནི་ང་ཚོ་བོད་མི་རིགས་ཀྱིས་གཅེས་སུ་འོས་པ་དང་གཅེས་དགོས་པ། བླ་ན་མེད་པའི་རིན་པོ་ཆེ་ཞིག་རེད་འདོད་ཡོད། དེ་འདྲའི་རིན་པོ་ཆེ་ཞིག་རེད་ཞེས་ཀུན་གྱིས་གླེང་བཞིན་འདུག་པ་ཐམས་ཅད་(ཀྱིས)ཤེས་གསལ་ལྟར་རེད། འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ན། དོན་དངོས་སྟེང་དེ་འདྲ་ཡིན་ཤ་སྟག་རེད། འདི་འདི་ལྟར་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱས་ནས། དེ་རིང་ནངས་ཀ་ཚན་རིག་དང་དཔལ་འབྱོར། འཛམ་གླིང་གོ་ལ་ཟླུམ་པོ་མ་ཟད་འཇིག་རྟེན་གཞན་པ་གཞན་པ་བསྙེགས་ནས་འགྲོ་བཞིན་པའི་གློག་རྡུལ་གྱི་སྐབས་འདིར། ད་རུང་དེ་དག་དང་འདི་ལག་ལྡང་བྱས་པ་མ་ཟད་དཔུང་ལྡང་བྱས་པ་མ་ཟད། ད་དུང་སྔོན་ལ་གོམ་པ་སྤོས་ནས་འགྲོ་བཞིན་པའི་རིག་གནས་ཞིག་(བོད་ལ)ཡོད་པ་འདི་ངོ་མས་ཡ་མཚན་རེད། དེ་ཅིའི་ཕྱིར་ཡིན་ནམ་སྙམ་ན། ང་ཚོ་བོད་འདི་དཔལ་འབྱོར་མ་དར་བ་དང་འཛུགས་སྐྲུན་མང་པོ་མ་དར་བ། གྲངས་ཉུང་མི་རིགས་ཤིག་ཡིན་ཀྱང་། ཆུང་དུས་ནས་རིག་གནས་སློབ་གསོ་ལ་དགའ་བ་དང་ཆོས་ལུགས་དད་མོས་འདི་རྒྱབ་ལྗོངས་སུ་བསྟེན་(ཡོད)པས་། སྐྱེས་ཆེན་དམ་པ་རྣམས་ཀྱིས་རིམ་པ་རིམ་པ་བཞིན་དུ། རྡོ་ལག་བརྒྱུད་ཀྱི་ཚུལ་གྱིས་གཅིག་གཅིག་ལ་སྤྲད་དེ་གོང་འཕེལ་དུ་བཏང་ནས་དེ་རིང་ནངས་ཀའི་འདི་འདྲའི་ཡ་མཚན་པོ་ཞིག་བྱུང་བ་རེད། ང་ཚོས་(ཀྱང)འདི་ལ་བསྟོད་པ་བྱས་ཏེ་འདི་ཡ་མཚན་ཞིག་ཡིན་ཟེར་དགོས་དོན། འདི་ལ་སློབ་སྦྱོང་ཡག་པོ་བྱས། བཀོད་སྤྱོད་བྱས། འདི་ལ་ཉམས་ལེན་བྱས། འདི་ཁྱབ་གདལ་དུ་བཏང་། རང་ཚུགས་བཟུང་དེ་བསྡད་ན། དཔལ་འབྱོར་དར་ཡོད་པ་དང་ཚན་རིག་དར་ཡོད་པ། མི་གྲངས་དར་ཡོད་པའི་མི་རིགས་གཞན་པས་སྨོན་པའི་ཡུལ་དུ་གྱུར་ཡོད་པ་རེད། དེ་ལྟར་བསམ་ན་ང་ཚོ་ཅང་མེད་ནི་ཞིག་མ་རེད་ཡོད་ནི་ཞིག་རེད། ད་དཔེར་ན། ང་ཚོའི་སློབ་གྲྭ་འདིར་ཡང་འདི་ལྟ་བུའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་ཟད། གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན། ལམ་ཐེག་པ་གསུམ་གྱི་ཉམས་ལེན། གཞུང་བཀའ་པོད་ལྔ་སོགས་ནང་དོན་རིག་གནས་བྱང་ཆུབ་པ། ལས་རྒྱུ་འབྲས་ཀྱི་གོ་རིམ་བློ་ལ་བྱང་བ། ཐུན་མོང་རིག་གནས་དང་ལོ་རྒྱུས་ལ་མཁས་པ། གཞན་ཡང་། འདོན་རྟ་དབྱངས་གསུམ། ཙི་འབུད་རྡུང་གསུམ། བཅའ་བཟོ་གཏོར་མ་ལ་སོགས་པ་བྱང་བའི་དགེ་བའི་བཤེས་གཉེན་ཏག་ཏག་གདན་དྲངས་ནས་འདིར་འཛོམས་པ་ནི། སྐྱེ་བ་སྔོན་གྱི་བསོད་ནམས་ཡིན་ནའང་ཐང་། དེ་རིང་ནངས་ཀའི་སྲིད་ཇུས་ཕུན་སུམ་ཚོགས་པའི་བཀའ་དྲིན་ཡིན་ནའང་ཐང་། ཡང་ན།རང་རང་གི་ཡོན་ཏན་ཅུང་ཟད་རེ་སྦྱངས་པའི་འབྲས་བུ་ཡིན་ནའང་ཐང་། གང་ལྟར་ཀྱང་གོ་སྐབས་བླ་ན་མེད་པ་གསེར་ལྟ་བུ་ཞིག་ཐོབ་སོང་བ་རེད། དེ་ང་ཚོ་ཐམས་ཅད་ཀྱི་བསོད་ནམས་རེད། དེ་བས་ང་ཚོ་རབ་བྱུང་ངུར་སྨིག་གི་སྡེ་འདིས།ཐར་བ་དོན་གཉེར་གྱི་སྡེ་འདིས། གཞུང་བཀའ་པོད་ལྔ་ལ་ངེས་པར་དུ་སྦྱོང་དགོས་པའི་རྒྱུ་མཚན་དེ་ཙམ་ཞིག་གིས་ཆོག་པར་བྱོས། ད་དེ་བཤད་ཚར་ནི་ཡིན།།

ཞོལ་ནས་དོན་ཚན་གཉིས་པ་དགེ་སློབ་བརྩི་བཀུར་གྱི་སྐོར་ནས་ཁ་བརྡ་ཉུང་ཙམ་བཤད།

ད་དྲང་མོར་བཤད་ན། འདི་ལྟ་བུའི་སྐྱེས་བུ་དམ་པ་ཕུན་སུམ་ཚོགས་པ་ཏག་ཏག་གདན་དྲངས་ནས་བུད་ཡོང་ན། ངས་བཤད་འདོད་པའི་དོན་ཚན་གཉིས་པ་དགེ་རྒན་གྱི་བརྩི་བཀུར་དང་སློབ་མའི་བྱམས་སྐྱོང་ཡིན། རང་རང་གིས་བཤེས་གཉེན་ལ་བརྩི་བཀུར་ཡག་པོ་ཞིག་བྱས་ན། རྟེན་འབྲེལ་ལེགས་ཚོགས་ཀྱི་རྩ་བ་ཞིག་ཚུགས་ཡོང་བ་རེད། དེ་བས་འདི་རང་རང་གི་དོན་དག་ཞིག་རེད། དགེ་རྒན་དང་མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡག་པོ་ཞིག་བུད་ཡོང་ན། མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་མཇུག་མི་སློབ་པའི་ཟུང་འཇུག་ཐོབ་པའི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་ཞིག་རང་གི་རྒྱུད་ལ་སྐྱེ་བྱེད་ཀྱི་མཐུན་རྐྱེན་ལེགས་ཚོགས། རྟེན་འབྲེལ་ཐོག་མ་ནས་འགྲིག་སོང་བ་རེད། གལ་ཏེ་རང་རང་གིས་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་ཡང་ན་བསམ་བློ་ཡི་འདུ་ཤེས་མ་གཙང་ན་ཆུ་རྙོགས་པ་ལྟ་བུ་ཞིག་རེད། ཆུ་མགོ་ནས་རྙོགས་ཚེ་(མཇུག)རྔ་མའི་བར་དུ་མི་དྭངས་བ་རེད། མགོ་ཚེས་གཅིག་ནས་འཕྱུགས་ན་མཇུག་གནམ་གང་གི་བར་དུ་འཕྱུགས་འགྲོ་བ་རེད། དེའི་རྒྱུ་མཚན་གྱིས་དགེ་ཕྲུག་དང་སློབ་མ་རྣམ་པས། རང་གི་བླ་མ་དང་དགེ་རྒན་རྣམ་པར་གུས་བཀུར་དང་སྟེན་ཚུལ་ཡག་པོ་རེ་ཡོང་རྒྱུ་(ནི)རྩ་བའི་གནད་འགག་ཡིན། དེ་དགེ་སློབ་གཉིས་ཀ་ལ་རག་ལས་ཡོད་པ་ཡིན། དེའི་རྐྱེན་གྱིས་དགེ་རྒན་རྣམ་པ་ཡིན་ན་ཡང་། མདོ་སྡེ་རྒྱན་ལས།

བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ།།

 ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།

ཅེས་དང་།བླ་མ་མཆོད་པ་ལས།

 དེ་ཉིད་བཅུ་ཟུང་འབྲི་དང་འཆད་མཁས་པ།།

  ཞེས་སོགས་བཞིན་(གྱི)ཁྱད་ཆོས་འཛོམ་དགོས། མ་མཐའ་ཡང་། སློབ་མ་རྣམས་ལ་ཤ་ཚ་ཚ་དང་རུས་དུང་དུང་བྱས་ཏེ། ཁྱོད་དང་ང་ཡི་ལྟ་ཚུལ་མེད་པར་ཕ་མས་རང་གི་བུ་ཕྲུག་བཞིན་དུ་སྐྱོང་བའི་བསམ་བློ་ཡོད་དགོས། ལྷག་པར་སློབ་མ་རྣམས་ལ་མཚོན་ན། དགེ་བའི་བཤེས་གཉེན་དང་དགེ་རྒན་གྱི་ལྟ་ཚུལ་ཡང་དག་པ་ལས་མི་འདྲ་བར་འཛིན་མི་རུང་། འདི་གྲུབ་མཐའ་ཞིག་གི་རྒྱུ་མཚན་(ཁྱད་པར)མ་རེད། སྤྱིར་ང་ཚོའི་ལམ་གྱི་ཉམས་ལེན་གྱི་རིམ་པ་རྩ་བ་ནས་མགོ་རྩོམ་ཚེ། ས་དགེ་རྙིང་གསུམ། བཀའ་བརྒྱུད་ཇོ་ནང་གང་ཡིན་ཡང་། མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་འདི་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་ཀྱི་གཞི་མ་ཡིན་པ་རེད། དེ་བས་གྲུབ་མཐའ་གང་ཡིན་རུང་ལམ་རིམ་གྱི་མགོ་བཙུགས་པ་ནས་བཟུང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཤད་པ་དང་མཉམ་དུ། མགོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་བརྟེན་ནས། ད་གཟོད་ལམ་གྱི་རིམ་པ་བསླབ་ནས་ཡོང་དགོས་པ་ཞིག་རེད། བྱང་ཆུབ་ལམ་རིན་ཆེན་མོ་ལྟ་བུ་ལ་མཚོན་ན་ཡང་། གདམས་པ་དངོས་ཀྱིས་བློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་རིམ་པའོ།། ཞེས་བཤེས་གཉེན་བསྟེན་ཚུལ་གྱི་ལམ་གྱི་རིམ་པ་(འམ)བཤེས་གཉེན་བསྟེན་ཚུལ་གྱི་སྐོར་དེ་ན། ཤོག་གྲངས་བཅུ་ལྷག་མ་གཏོགས་ཡོད་པ་མ་རེད། ལྷག་མ་ཡོགས་རྫོགས་ཇི་ལྟར་ལམ་ལ་བློ་སྦྱངས་ཚུལ་གྱི་རིམ་པ་རེད། ཤོགས་གྲངས་ལྔ་བརྒྱ་ལྷག་ཡོད། འོན་ཀྱང་།བྱང་ཆུབ་ལམ་རིམ་ཆེན་མོ་དེ་གཡག་ཞིག་ལ་ཁལ་འགེལ་བ་ཡིན་ན། གཞུང་དངོས་དང་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་དེ་གཉིས་ཀ་ལ། ལྕི་ཡང་མེད་ཅེས་གསུངས་གི་འདུག དེ་བས་ང་རང་ཉིད་ལ་མཚོན་ན་ཡང་། དང་ཐོག་ལོ་བཅུ་དྲུག་གི་སྟེང་གསེར་ལག་(དགོན་)ནས་རབ་ཏུ་བྱུང་། ལོ་བཅོ་བརྒྱད་ཀྱི་སྟེང་བླ་བྲང་དུ་སོང་ལ་བླ་བྲང་དུ་ང་རང་ལོ་བཅུ་གསུམ་ལ་བསྡད་པ་ཡིན། དེ་ནས་དགུ་བཅུ་གོ་དགུའི་ལོར་པེ་ཅིན་ནང་བསྟན་སློབ་གྲྭ་(ལ)སོང་། ཉིས་སྟོང་གཉིས་ལོར་པེ་ཅིན་སློབ་གྲྭ་ཆེན་མོ་ལ་སོང་ནས་ཡོང་བ་རེད། མིན་དེ་ལྟར་ཡོང་མོད། རང་གི་དགེ་རྒན་རྣམ་པ་དང་བླ་མ་རྣམ་པ་ལ་དངོས་གནས་བསྟེན་ཚུལ་ཡག་པོ་ཞིག་ཡོང་ཡོད། བསྟེན་ཚུལ་ཡག་པོ་ཞིག་ཡོང་ན། ཆོས་ཆོས་སུ་འགྲོ་ཞིང་བྱ་བ་དོན་དག་ཐམས་ཅད་ལམ་དུ་འགྲོ་ངེས་རེད། དེ་སོང་མ་སོང་ཞིག་གི་རྒྱུ་མཚན་ཀྱང་མ་ཡིན། འཇིག་རྟེན་འདི་ན་དྲིན་ཆེན་གཉིས་ཡོད་པ་ནི། གཅིག་ཕ་མ་དང་གཅིག་བླ་མ་ཡིན་པ་རེད། དེའི་རྐྱེན་གྱིས་བསྟེན་ཚུལ་ཡག་པོ་ཞིག་ཡོང་དགོས་པ་རེད། མ་ཡོང་ན་དོན་དག་རྩ་བ་ནས་འཕྱུགས་སོང་བ་རེད། དྲང་མོར་བཤད་ན། རང་རང་ལ་རིག་གནས་ཡོན་ཏན་འཛོམས་སོང་ན། འདིའི་ནང་ན་ཐེག་ཆེན་བཀའ་པོད་ལྔ་བོ་བློར་ཟིན་པ་ཡང་ཡོད་ན་ཐང་། གསང་སྔགས་རྒྱུད་སྡེ་བཞི་ཡི་ཉམས་ལེན་ལ་གྲུབ་པ་ཐོབ་ལ་ཁད་ཡང་ཡོད་ན་ཐང་། ཧཧཧཧ།(ཁོང་ཚང་དང་དགེ་སློབ་ཐམས་ཅད་དགོད་ཐག་གེར་སོང་)གལ་ཏེ་ཡོད་ན་དེ་དག་འདིར་མ་འདུས། ཡོན་ཏན་ནི་ཡོན་ཏན་རང་ཡིན་(པས)ལ་འཆད་པའི་སྐབས་སུ་འཆད་དགོས་པ་རེད། རྩོམ་པའི་སྐབས་སུ་རྩོམ་དགོས་པ་རེད། རྩོད་པའི་སྐབས་སུ་རྩོད་དགོས་པ་རེད། གང་ལྟར་ཡང་། ཕྱི་ཡི་རྣམ་པ་དང་ནང་གི་ཀུན་སློང་ཡག་པོ་ཞིག་ཡོང་རྒྱུ་འདི་དེ་རིང་བཤད་འདོད་པའི་དོན་ཚན་གཉིས་པ་ཡིན།

དེ་ནས་དོན་ཚན་གསུམ་པ་ཆོས་བརྒྱུད་རིས་མེད་དང་སྐྱིད་སྡུག་མཉམ་རོལ་བྱ་བའི་སྐོར་ནས་ཉུང་ཙམ་བཤད།

ཆོས་བརྒྱུད་གྲུབ་མཐའ་རིས་མེད་དང་མཐུན་སྒྲིལ། ཡང་ན་མཉམ་འབྲེལ་བྱེད་རྒྱུ་འདི། དེ་རིང་ནངས་ཀ་ཧ་ཅང་གལ་ཆེ་བ་ཞིག་རེད། ང་རང་ལ་མཚོན་ན། དང་ཐོག་ངས་དཔེ་ཆ་ཤེས་བསམ་ནས་ང་རྒྱལ་ཆེ་བ་ཞིག་ཡིན། ད་ས་ཆ་ཡར་མར་ལ་ཉུག་ཉུག་ནས་སོང་སོང་བས། མི་རིགས་གཞན་པའི་འཕེལ་རྒྱས་དང་མི་གྲངས་མང་བ་ཤེས་རྗེས། ཕྱོགས་རིས་དང་ང་རྒྱལ། ཁེངས་དྲག་ཟེར་བ་འདི་གང་ཞིག་ནས་བོར་ནས་ན་མི་ཤེས་ཀི་ར། གང་ལྟར་ཡང་ད་ང་རྒྱལ་དང་ཕྱོགས་རིས་ཟེར་བ་མེད་སོང་ཟིག དེ་བཞིན་ང་ཚོ་ཚང་མ་གཅིག་གྱུར་གྱི་བསམ་བློ་ཞིག་ཡོད་དགོས་པ་རེད། ང་ཚོ་བོད་གངས་ཅན་གྱི་ལྗོངས་འདིའི་མི་རིགས་འདི་ལ་མཚོན་ན།ཆེས་གྲངས་ཉུང་ཞིག་རེད།གྲངས་ཉུང་ཡིན་པ་ཟད།དེ་རིང་ནངས་ཀ་ཁ་ཆེ་བ་སོགས་མི་རིགས་གཞན་པ་ལྟར་ཇེ་མང་ལ་འགྲོ་ཐུབ་ཀི་མེད་ཁུ།འདི་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད།དེ་ར་དོན་དག་གལ་ཆེན་ཞིག་རེད།དེ་ལས་གཞན་བོད་བརྒྱུད་ནང་བསྟན་ལ་མཚོན་ན། འདི་འདྲའི་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་། ནང་ན་གྲུབ་མཐའ་མི་འདྲ་བ་མང་པོ་ཞིག་ཡོད་ཁུ། དེ་གནད་དོན་མ་རེད། མདོ་རྩ་བཤད་ན། མི་རིགས་འདིའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་འབྲེལ་འདྲིས་དང་མཐུན་སྒྲིལ་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། ན་ནིང་མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་ཏེ། ཟབ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་པ་རེད། དེ་ལ་ཁུལ་ཡོངས་ཀྱི་དགོན་པ་བདུན་ཅུ་དོན་གསུམ་གྱི་མི་སྣ་གཙོ་བོ་རེ་ཞུགས་ཡོད། ང་དེའི་སྟེང་དུ་ཡོང་ནས་སློབ་ཁྲིད་ཞིག་བྱེད་དགོས་པར་བཤད། ངས་འཆད་ཁྲིད་ཀྱི་ཁ་བྱང་ལ།"མཐུན་སྒྲིལ"ཞེས་པ་ཞིག་བཤད་པ་ཡིན། ངས་འདི་ལྟར་བཤད་དགོས་པའི་ནང་དོན་གཙོ་བོ་(ཡང་)གྲྭ་བཙུན་རྣམ་པར་མཐུན་སྒྲིལ་ཡོང་ཀི་མེད་ཁུ་ཞེས་པ་མིན། གྲྭ་བ་སྒེར་ནས་དགོན་པ་སོ་སོ་དང་། དེ་ནས་ཆོས་བརྒྱུད་གྲུབ་མཐའ་ཁག་བསམ་བློ་གཅིག་མཐུན(དང་)། ཁ་ཞེ་གཉིས་མེད་སྒོས། སྐྱིད་སྡུག་མཉམ་འབྲེལ་བྱས་ཏེ་(བོད)རང་གི་ཆོས་དང་རིག་གནས་འདི། ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་རིན་ཐང་ལྡན་པའི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་དེ་ལྟར་བཤད་པ་ཡིན། དེ་རིང་ཡང་དེ་དང་གཅིག་མཚུངས་ཡིན།

དེ་ནས"གྲུབ་མཐའ་རིས་མེད"ཞེས་པ་ལ་གོ་བ་ཞིག་བླངས་ན།"གྲུབ་མཐའ"ཞེས་པ་དེ་ཅི་འདྲ་ཞིག་རེད་ཞེ་ན། ལུང་དང་རིགས་པ་ལ་བརྟེན་ནས་དཔྱད་པ་ཡང་དང་ཡང་དུ་བཏང་སྟེ། ཐག་བཅད་པའི་དོན་དེ་ཉིད་རང་གི་བློ་ལས་ཕར་འདའ་རྒྱུ་མེད་པ་དེ་འདྲ་ཞིག་ལ་"གྲུབ་མཐའ"ཞེས་པ་རེད། དེ་བས་གྲུབ་མཐའ་རེ་རེ་ལ་རང་རང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རེ་ཡོད་པ་རེད། དེ་རེ་རེ་རེ་རེ་བརྟེན་སའི་ལུང་དང་རིགས་པས་འཐད་སྒྲུབ་རེ་རེ་ཡོད་ནི་རེད།(དེ་བས)འདི་བདེན་པ་ཡིན་གྱི་གཞན་རྣམས་གཏི་མུག་གོ་ཟེར་མི་རུང་། རང་གི་གྲུབ་མཐའ་ལ་སློབ་སྦྱོང་དང་གཞན་གྱི་གྲུབ་མཐའ་ལ་བརྩི་འཇོག་བྱེད་རྒྱུ། གུས་བཀུར་རམ་དད་མོས་ཡང་དག་པ་རེ་བྱེད་རྒྱུ་དེ་ནི་ཡང་དང་ཡང་དུ་ཞུ་དགོས་པའི་དོན་དག་ཞིག་རེད། སྤྱིར་ཡིན་ན་གྲུབ་མཐའ་ཟེར་བ་ལས་"ཆོས་བརྒྱུད"ཞེས་བཤད་ན་འགྲིག་པ་རེད། དཔེར་ན། རྒྱ་མི་རིགས་ཀྱིས་(藏传佛教四大教派)ཞེས་བཤད་བཞིན་ཡོད། དྲང་མོར་བཤད་ན།宁玛派ཞེས་པ་དེར་བསྒྱུར་བ་གཏན་ཐག་པ་ནས་དེ་འདྲ་ཞིག་འགྲིག་གི་མ་རེད། དེ་ཅིའི་ཕྱིར་མ་རེད་ཟེར་ན་派ཞེས་པ་དེ་ནི། ལྟ་བ་ལྡོག་ཕྱོགས་ཀྱི་ཁག་མི་གཅིག་པ་ཞིག་ལ་བཤད་པ་རེད། ང་ཚོའི་ཆོས་བརྒྱུད་ཁག་ལ་མཚོན་ན། ཁྱིམ་ཚང་ཆེན་པོ་ཞིག་གི་བུ་དང་བུ་མོ་ལྟ་བུ་ཞིག་རེད། དེ་ལྟ་མིན་པར་ཕྱོགས་ཁག་དེ་འདྲའི་མི་མཐུན་པ།འཁོན་རྡུང་རེས་ཡོད་པ། རྩོད་ཁ་མཆུ་ཡོད་པ།གཅིག་གིས་འགྲིག་གི་ཟེར་ན།གཅིག་གིས་མི་འགྲིག་གི་ཞེས་བརྫོག་གཏོང་བ་དག་གཏན་ནས་མ་རེད། དེ་བས་ང་ཚོས་(格鲁派、宁玛派)ཞེས་བཤད་པ་དེ་གཏན་ནས་མི་འགྲིག་གི་བསམ། ང་ཚོ་བོད་སྐད་ཀྱི་ནང་ནས་ཡང་དགེ་ལུགས་པ། རྙིང་མ་བ། ཞེས་(བདག་སྒྲ་སྦྱར་ནས་)བརྗོད་ཡོད་པ་ནང་བཞིན། རྒྱ་སྐད་དུ་ཡང་།(格鲁巴、宁玛巴、萨迦巴)ཞེས་བོད་སྐད་ལྟར་དུ་བརྗོད་ན་ཧ་ཅང་བཟང་། དོན་མེད་ཀྱི་(དགག་སྒྲུབ)་མང་པོ་ཞིག་དྲུད་ནས་ཡོང་རྒྱུ་མེད། འདི་ལྟར་འདང་ཞིག་བརྒྱབ་ཚེ། གལ་ཏེ་འདི་ལྟ་བུ་མང་པོ་ཞིག་རྒྱུད་འབྱམས་སུ་སོང་ན་རྗེས་ཕྱོགས་ནས་(ཐ་སྙད)བརྗེ་བསམ་ན་བརྗེ་ཡང་མི་ཐུབ་ལ། བརྗེས་ཀྱང་གོབ་མི་ཆོད། དྲང་མོར་བཤད་ན། འདི་ལྟ་བུའི་ཐ་སྙད་སྦྱོར་ཕྱོགས་ཞིག་གི་ཆ་ནས་ཀྱང་གོ་བ་ལེན་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པས་གཟབ་དགོས་པ་རེད། དེ་བས་ང་ཚོའི་ནང་བསྟན་གྲུབ་མཐའ་འདི་དག་ཀྱང་ཕན་ཚུན་འབྲེལ་བ་འཛུགས་རྒྱུ་འདི་ཧ་ཅང་གལ་ཆེན་རེད། ནང་བསྟན་སློབ་གྲྭ་འདིའི་ནང་དུ་བུད་ཡོང་ན་ཡང་ཁྲིད་བྱ་གང་ཡིན་ཡང་(སློབ་མ)རང་རང་གིས་ཡང་དག་པ་རེ་སློབ་རྒྱུ། དགེ་རྒན་སུ་ཡིན་ཀྱང་ཡང་དག་པ་རེ་ཁྲིད་རྒྱུ།(དགེ་སློབ་གཉིས་ཀས་)བསམ་པའི་འདུ་ཤེས་ཡང་དག་པ་རེ་བཟུང་ན། ད་གཟོད་ཆོས་བགྱིས་པ་ཆོས་སུ་འགྲོ་བ་དང་བསྒྲུབ་པ་དོན་དུ་འཁྱོལ་བ་རེད། དེ་ལྟར་མིན་ན་ཕན་འབྲས་(བཟང་པོ)གང་ཡང་ཡོད་པ་མ་རེད། སྤྱི་ཚོགས་སྟེང་དུ་སོང་ན་ཡང་གོབ་མི་ཆོད་པ་མ་ཟད། རང་རང་ལ་ཡང་གོབ་མི་ཆོད་པ་རེད། དེ་བས་གཞུང་ལུགས་དང་གྲུབ་མཐའ་ཡག་པོར་སྦྱངས་དགོས་པ་རེད། དེ་ཡག་དགོས་པ་མ་ཟད་དེ་རིང་ནང་ཀ་བལྟས་ཡོང་ན། སྤྱིར་བོད་(མི་གྲངས)ཉུང་བ་དང་དེའི་ནང་གི་སྐྱེས་པ་ཉུང་བ། དེའི་ནང་གི་གྲྭ་བ་ཉུང་པ །དེར་བལྟས་ཡོང་ན་ང་ཚོ་ཐམས་ཅད་ལ་མཐུན་སྒྲིལ་དགོས་པ་རེད།

"མཐུན་སྒྲིལ"ཞེས་པའི་གོ་དོན་ཅི་འདྲ་ཞིག་རེད་ཞེ་ན། ངེད་གཉིས་མི་མཐུན་རྒྱུ་མེད་ཅེས་ཁ་ཧྲེ་ཡོད་པ་ཙམ་ཞིག་དང་། ཁྱོད་བཟང་ང་བཟང་ཙམ་ཞིག་ལ་"མཐུན་སྒྲིལ"ཞེས་པ་དེའི་གོ་དོན་མི་ཡོང་གི་འདོད་ཡོད།"མཐུན་སྒྲིལ"ཞེས་པ་ཅི་ཞིག་མཐུན་དགོས་ཞེ་ན། ཁ་ཁོག་གཉིས་ཀ་མཐུན་དགོས་ལ་ལྟ་ཚུལ་མཐུན་དགོས། དམིགས་ཡུལ་མཐུན་དགོས། ཁ་སེམས་གཅིག་མཐུན་(དང་)སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་ཞིག་ཡོང་ན། ད་གཟོད་དེའི་མིང་ལ་"མཐུན་སྒྲིལ"ཡོད་ཞེས་བཤད་ཆོག་པ་རེད། ཁ་སེམས་མཐུན་ཞིང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་ལ་དེ་ལྟར་བཤད་ཆོག་ལ། ཁ་སེམས་མཐུན་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་ཞིག་བུད་ཡོང་ན། གྲངས་ཀ་ཉུང་ཀྱང་མ་མཐའ་ཡང་གཞན་ཞིག་གིས་དེ་ལ་གནོད་པ་བྱེད་མི་ཐུབ་པ་རེད། ཁ་སེམས་མ་མཐུན་ལ་སྟོབས་ཤུགས་མ་སྒྲིལ་ན་མཛུབ་གུ་ལྔ་བོ་ལྟ་བུ་རེད། ཁུ་ཚུར་མ་ཡོང་ན་སྟོབས་ཤུགས་ཡོང་ནི་མ་རེད། མཛུབ་གུ་གཅིག་གིས་གནམ་ཁྱོགས་ནི་མ་རེད། གྲོག་མ་གཅིག་གིས་ས་སྤུང་ནི་མ་རེད། ད་མཐར་གཏུགས་ནས་བཤད་ན།"མཐུན་སྒྲིལ"མེད་ན་ཁྱོད་ཀྱི་བྱ་བ་ཡང་མི་འགྲུབ་ལ་ངའི་བྱ་བ་ཡང་མི་འགྲུབ་པ་རེད། སྤྱི་ཁྱབ་ཀྱི་དོན་རྣམས་མི་འགྲུབ་པ་མ་ཟད། ལམ་གཅིག་ཏུ་མི་འགྲོ་བ་རེད། དེ་བས་ངི་རེ་བ་ཡིན་ན། ཁྱེད་རྣམ་པ།ཁྱེད་དཔོན་གཡོག་དག་གིས་མཐུན་སྒྲིལ་འཛིན་རྒྱུ་དེ་རང་དོན་ཞིག་མ་རེད། ང་དང་ཁྱོད་བར་དུ་མཐུན་སྒྲིལ་བཟུང་ཆོག་ལ་མ་བཟང་ཀྱང་ཆོག་མོད། མི་རིགས་དང་འཇིག་རྟེན་ལ་འདང་བརྒྱབ་ནས་ཡོང་ན། ཡིན་གཅིག་མིན་གཉིས་མཐུན་སྒྲིལ་དགོས་པ་རེད།"མཉམ་འབྲེལ"དགོས་པ་རེད།"མཉམ་འབྲེལ"བྱས་ཏེ་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་སྲིད་ཀྱི་(དང་)རིག་གནས་ཆེ་ཆུང་བཅུ་ཐམ་པ་དེ་ཇི་ལྟར་སྲུང་སྐྱོབ་བྱེད་རྒྱུ། ཇི་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ། ཇི་ལྟར་བརྒྱུད་འཛིན་བྱེད་རྒྱུ། དེའི་ཕྱོགས་ལ་"མཉམ་འབྲེལ"བྱེད་ཐུབ་སོང་ན། ད་(བྱ་བ)ཐམས་ཅད་ལམ་ལ་བུད་འགྲོ་བ་རེད།"མཉམ་འབྲེལ"བྱེད་མཁན་དེའི་མིང་ལ་བུ་རྒོད་པོ་ཟེར་བ་ཡིན། དེ་ལྟར་མ་ཡིན་པར་ཁྱོད་ཁྱོད་དང་ང་ང་། ཞེས་པ་ལྟ་བུ་ཡིན་ན་ད་དགོས་པ་ཆེན་པོ་མེད། དེ་བས་ང་ཚོ་ཡིན་ན་ཡང་སློབ་གླིང་འདིིའི་ནང་དུ་བུད་ཡོང་ན། གོང་རིམ་གྱི་ལས་བྱེད་རྣམ་པ་ཡིན་ནའང་རུང་། དགེ་རྒན་རྣམ་པ་ཡིན་ནའང་རུང་། རང་གི་གོ་གནས་དང་ཡོན་ཏན་(སློབ་མ)དེ་ལས་ལྷག་ཡིན་ཀྱང་། དཔེར་ན། ཕྱོགས་རིས་སུ་གཅོད་པའམ། ཡང་ན། ཆོས་བརྒྱུད་ཀྱིས་(ཕྱོགས་སུ)གཅོད་པ་སོགས་ལྟ་ཚུལ་དེ་འདྲ་གཏན་ནས་འབྱུང་མི་རུང་། ཚང་མ་ལ་ཞན་པའི་ཆ་ཡོད་དེ། བོད་རང་གི་གཏམ་དཔེ་ལ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད། ཞེས་པ་ལྟར། དྲང་མོར་བཤད་ན། ཚང་མ་ཤ་ལས་གྲུབ་པའི་མི་ཡི་ལུས་འདི་གྲུབ་སོང་ན། སྐྱོན་གང་རུང་ཞིག་ཡོད་པ་རེད། སྐྱོན་གང་མཐོ་ན་དེའི་མགོ་གནོན་དགོས་པ་རེད། འོན་ཀྱང་། ལ་ལས་ཡོན་ཏན་རི་ལྟ་བུ་ཞིག་ཡོད་ཀྱང་མི་མཐོང་བར་སྐྱོན་ཆ་ཁབ་ལྟ་བུ་ཞིག་འེ་ཡོད་འཚོལ་བ་དེ་ལ། ཕྲག་དོག་ཅན་དང་གཡོ་སྒྱུ་ཅན་ཞེས་བཤད་པ་རེད། དཔེར་ན། རྒྱག་རེས་བྱེད་སྐབས་བྲོས་བྱོལ་བྱེད་པ་དེ་ལ་སྡར་མ་ཟེར་བ་རེད། སེམས་ཅན་ལམ་ལ་ཆས་རྩིས་མེད་པའི་སྐབས་སུ་འདུག་མི་བཟོད་པར་ད་འགྲོ་ཟེར་བ། སོང་ནས་ཀི་བཏབ་ཏེ་ཕན་ཚུན་བསྲེ་བའི་སྐབས་སུ་གར་སོང་མི་ཤེས་པ། འབྲོས་འགྲོ་བ་དེ་ལ་སྡར་མ་ཝ་མོ་ཟེར་བ་རེད། དེ་བཞིན་དུ། གྲྭ་བ་ཞིག་ཡིན་ན་ཡང་ནང་ནས་སྡར་མ་མ་བྱེད། ང་རང་གི་བསམ་ཚུལ་དེ་འདྲ་ཞིག་རེད། འདི་དོན་ཚན་གསུམ་པ་ཆོས་བརྒྱུད་གྲུབ་མཐའ་རིས་མེད་སྒོས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་ཞེས་པ་དེ་ཡིན། ང་ཚོ་སུ་དང་གང་ལ་མཚོན་ན་ཡང་། འདི་ཁོར་ཡུག་ཆུང་ཆུང་སློབ་གླིང་འདི་ལྟ་བུ་ཞིག་གི་དོན་དག་ཙམ་མ་ཡིན་པར་སྤྱི་ཁྱོན་ཞིག་གི་ཆེད་ཡིན། དེ་རིང་ནངས་ཀ་འཛམ་གླིང་སྟེང་ནས་མི་རིགས་གཞན་པ་འདི་ལྟར་མཐོ་སྒང་འདིར་ཐོན་དང་ན། འུ་ཅག་ཀྱང་།ལྕང་མ་བསྡམས་ནས་ཀ་བ་དང་མཛུབ་མོ་ལྔ་བཅིངས་ཁུ་ཚུར་བྱས་ནས། རང་གི་རིག་གནས་ཡོན་ཏན་དང་བཅས་པ་རྨ་མེད་པ་ཕུན་སུམ་ཚོགས་པ་འདི། རང་གི་རྒྱུད་དུ་བླང་ལ་བླངས་པ་མ་ཟད། སྤྱི་ཚོགས་སྟེང་ལ་ཕན་ཐོགས་པ་བྱེད་དགོས། ཁ་དཔེ་ཞིག་ལ། རྡོ་རྗེ་དགྲ་ལ་འཕངས་ན་མཚོན་ཆ་ཡིན། ཟེར་བའི་དཔེ་དེ་བཞིན་དུ། འདིའི་ནང་དུ་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་པ་དང་། ད་དུང་རིག་གནས་ཡོན་ཏན་རིན་ཐང་ལྡན་པ་འདི་ཁྱེར་ནས་ཕྱིར་ཡུལ་ལ་སོང་ན། རང་གི་ལྷ་སྡེ་མང་ཚོགས་དང་རང་གི་དགོན་པ། ལྷག་པར་རང་གི་(ཆོས་དད)མང་ཚོགས་དེ་གཙོ་བྱས་ནས་མི་རིགས་གཞན་པ་དང་། སྤྱི་ཚོགས་ཀྱི་སྟེང་དུ་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་རྒྱུ་ནི། ང་ཚོས་སློབ་སྦྱོང་བྱས་པའི་འབྲས་བུ་ཡིན་ལ། ང་རང་གིས་བཤད་འདོད་པའི་སེམས་གཏིང་གི་རེ་བ་ཡང་ཡིན། དེ་བས་སྐོར་དེ་ལ་སྐད་ཆ་དེ་ལྟ་བུ་ཞིག་གིས་ཆོག་པར་བྱ།།

ད་དོན་ཚན་བཞི་བ། ཁྲིམས་བརྩི་སྡོམ་སྲུང་གི་སྐོར་དེ་རེད།

འདིའི་སྐོར་ལ་ཁ་བརྡ་ཞིག་ཡོད་པ་ནི། བོད་ལ་ཁ་དཔེ་ཞིག་ཡོད་པ། ཡར་ལུང་ཕྱོགས་ཁར་བསྡད་ན། ཡར་ལུང་ཤམ་པོ་མཆོད་དགོས། ཟེར་བ་ལྟར། ང་ཚོ་(སློབ་གླིང་)འདིར་བསྡད་དང་ན། སློབ་གླིང་གི་འགྲིག་ལམ་བརྩི་དགོས། རྒྱལ་ཁབ་ཀྱི་ཁྲིམས་བསྲུང་དགོས། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཤེས་དགོས། ལྷག་པར་པན་ཆེན་བཅུ་བ་ཆེན་པོའི་བཀའ་དྲིན་དྲན་དགོས། ཁོང་གཏན་ནས་བརྗེད་མི་ཉན། ཁོང་གི་བཀའ་དྲིན་གྱིས་ང་ཚོ་ཞིང་ལྗོངས་ལྔ་དང་པེ་ཅིན་བཅས་ཀྱི་ནང་བསྟན་སློབ་གླིང་འདི་དག་ཡོད་པ་ཡིན། སྤྱིར་སློབ་གླིང་ལ་སྒྲིག་ལམ་དང་། དེ་ལ་བདག་གཉེར་དོ་དམ་བྱེད་མཁན་ཞིག་ཡོད་པ་རེད། སྔོན་ལ་རིན་ཆེན་ཀྲུའུ་རིན་གྱིས་བཤད་པ་ནང་བཞིན། འཛིན་གྲྭ་རེ་རེ་ལ་འཛིན་བདག་གཉིས་རེ་བཀོད་སྒྲིག་བྱས་ཡོད་པ་སོགས་འདི་གཙོ་བོ་བདག་གཉེར་དོ་དམ་གྱི་ཕྱོགས་ནས་རེད། དེ་བས་ང་ཡང་བསྐྱར་མང་པོ་ཞིག་བཤད་རྒྱུ་མེད།

ངས་བཤད་རྒྱུ་ནི་ང་ཚོ་སུ་དང་གང་ཡིན་ཡང་། རང་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཞིག་ཡོད་པ་རེད། ལྷག་པར་དེ་རིང་འདི་ན་ཡོད་པའི་བརྒྱ་ཆའི་དགུ་བཅུའི་ཡན་ཆད་ནི་དམར་སེར་ངུར་སྨྲིག་གི་སྡེ་སྟེ་གྲྭ་བ་ཏག་ཏག་རེད། གྲྭ་བ་ཞིག་ཡིན་ན་དེ་ལ་གྲྭ་བའི་སྲུང་བྱ་ཡོད་ནི་རེད། དཔེར་ན། དགེ་ཚུལ་ཞིག་ཡིན་ན་བླང་འདས་སུམ་ཅུ་སོ་དྲུག་དང་། དགེ་སློང་ཞིག་ཡིན་ན། རྩ་བ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་ར་བཅུ་གཉིས་ཡོད་ནི་རེད། མདོར་ན། དགེ་སློང་ཞིག་ལ་བསྲུང་བྱ་ཁྲིམས་ཉིས་བརྒྱ་(ར)ང་བཅུ་ང་བཞི་དེ་འདྲ་ཞིག་ཡོད་པ་རེད། གསང་བ་སྔགས་ཡིན་ན། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཡོད་པ་རེད། འདུལ་བ་ཡིན་ན་(བསྲུང་བྱ)དེ་ལ་སྡོམ་པ། ཞེས་ཟེར་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ན་དེ་ལ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཡང་ཟེར་བ་རེད། སྔགས་ཡིན་ན་དེ་ལ་དམ་ཚིག་དང་སྡོམ་པ། ཞེས་ཟེར་བ་རེད། དེ་ལྟར་བཤད་ཚུལ་ལམ་ཐ་སྙད་སྦྱར་ཚུལ་ཡང་(ཐེག་པ་སོ་སོའི་སྐབས་སུ)མི་འདྲ་བ་རེད། གང་ལྟར་ཀྱང་བསྲུང་དགོས་པ་ཤ་སྟག་ཡིན། བྱང་ཆུབ་སེམས་དཔའི་བསླབ་བྱ་ཡིན་ན་ཡང་། དེ་ལ་རྩ་ལྟུང་བཅོ་བརྒྱདདང་ཉེས་བྱས་ཞེ་དྲུག་ཡོད། གསང་བ་སྔགས་ལ་མཚོན་ན། གསང་བ་སྔགས་ཀྱི་རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད། བརྟུལ་ཞུགས་ཉེར་ལྔ་ལ་སོགས་པ་ཡོད་པ་དེ་རེད། དེས་ན་སློབ་གླིང་འདིར་ཡང་། ང་ཚོས་གཞན་གྱིས་ལྟ་རྟོག་བྱེད་མིན་ལ་མི་བལྟ་བར། རང་རང་རང་རང་གིས་ཁས་བླངས་བའི་ཚུལ་ཁྲིམས་ལ་གཅེས་སྤྲས་ཡག་པོ་ཞིག་བྱེད་རྒྱུ་དེ་རེད། གཅེས་སྤྲས་ཇི་ལྟར་བྱེད་དགོས་ཞེ་ན། ང་ཚོ་ཚང་མ་འདྲ་འདྲ་རེད། དགོན་སྡེ་ཆོས་འཆད་ཉན་བསླབ་པ་སློབ་གཉེར་ཡོད་ས། སྤྱོད་པ་ཡག་ས། སྡོམ་པ་གཙང་ས་ཏག་ཏག་གི་རེད། ད་འདིའི་ནང་དུ་ཕེབས་དང་ན། ང་ཚོ་ཕྱིར་འགྲོ་དུས་སྔོན་ལས་ལྷག་པའི་ཡོན་ཏན་དང་དེ་ལས་ལྷག་པའི་སྤྱོད་ལམ་ཞིག་འཛོམས་ནས། ཁྲིམས་བཅའ་དག་གཙང་མ་ཞིག་བྱས་ནས་འགྲོ་རྒྱུ་དེ་ང་རང་གི་རེ་བ་རེད། སྡོམ་ཁྲིམས་དེ་ནི་རང་རང་གི་ཁས་བླངས་རེད། དམ་ཚིག་རེདསྡོམ་པ་རེད། དེ་བས་སློབ་གྲྭའི་ཁོར་ཡུག་འདི་ནས་བསྡད་ན། རང་རང་གིས་རང་རང་ལ་བདག་བྱོས། རང་རང་གིས་རང་རང་གི་སྒྲིག་ལམ་དེ་བརྩི་སྲུང་བྱས་དང་ན། སྒྲིག་ལམ་ཟེར་བ་དེ་བཤད་ན་དཀའ་མོ་ཞིག་ཡིན་མོད།བརྩིས་དང་ན་ལས་སླ་མོ། ཡང་མོ་ཞིག་ཡིན། ང་ཚོ་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་འདི་ཁྲི་ཀའི་ཡུལ་འདི་ནས་བཙུགས་ཏེ་ཆེས་ཐོག་མར་སློབ་མ་ཡོང་བའི་སྐབས་དང་པོའི་འཛིན་གྲྭ་རེད། དེ་བས་ང་ཚོས་མཉམ་དུ་དཀའ་སྡུག་དང་། ཡང་ན། ལས་ཚེགས་ལ་མགོ་བོ་མི་སྒུར་བར་ཡོན་ཏན་(སློབ་པ་)དང་སློབ་གྲྭའི་སྒྲིག་སྲོལ་ནན་ཏན་སྒོས་བརྩི་སྲུང་བྱེད་དགོས།

མཐར་གཏུགས་ན། འཛིན་གྲྭ་རེ་ལོ་བཞི་ཡི་རིང་རྐང་རེད། དྲང་མོར་བཤད་ན་ལོ་བཞི་ཞེས་པ་རིང་བའི་སྣང་ཚུལ་ཡོད་མོད། འོན་ཀྱང་། སྔོན་ཆད་པེ་ཅིན་ནང་བསྟན་སློབ་གྲྭ་ལྟ་བུ་ཞིག་ཡིན་ན། སློབ་ཡུན་ལོ་གཉིས་རེད། བོད་ལྗོངས་ནང་བསྟན་སློབ་གླིང་ལྟ་བུ་ཞིག་ཡིན་ན་ཡང་ལོ་གཉིས་ཀྱི་ཡུན་དུ། གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་བོ་ཁྲིད་ནས་ཚར་ཏུ་བཅུག་པ་རེད། ལོ་གཉིས་ཀྱི་རིང་ལ་གཞུང་བཀའ་པོད་ལྔ་བོ་དང་སྔགས་རྒྱུད་སྡེ་བཞི། ཐུན་མོང་རིག་གནས་དང་བཅས་པ་སྦྱངས་ནས་ཚར་སོང་བ་རེད། ཞེས་བཤད་ན་བཟང་ངམ། ལོ་བཞི་ཡི་རིང་ལ་གཞུང་བཀའ་པོད་ལྔ་བོ་ད་དུང་ཅུང་ཟད་ཚར་མེད་ཀི་ཞེས་བཤད་ན་བཟང་གི། ང་རང་གིས་བལྟས་ན། རིག་(པའི)གནས་དེ་བཅའ་དག་ཅིག་སློབ་ནས་བཅའ་དག་ཅིག་ཤེས་དགོས་ན། ལོ་བཞི་ཡིན་ན་ར་ཐུང་ཚོད་རེད་འདོད་ཀི་ཡོད། དྲང་མོར་བཤད་ན། ལོ་གཅིག་ལ་ཕར་ཕྱིན་སོང་(རྫོགས)ལོ་གཅིག་གི་རིང་ལ་ཚད་མ་སོང་(རྫོགས)། དེ་ནས་ལོ་གཉིས་ཀྱི་རིང་ལ་དབུ་མ་དང་མཛོད་འདུལ་སོང་(རྫོགས་སུ་བཅུག)། དེ་དེ་ལྟར་རྫོགས་ཐུབ་བམ།གཅིག་གིས་བཏོན་ནས་གཅིག་གི་ཉན་ན་ར་ལོག་འགྲོ་བ་རེད།ཧཧཧ། ང་རང་གི་ཉམས་མྱོང་དང་དཀའ་སྡུག་གི་སྟེང་ལ་འདང་ཞིག་བརྒྱབ་ནས་བཤད་ན། ངས་སྔོན་ཆད་བླ་བྲང་ནས་མི་ལོ་བཅུ་གཉིས་རིང་ལ་དཔེ་ཆ་བལྟས་ཏེ་བརྩོན་པ་བསྐྱེད་ཀྱང་གཞུང་བཀའ་པོད་ལྔ་བོ་ད་རུང་མ་རྫོགས་ཐ། དེས་ན་ལོ་གཉིས་ལ་བཀའ་པོད་ལྔ་རྫོགས་སོང་། མདོ་སྔགས་གཉིས་ཁྲིད་ཚར་སོང་། རིག་གནས་ཚང་མ་ཁྲིད་ཚར་སོང་། ཟེར་ན། དེ་འདྲ་ཞིག་སློབ་ནས་མིང་སྐམ་དེ་བླངས་ནས་འགྲོ་བ་ལས་མ་བསླབ་ནའང་བཟང་ཀི་འདོད། ངོ་མས་བཤད་ནས། སློབ་རྒྱུ་ཡིན་ན་རང་གིས་ཀྱང་དཀའ་སྤྱད་སྡུག་རུས་ཞིག་བྱས། ཆོས་ལ་དཀའ་སྤྱད་སྡུག་རུས་ཞིག་དགོས་པ་རེད། དོན་གཉེར་མེད་ན།(ཡོན་ཏན་)ལྡུམ་བུ་རག་འབྱར་དང་འདྲ་བར་ཚུར་སྟེང་ལ་འབྱར་ཡོང་ནི་མ་རེད། རང་གིས་ཀྱང་དཀའ་སྤྱད་བརྩོན་འགྲུས་དང་དོན་གཉེར་བྱས། དགེ་རྒན་འཛོམས་པའི་དུས་སུ་སློབ་ཁྲིད་ཡག་པོ་ཞིག་ཉན། ལོ་གཉིས་ཀྱི་རིང་ལ་ཚད་མ་སྦྱངས། ལོ་གཉིས་ཀྱི་རིང་ལ་ཕར་ཕྱིན་སྦྱངས། དེ་ནས་དམ་བཅའ་བཞག རྒྱུགས་ཡག་པོ་སྤྲད་ནས་མཐར་ཕྱིན་ཐོབ་ཐང་བླངས། དེ་ནས་དེ་བཞིན་ལོ་བཞི་ལ་དབུ་མ་དང་་མཛོད་འདུལ་ལ་སློབ་ན། ད་གཟོད་གཞུང་བཀའ་པོད་ལྔ་བོ་སློབ་གཉེར་བུད་(རྫོགས)སོང་ནི་རེད། དེ་ལྟར་ལོ་བརྒྱད་ཀྱི་རིང་ལ། གཞུང་བཀའ་པོད་ལྔ། མདོ་སྔགས་གཉིས། རིག་གནས་སུམ་རྟགས་སྙན་ངག་སྒྲ་ལ་སོགས་པ་ཐུན་མོང་རིག་གནས་རྣམས་ཀྱང་ཞོར་དུ་(ཤེས)་སོང་ན། ད་གཟོད་རང་གི་སེམས་ཡིན་ན་ཡང་སྐྱིད་པོ་ཞིག་ཡིན་ནི་རེད། ཕར་ཕྱིན་ནང་ན་འདི་འདྲ་ཞིག་ཡོད་ལ། གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་ལམ་ཤེར་ཕྱིན་ལ་ཉམས་ལེན་འཚང་རྒྱ་ཁའི་བར་དུ་དགོས། གསུངས་ཡོད་པ་ལྟར་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།

 རིག་པ་ནངས་པར་འཆི་ཡང་བསླབ།།

ཚེ་འདིར་མཁས་པར་མ་གྱུར་ཀྱང་།།

སྐྱེ་བ་ཕྱི་མར་བཅོལ་བ་ཡི།།

ནོར་ལ་རང་ཉིད་ལེན་དང་མཚུངས།།

ཞེས་པ་ལྟར་ཐོས་བསམ་སྒོམ་པ་མི་ཚེ་དང་སྙོམས་དགོས།

དེ་ལྟར་མ་ཡིན་པར། བསྟན་པའི་སྒྲོན་མེ་ཚང་གིས།

གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་ཅན།།

ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ།།

ལྟོ་སྐྱ་གོས་ལྷུལ་ཐོས་དང་ཚུལ་ཁྲིམས་ཀྱི།།

བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང་།།

གཏན་གྱི་སྐྱེད་སྡུག་འདྲ་འདྲ་མིན་ནོ་ཨང་།།

ཞེས་བ་བཞིན་རེད། ཁ་ནས་བླ་མ་སྐྱེས་བུ་དམ་པ། དགེ་བཤེས་ཆེན་མོ། མཁན་ཆེན། ཞེས་ཟེར། བལྟས་ན་ར་ཚང་མའི་ནང་ན་མགོ་འབུར་སེ་ཡོད་ནི་རེད། དེ་ལ་སོང་ནས་(གཞུང་དོན་གནད་འགག་)ཅིག་དྲིས་ན་ཅང་ཤེས་ནི་མ་རེད། དེའི་མིང་ལ་ཐན་སྙེ་མགོ་མཐོ། ཟེར་ནི་རེད།ཧཧཧཧ། དེ་ལྟར་མ་ཡིན་པར། བཅུད་ལྡན་སྙེ་མའི་མགོ་བོ་དམའ་བ་བཞིན་དུ། མདོ་སྔགས་རིག་གནས་(དང་)བཅས་ལོ་བརྒྱད་ཀྱི་རིང་ལ་སྦྱངས་ནས་བཅུད་ལྡན་སྙེ་མའི་མགོ་བོ་མར་ལ་གུག་གུག་བྱས་ནས་ཐོན་དང་ན་དེ་ནི་རིག་གནས་ཡོན་ཏན་གྱི་གཏེར་ཁ་ཞིག་ཡིན་ལ། དེ་ནི་ད་གཟོད་རིག་གནས་ཡོན་ཏན་དང་ལྡན་པ་ཟེར་བ་རེད། ང་རང་ཉིད་ཡིན་རྒྱུ་ན་ངས་ལོ་མང་པོ་ཅན་དེ་འདེམས་ངེས་ཡིན། ལོ་ཆུང་དུས། རིག་པ་ཆེས་གསལ་པའི་དུས་སུ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད། ས་སྐྱ་པན་ཆེན་གྱིས། རིག་པ་གཞོན་པའི་དུས་ན་སློབས།། བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་དྲོད་གཤེར་ལྡན་དུས་རྨོ།། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།། ཞེས་པ་ལྟར་རེད།   ལོ་ཤོར་སོང་ན་སྔོན་དང་མི་འདྲ་བས་ད་ཅང་མེད་ཁུ། དེ་འདྲ་ཞིག་ཡིན་པས་ལོ་བརྒྱད་འདི་མང་གི་ཟེར་ན་ཉུང་ལ། ཉུང་གི་ཟེར་ན་མང་བ་ད་འདི་འདྲ་ཞིག་རེད། རང་རང་ལ་རིག་གནས་ཡོན་ཏན་སློབ་སྦྱོང་བྱེད་པའི་ཀུན་སློང་ཡོད་ན་སྦྱངས་པའི་སྐབས་རེད། དེ་སྔོན་ཟི་ཁྲོན་ནས་ཀྲུང་དབྱང་འཐབ་ཕྱོགས་པུའུ་དང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གཉིས་ཀྱིས་མགོ་བསྡུས་ནས་ཚོགས་འདུ་ཞིག་ཚོགས་ལ་ང་ཡང་དེའི་སྟེང་དུ་སོང་ནས། ནང་དོན་ཡིན་ན་ཞིང་ལྗོངས་ལྔའི་ནང་བསྟན་སློབ་གྲྭ་དང་པེ་ཅིན་ནང་བསྟན་སློབ་གྲྭ་བཅས་དྲུག་པོ་འདིས་སློབ་དེབ་གཅིག་གྱུར་གྱི་གྲོས་གཞི་འདོན་རྒྱུ། དེའི་སྟེང་ལ་ང་ཚོས་སྟོབས་ཤུགས་འདོན་རྒྱུ་དང་དེའི་སྟེང་གི་འཆར་གཞི་འཐེན་གོ་ཁུ།དེའི་སྟེང་ན་རྒྱ་ཞིག་གིས་འདི་ལྟར་བཤད་ཀོ་ཁུ། དེ་འདྲ་མང་བོ་ཞིག་སློབ་ཐུབ་པ་མ་རེད། འདི་དག་ཀྱང་མི་ཡིན་པས་ཉིན་མཚན་གཉིས་ཀ་འདོན་དགོས་ཟེར། དེ་ལྟར་བྱས་ནས་ཅི་བྱ།སྣང་བ་སྐྱིད་པོ་བྱོས་ཟེར་ནས་ཤ་ཚ་ཁུལ་བཤད་བཞིན་ཡོད། ད་མང་པོ་མི་བཤད། གང་ལྟར་ཀྱང་། ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཞེས་པ་ལྟར་མདོ་རྩ་བཤད་ན། ང་ཚོ་རང་གི་སྐྱེ་བ་སྔོན་མའི་གྲ་སྒྲིག་དང་བསོད་ནམས། ད་ལྟའི་སྨོན་ལམ་གྱི་དབང་གིས་འདི་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྨོན་ལམ་བཏབ་ནས་ལམ་འདི་ལ་ཞུགས་དང་ན། ང་ཚོ་ལ་ཡང་འགན་ཁུར་ཞིག་ཡོད་པ་རེད། འགན་ཁུར་ཅི་ཞིག་ཡིན་ཟེར་ན། རང་ཉིད་འཇིག་རྟེན་འདིའི་སྟེང་ཅི་འདྲ་ཞིག་ལ་འདུག་ན། དེའི་རིང་ལ་སློབ་སྦྱོང་བྱེད་རྒྱུ་དང་ཉམས་ལེན་བྱེད་རྒྱུ། རང་གི་སློབ་སྦྱོང་དང་ཉམས་ལེན་བྱས་པའི་ནུས་པ་ཡོན་ཏན་དེ་བཀོད་ནས་གཞན་པ་ལ་ཕན་ཐོགས་པར་བྱེད་རྒྱུ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ་དེ་གཉིས་མ་གཏོགས་མེད་ཁུ། དེ་བས་ལོ་ངོ་བཞི་དེ་ང་ཚོ་ལ་མཚོན་ན་རིང་རྒྱུ་མེད་ཁུ། གང་ནས་བསྡད་ཀྱང་སློབ་སྦྱོང་བྱེད་དགོས། གང་ནས་བསྡད་ཀྱང་ཉམས་ལེན་བྱེད་དགོས། འདི་ལ་བུད་ཡོང་ན་འདུས་ས་ཁང་པ། ཟ་འཐུང་སོགས་ཚགས་སུ་བྱས་ཡོད་པས་ཅ་ནེ་ལག་ལ་བཟུང་ནས་ཤར་སེ་འཐུང་གི་བུད་འགྲོ་རྒྱུ་མ་གཏོགས་མེད་ཁུ། དེ་བས་མཐུན་རྐྱེན་འདི་འདྲ་ཞིག་འཛོམས་པའི་གནས་འདི་ནས་འཛོམས་པ་འདི། རང་རང་གི་བསོད་ནམས་ཀྱང་ཡིན་ལ་གོ་སྐབས་འདི་དམ་འཛིན་བྱེད་དགོས་པའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད། བསྟན་པའི་སྒྲོན་མེ་ཚང་གི་བསླབ་བྱ་ནོར་བུའི་གླིང་དུ་བསྒྲོད་པའི་ལམ་ཡིག་གི་ནང་ན་འདི་འདྲ་ཞིག་ཡོད།

དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་འཇལ།།

མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས།།

མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ།།

ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས།།

ཕྱི་བཤོལ་སྤངས་ཏེ་སྙིང་པོ་ལོངས་ཤིག་ཨང་།།

ཞེས་གསུངས་པ་དང་།ད་རུང་།

ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།།

བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།།

རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།།

བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།།

འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།།

    ཞེས་པ་སོགས་སློབ་གཉེར་བྱེད་ཚུལ་འདི་ལྟ་བུའི་ཚིག་སྦྱོར་གནད་ཆེན་མང་པོ་གསུངས་ཡོད་པ་རེད། དོན་ནི་དལ་བཅུ་འབྱོར་བཅུ་ཚང་ཞིང་མཐུན་རྐྱེན་རྟེན་འབྲེལ་འཛོམ་དུས།དལ་བའི་རྟེན་ལ་སྙིང་བོ་ཞིག་ངེས་ཅན་དུ་ལེན་དགོས། མ་བླངས་ན་དེ་ལས་ལྷག་པའི་རང་ཉིད་ཀྱིས་རང་ཉིད་བརླག་རྒྱུ་ཞིག་དང་རང་ཉིད་ཀྱིས་རང་ཉིད་བསླུས་པ་ཞིག་ཡོད་པ་མ་རེད། དེས་ན་ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱེད།

ད་དུས་ཚོད་གཅིག་དང་སྐར་མ་བཅོ་ལྔ་འགོར་སོང་ཟིགདེ་ཙམ་གྱིས་ཆོག་པ་བྱ། ནོར་འཕྱུགས་ཡོད་ན་བཟོད་པར་གསོལ། དགེ་སློབ་ཚང་མ་བཀའ་དྲིན་ཆེ།།

(ཉིས་སྟོང་བཅུ་དྲུག་ལོར་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ཕྱི་དྲོ་ལ)

ཟུར་བཀོད།

    ཡི་གེར་འགོད་པ་པོ་ང་རང་ཉིད་ཀྱི་བསམ་ཚོར་ཉུང་བསྡུས། ཁོང་ཨོའུ་རྒྱ་རིན་པོ་ཆེ་ཚང་གི་གསུངས་བཤད་གསེར་ནག་གི་རིལ་བུ་ལས་ཀྱང་ལྷག་པ་འདི་ངས་ཚར་དུ་མ་ཁ་ཚང་ཉན། ཉན་གྱིན་ཉན་གྱིན་གོ་བདེ་ལ་དོན་ཟབ་པ། བསམ་གྱིན་བསམ་གྱིན་གཞུང་དོན་ཟབ་མོ་བློ་ཐོག་ནས་འདི་ལྟར་བཤད་པར་ཧ་ལས་སོང་། ཚིག་གི་སྡེབ་སྦྱོར། ངག་གི་སྒྱུ་རྩལ། རིག་པའི་དཔྱད་པ། གཞུང་གི་གོ་བ། དོན་གྱི་འབབ་ས། སྐབས་ཐོབ་ཀྱི་བརྗོད་བྱ་ཐམས་ཅད་མ་འདུས་པ་མེད་པས་ཡ་མཚན་པ། གང་ལ་གསུངས་པའི་ཡུལ་རབ་བྱུང་ངུར་སྨིག་གི་སྡེ། ཐོས་བསམ་གྱི་སྡེ། ཉམས་ལེན་གྱི་སྡེ། འདུལ་བ་བསྲུང་བའི་སྡེ་དེ་ལ་འདི་ལྟར་གསུངས་པ་རྣག་ལ་གཏར་ཁ་བཞིན་གནད་ཐོག་ཏུ་ཁེལ་ཡོད་པ། ལྷག་པར་དུས་ཚོད་ཐུང་ངུ་དེ་ཙམ་གྱི་རིང་ལ་བརྗོད་བྱ་ཉིང་བསྡུས་འདི་འདྲ་མང་པོ་ཞིག་གསུངས་ཡོད་པས་ཡིད་རབ་ཏུ་འཕྲོག་སོང་། སྐྱབས་སུ་མཆི་ཁོང་སྐུ་ཚེ་རྒྱལ་མཚན་བརྟན་པར་སྨོན། དེ་ལྟར་བསམ་བཞིན་རང་གི་ཚོགས་ཙམ་གསོག་ཕྱིར་དུ་ཡི་གེར་ཕབ་པའི་ལས་སུ་ཞུགས་པ་ཡིན། ལས་ཚོགས་ཀྱི་ཞོར་དུ་སྒྲ་ལ་ཉན་བཞིན་ཡི་གེར་ཕབས་པ་ཡིན་པས་བྲེལ་ཟིང་ཆེ་ལ། སྒྲ་བླངས་པ་ལན་རེར་གསལ་ལ་ལན་རེར་མི་གསལ་བ། ཕྲན་ནང་བསྟན་གྱི་གཞུང་ལ་སྦྱངས་པ་ཞན་པ་བཅས་ཀྱིས་གོ་ནོར་བྱུང་བ་ངེས་ཅན་དུ་ཡོད་པས། ཀློག་མཁན་རྣམ་པར་དགོངས་དག་ཞུས་པ་ཡིན།།

ཐམས་ཅད་ཡོན་ཏན་རྫོགས་པའི་བླ་མ་ནི།།

སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཁམས།།

གདུལ་བྱའི་ཁམས་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན།།

དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད།།

   ཞེས་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དུ་དགེ་བསྙེན་བློ་གྲོས་རྒྱལ་མཚན་གྱིས་བྲིས་པ་དགེ་གྱུར་ཅིག།།།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503141
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།