འཇམ་དབྱངས་གང་བློ་མའི་འགྲེལ་བ་བཞུགས་སོ།།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »འཇམ་དབྱངས་གང་བློ་མའི་འགྲེལ་བ་བཞུགས་སོ།།
འཇམ་དབྱངས་གང་བློ་མའི་འགྲེལ་བ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-12-09ལྟ་ཀློག (3673)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།འཇམ་དབྱངས་གང་བློ་མའི་འགྲེལ་བ་བཞུགས་སོ།།


                           ཞང་སྟོན་བསྟན་པ་རྒྱ་མཚོ།

ན་མོ་གུ་རུ།
རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས།།
རྒྱལ་སྲས་གཞོན་ནུའི་ཚུལ་བཟུང་ནས།།
རྒྱལ་བའི་བསྟན་པ་གསལ་མཛད་པ།།
རྒྱལ་ཀུན་འདུས་ཞལ་དེ་ལ་འདུད།།
      དེ་ལ་འདིར་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་ཚིག་གི་དོན་ཅུང་ཟད་འགྲེལ་བར་བྱའོ།།  དེ་ཡང་གང་སྤྱི་སྒྲ་ཡིན་པས་བྱེ་བྲག་ལ་སྦྱར་ཚེ་རྗེ་བཙུན་ཉིད་ལ་བྱའོ།། གི་ནི་འབྲེལ་སྒྲ་ཡིན་པས་ཚིག་འོག་མ་དང་འབྲེལ་བས་དེའི་ཡོན་ཏན་སྟོན་པའོ།།   བློ་གྲོས་ནི་རྗེ་བཙུན་གྱི་ཐུགས་རྒྱུད་ཀྱི་མཁྱེན་པའོ།།    མཁྱེན་པ་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་དང་བྲལ་ཞིང་།  ཆོས་ཉིད་དོན་དམ་བདེན་པའི་མཁའ་ལ་གཉིས་སྣང་དང་བྲལ་བའི་ཡེ་ཤེས་མཉམ་བཞག་ལས་སླར་མི་ལྡང་བར་ཉི་མའི་དཀྱིལ་འཁོར་ལྟར་རང་བཞིན་གྱིས་རྣམ་པར་དག་པས་རབ་ཏུ་གསལ་བས་ཇི་སྙེད་པ་ཀུན་རྫོབ་པའི་དོན་རྣམས་ཀྱི་རྟེན་འབྲེལ་གྱི་གནས་ཚུལ་ཇི་བཞིན་དུ་གཟིགས་པ་མཚོན་པའི་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་བསྣམས་པའོ།། ཚིག་རྐང་འདི་གཉིས་ཀྱིས་གློ་བུར་དྲི་བྲལ་དང་རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་གཉིས་དང་ཟག་མེད་ཡེ་ཤེས་ཆོས་ཀྱི་སྐུ་ཡང་བསྟན་ཏོ།།  དེའི་ཚུལ་ནི་རྗེ་བཙུན་ཉིད་ཀྱི་ཐུགས་རྒྱུད་ཐོག་མ་མེད་པ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ།  གློ་བུར་གྱི་སྒྲིབ་པའི་སྤྲིན་གྱིས་གཡོགས་པ་དེ་ཉིད་ས་བཅུའི་བར་ཆད་མེད་ལམ་གྱིས་རིམ་པར་སྤངས་ཏེ་གཏན་དུ་བྲལ་བ་ན་གདོད་མ་ནས་རང་བཞིན་གཅིག་ཏུ་གནས་པའི་དོན་དམ་ཆོས་ཉིད་ལ་གཉིས་སྣང་ནུབ་པའི་ཡེ་ཤེས་དེ་ཉིད་ཀྱིས་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱང་མངོན་སུམ་དུ་ས་ལེར་གཟིགས་པ་ནི་སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ།།  དེ་མཚོན་ཕྱིར་གླེགས་བམ་བསྣམས་པར་གསུངས་པ་ཡང་། མི་སློབ་པའི་ཡེ་ཤེས་དེ་ཉིད་ཀྱི་རྒྱུ་སློབ་པའི་གནས་སྐབས་སུ་ཐོས་བསམ་སྒོམ་གསུམ་ལ་བསྐལ་བ་དུ་མར་བསླབ་པའི་ཚུལ་སྟོན་བྱེད་ཡིན་པས་དོན་གྱི་འགང་ཤིན་ཏུ་ཆེའོ།།
    སེམས་ཅན་གང་དག་སྲིད་པ་སྟེ་འཁོར་བའི་གནས་སྡུག་བསྔལ་དུ་མའི་འབྱུང་གནས་སུ་གྱུར་པའི་བཙོན་ར་ལྟ་བུ་འདིར་མ་རིག་པའི་མུན་པ་འཐུག་པོའི་ནང་དུ་མགོ་འཐོམ་ཞིང་རྨོངས་པ།  སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བའི་འགྲོ་བའི་ཚོགས་ཀུན་ལ་དཔག་ཏུ་མེད་པའི་བསྐལ་པར་གོམས་པའི་བུ་གཅིག་བུ་ལྟ་བུར་བརྩེ་བ་ནི་ཡེ་ཤེས་ཆོས་ཀྱི་སྐུ་ལ་ཐབས་ཤེས་གཉིས་སུ་ཕྱེ་བའི་ཐབས་ཁྱད་པར་ཅན་ཡིན་ནོ།།  ཟག་མེད་ཆོས་ཀྱི་སྐུ་དེའི་བྱེད་ལས་སམ། འཕྲིན་ལས་ཀྱི་གཙོ་བོ་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པའི་གསུང་འབྲུག་ལྟར་ཆེར་སྒྲོགས་པས་འགྲོ་བ་རྣམས་ཉོན་མོངས་པའི་གཉིད་ལས་སློང་ཞིང་འཁོར་བར་འཆིང་བའི་ལས་ཀྱི་ལྕགས་སྒྲོག་དགྲོལ་བར་མཛད་པ་དང་།   ལས་ཉོན་དེ་དག་གི་རྩ་བ་བདག་ཏུ་འཛིན་པའི་མ་རིག་པའི་མུན་པ་དྲུངས་ནས་ཕྱུང་སྟེ།   དེ་དག་གི་འབྲས་བུ་འཁོར་བར་སྐྱེ་བའི་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་པ་ཐམས་ཅད་རྩད་ནས་གཅོད་པར་མཛད་པ་མཚོན་ཕྱིར་ཤེས་རབ་ཀྱི་རལ་གྲི་བསྣམས་པའོ།།   འདི་ཡན་ཆད་ཀྱིས་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་དང་། སྤངས་རྟོགས་དེ་གཉིས་ཀྱི་བྱེད་ལས་གསུང་གི་ཡོན་ཏན་དང་།  རང་རྒྱུད་ཀྱི་ཡོན་ཏན་ཁྱད་པར་ཅན་དེའི་སྟོབས་ཀྱིས་གདུལ་བྱ་གཞན་རྒྱུད་ཀྱི་སྡུག་བསྔལ་གྱི་རྩ་བ་འཁོར་བའི་སྐྱེ་བ་དང་།  དེའི་རྒྱུ་ལས་དང་ཉོན་མོངས་པ་རྩ་བ་བདག་འཛིན་དང་བཅས་པ་ལས་གྲོལ་བར་བྱེད་ཚུལ་དང་དེ་ཡང་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྐྱེད་པ་ལ་རག་ལས་པར་སྟོན་པ་སྟེ།  བདེན་བཞིའི་འཇུག་ལྡོག་གི་སྒོ་ནས་འགྲོ་བའི་དོན་མཛད་ཚུལ་ལོ།། དེ་རྩ་ཚིག་དང་སྦྱར་ན་སྡུག་བསྔལ་མྱུ་གུ་ཞེས་པས་སྡུག་བདེན་དང་།  མ་རིག་མུན་འཐོམ་ཞེས་སོགས་ཀྱིས་སྡུག་བསྔལ་གྱི་རྒྱུ་ལས་དང་། 
དེའི་རྩ་བ་ཉོན་མོངས་པ་རྣམས་དང་། དེ་དག་གི་རྩ་བ་བདག་ཏུ་འཛིན་པའི་མ་རིག་པ་རྣམས་བསྟན་ཏེ་སྡུག་བདེན་དང་ཀུན་འབྱུང་ངོ་།།  ཤེས་རབ་ཀྱི་རལ་གྲི་བསྣམས་པར་གསུངས་པས་ནི་གཉེན་པོ་ལམ་གྱི་བདེན་པ་དང་།  ཉོན་མོངས་པའི་གཉིད་ལས་སློང་བར་གསུངས་པས་ནི་ཐོབ་བྱ་འགོག་པའི་བདེན་པ་བསྟན་ཏེ།  ཐེག་པ་གོང་འོག་ཐུན་མོང་གི་ལམ་གྱི་བགྲོད་ཚུལ་ལོ།།  གོང་དུ་སྒྲིབ་པ་གཉིས་ཀ་སྤངས་པ་དང་། ཐབས་ཤེས་ཁྱད་པར་ཅན་མངའ་བར་གསུངས་པས་ནི་ཐེག་པ་ཆེན་པོའི་ལམ་གྱི་བགྲོད་ཚུལ་བསྟན་ཏོ།། འོག་ནས་འབྱུང་བ་ལྟར་ས་བཅུའི་ལམ་གྱི་བགྲོད་པའང་གསུངས་པས་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །  སྟོན་པ་བདེ་གཤེགས་སྐྱོབ་ཅེས་གསུངས་པ་ལྟར་རྒྱུ་དང་འབྲས་བུའི་དུས་ཀྱི་ཡོན་ཏན་གྱི་ཚོགས་ཡོངས་སུ་རྫོགས་པ་སྟོན་པས་བརྗོད་བྱ་རྒྱ་ཤིན་ཏུ་ཆེའོ།། བསྟོད་པའི་དོན་བསྡུ་བ་དང་བཅས་ཏེ་གཟུགས་ཀྱི་སྐུའི་ཡོན་ཏན་བརྗོད་པ་ནི།  གདོད་མ་ནས་སམ་རང་བཞིན་གྱིས་རྣམ་པར་དག་པའི་སེམས་ཀྱི་རང་བཞིན་དེ་ཉིད་ལ་སྒྲིབ་པའི་དྲི་མ་རྣམས་ས་བཅུའི་ལམ་གྱིས་རིམ་པ་བཞིན་དུ་སྤངས་ཤིང་རྟོགས་པའི་ཡོན་ཏན་གྱི་རིགས་རྣམས་ཀྱང་ས་སོར་གོང་ནས་གོང་དུ་འཕེལ་ཏེ་ས་བཅུའི་མཐར་སོན་ནས་ཡོན་ཏན་གྱི་ལུས་ཡོངས་སུ་རྫོགས་པར་གྱུར་ཀྱང་རྒྱལ་སྲས་ཐུ་བོའི་ཚུལ་བཟུང་བ།  བཅུ་ཕྲག་བཅུ་དང་བཅུ་གཉིས་སྟེ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་རྒྱན་གྱིས་སྤྲས་པའི་གཟུགས་ཀྱི་སྐུ་དྲན་པ་ཙམ་གྱིས་ཀྱང་བདག་ཅག་གི་བློའི་མུན་པ་མ་ལུས་པ་སེལ་བར་མཛད་པའི་འཇམ་པའི་དབྱངས་ལ་འདུད་ཅེས་པའོ།། 
     བསྟོད་པ་འདི་ནི་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་ཅེས་འབྱུང་ལ་པཎྜི་ཏ་མང་བོས་ཕྱོགས་གཅིག་ཏུ་མཛད་ཅེས་ཀྱང་གྲགས་སོ།། ཕན་ཡོན་ནི་གོ་སླ་བས་མ་བྲིས་ལ། དེ་ལྟར་ཡིད་ཆེས་ཀྱི་དད་པ་བྱེད་པ་ཤིན་ཏུ་གལ་ཆེའོ།། ཞེས་པ་འདི་ནི་བསྟན་པའི་རྩ་ལག་དམ་པར་གྱུར་པ་མཁན་པོ་སྤྲུལ་པའི་སྐུ་རིམ་པོ་ཆེ་ངག་དབང་མཚན་ཅན་གྱི་སྐུ་ཚ་དཔྱོད་ལྡན་དགེ་ཚུལ་དམ་ཆོས་རྒྱ་མཚོས་བསྐུལ་ངོར།  ༧དགེ་སློང་བསྟན་པ་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་ལུང་རྟོགས་རྒྱ་མཚོའོ།།

ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ་ལས་བཤུས།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ།  སེང་དཀར།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། omes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870541
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号