བོད་ལ་བོད་རྩིས་ཟེར་བ་ཞིག་ཡོད་དམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ལ་བོད་རྩིས་ཟེར་བ་ཞིག་ཡོད་དམ།
བོད་ལ་བོད་རྩིས་ཟེར་བ་ཞིག་ཡོད་དམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-28ལྟ་ཀློག (3818)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ལ་བོད་རྩིས་ཟེར་བ་ཞིག་ཡོད་དམ།

ལྡོང་ཡོན་ཏན་རྒྱ་མཚོ།

      ཉིན་འདི་ཚོར་བོད་པའི་དྲ་ངོས་ཕལ་ཆེར་གྱི་བརྗོད་གཞི་དང་དྲ་ཚོམས་མང་བོ་ཞིག་གི་གླེང་གཞི་ནི། ད་ཐེངས་ཀྱི་ཟླ་བ་དེ་རྗེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་ཟླ་བ་ཡིན་མིན་དང་། གལ་ཏེ་མིན་ན་གདུང་མཆོད་ལ་དམིགས་ཏེ་མཆོད་འབུལ་བྱས་ན་དགེ་རྩ་འབྱུང་མིན། མཁས་པ་གཅིག་ལ་སྐུ་གཤེགས་པའི་ཉི་མ་གཉིས་ཡོད་མེད། རྒྱ་རྩིས་སམ་ལུགས་རྙིང་གི་རྩིས་ལྟར་བརྩིས་ན་རྒྱ་ལ་དགའ་ཐལ་ཆེ་བའམ་སྦྲགས་སྐད་བཤད་པ་དང་འདྲ་མཚུངས་ཡིན་པ། ཁྱད་པར་དུ་རྩིས་གཞི་གཅིག་ལ་མ་བབས་ན་བོད་པའི་གཅིག་གྱུར་གྱི་བསམ་བློ་དང་གཅིག་གྱུར་གྱི་སྟོབས་ཤུགས་སོགས་ལ་གནོད་པ་ཆེ་རབས་སོགས་སེམས་ཁྲལ་གྱི་སྐོར་རྐྱང་རྐྱང་རེད་དོ།།དོན་དངོས་སུའང་ང་ཚོའི་ཆོས་དང་འཇིག་རྟེན་གཉིས་ཀའི་དུས་ཆེན་དག་མདོ་དབུས་ཁམས་གསུམ་སྤྱིས་རྩོད་པ་མེད་པའི་སྒོ་ནས་གཅིག་གྱུར་གྱིས་རོལ་ཐུབ་པ་ཞིག་བྱུང་ན། དེ་ལས་དགའ་བ་དང་སྤྲོ་བ་ཞིག་གང་ན་ཡོད། ང་ཡང་གཅིག་གྱུར་གྱི་ལས་འདིར་ཆེས་ཆེར་བློ་མོས་ཡོད་མཁན་ཞིག་ཡིན་ཞེས་བཤད་སྤོབས།

       དོན་ངོ་མར་བོད་ལ་ད་སྐབས་བོད་རྩིས་ཟེར་བ་ཞིག་ཡོད་དམ། ཡོད་ན་ལག་ལེན་ལ་འདེབས་ཀྱིན་ཡོད་དམ། དུས་འཁོར་ལུགས་སམ་ཡོངས་གྲགས་སུ་སྐར་རྩིས་ཞེས་པ་དེ་བོད་རྩིས་ཡིན་ནམ། ཡང་ན་ཧོར་རྩིས་ཟེར་བ་དེ་བོད་རྩིས་ཡིན་ནམ།

       དུས་འཁོར་ལུགས་ཀྱི་བརྩི་སྟངས་དེ་ནི་གནའ་བོའི་རྒྱ་གར་གྱི་བརྩི་སྟངས་ལ་བསྟུན་ཅིང་། ཧོར་ཟླ་ཞེས་པ་ཡང་མཐར་གཏུགས་ན་སོག་པོའི་རྩིས་མ་ཡིན་ནམ། དེས་ན། ལ་ལའི་བཤད་སྟངས་ལྟར་བྱས་ཚེ།  གོང་གསལ་གྱི་རྩིས་དེ་གཉིས་བེད་སྤྱོད་གཏོང་མཁན་རྣམས་ཀྱང་རྒྱ་གར་དང་སོག་པོ་ལ་དགའ་ཐལ་ཆེ་བའམ། ཡང་ན་སྦྲགས་སྐད་བཤད་པ་དང་འདྲ་མཚུངས་སུ་མ་གྱུར་ཏམ།

    ཡང་ཁ་ཅིག་ན་རེ། དུས་འཁོར་ལུགས་དང་ཧོར་རྩིས་གཉིས་ནི་ལོ་ངོ་བརྒྱ་ཕྲག་མང་བོར་བོད་ཀྱིས་བེད་སྤྱོད་བྱས་ཏེ་ཡོང་བ་ཡིན་པས་བོད་རྩིས་མིན་ན་ཅི་ཞིག་ཡིན་ཟེར། འོ་ན། རྒྱ་རྩིས་ཆེན་མོ་དང་རྒྱ་རྩིས་སྙིང་བསྡུས་སོགས་ཀྱང་བོད་སྐད་ཡིག་གི་སྟེང་དུ་བསྒྱུར་བཀོལ་བྱས་ཏེ་ལོ་ངོ་བརྒྱ་ཕྲག་ཁ་ཤས་འདས་ཟིན་ལ། ལག་ལེན་དང་བྱེད་ཐབས་སོགས་ཆ་མང་བོ་ཞིག་ནས་བོད་རང་གི་རིག་གཞུང་ཞིག་ཏུ་གྱུར་ཟིན་པ་ལ་ཐེ་ཚོམ་མི་དགོས་ཤིང་བོད་རྩིས་སུ་གྱུར་ཟིན་པ་མ་ཡིན་ནམ། དེ་ལྟར་མ་ཡིན་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱང་བོད་ཀྱི་མ་ཡིན་པར་འགྱུར་བ་སོགས་མི་འདོད་བཞིན་དུ་རྩོད་ཉོག་མང་བོ་ཞིག་གི་ཁ་ཕྱེས་པ་ཡིན་ནོ།།

   བོད་འགྱུར་གྱི་རྩིས་རིག་ལ་དུས་འཁོར་ལུགས་ཀྱི་སྐར་རྩིས་དང་། དབྱངས་འཆར། རྒྱ་རྩིས། ནག་རྩིས་བཅས་བཞི་ཡོད་པ་དང་། བོད་བརྒྱུད་ནང་བསྟན་བོད་ཀྱི་ཡིན་ན་དེ་ལས་བསྟན་པའི་རྩིས་བོད་ཀྱི་ཡིན་དགོས་པ་སོགས་ནི་གནག་རྫིས་ཀྱང་ཤེས་པས་མང་དུ་སྨྲ་མི་དགོས་སོ།།

  ཡང་འགའ་རེས། ད་ལྟ་སེ་འབྲས་དགེ་གསུམ་སོགས་ཀྱིས་ཀྱང་ལག་ལེན་དུ་འདེབས་བཞིན་པའི་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་དེ་ནི་བོད་རྩིས་ངོ་མ་ཡིན་ལ། རྒྱ་རྩིས་སམ་ལུགས་རྙིང་གི་རྩིས་དེ་ནི་བོད་རྩིས་མ་ཡིན་ནོ་ཟེར། སྨན་རྩིས་ཁང་ནས་གཏན་ལ་ཕབ་ཡོད་པའི་ལོ་ཐོ་དེ་ནི་དུས་འཁོར་ལུགས་དང་རྒྱ་རྩིས། ནག་རྩིས་དང་དབྱངས་འཆར་གྱི་རྩིས་བཞི་སྦྲགས་པ་ལས་དུས་འཁོར་ལུགས་ཀྱི་སྐར་རྩིས་དང་ཧོར་རྩིས་ཀྱིས་གྲུབ་པ་ཞིག་མ་རེད། ཧོར་རྩིས་ཟེར་བའི་རྩིས་གཞུང་ཡན་གར་བ་ཞིག་ཡོད་མེད་ཀྱང་ཐེ་ཚོམ་རེད། དཔེར་ན།སྨན་རྩིས་ཁང་གིས་གཏན་ལ་ཕབ་པའི་ལོ་ཐོའི་ནང་དུ།  ལོ་འགོ་ཉི་མ་ལུག་ཁྱིམ་ལ་སླེབས་པའི་སྐབས་ཏེ་ཧོར་ཟླ་གསུམ་པ་ལོ་འགོར་འཛིན་གྱིན་ཡོད། ང་ཚོ་དུས་རྒྱུན་སྨན་རྩིས་ཁང་གི་ལུགས་འཛིན་པ་ཡིན་སྣང་སྐྱེ་མོད་ལོ་སར་ཧོར་ཟླ་གསུམ་པར་བྱེད་མཁན་གཅིག་ཀྱང་མེད། ཡང་ལུགས་དེ་རང་ཁོ་ན་འཐད་ལྡན་དུ་བཟུང་ན་ད་ལོའི་དབྱར་གནས་མགོ་ཚུགས་ཙམ་ནས་ཁ་བ་ལྷབ་ལྷུབ་ཏུ་བབས་ཏེ་དབྱར་གྱི་རྣམ་པ་ཞིག་བཙལ་ཡང་མི་རྙེད་པའི་ཚད་དུ་སླེབས་པ་མངོན་སུམ་མ་ཡིན་ནམ། ཁ་བ་བབས་མིན་གྱིས་བཤད་དཀའ་འོ་ཟེར་ན། ངས་ནི་དབྱར་གྱི་རྣམ་པ་ཡལ་ཚར་མིན་ལ་བརྗོད་ཀྱིན་ཡོད་དོ།།

    ཡང་ལ་ལས། རྒྱ་རྩིས་སམ་ལུགས་རྙིང་གི་རྩིས་དེ་ནི་ད་ལྟ་གཞུང་འབྲེལ་མ་ཡིན་པའི་རྒྱ་ནག་ཡོངས་ཀྱིས་ལག་ལེན་དུ་འདེབས་ཤིང་། བོད་ཀྱི་ས་ཁུལ་རེ་འགས་བེད་སྤྱོད་བྱེད་པ་ཙམ་ཡིན་པས་བོད་པའི་ལ་རྒྱ་ཤོར་བ་ཡིན་ནོ་ཟེར། དོན་དམ་པར་རྒྱ་རྩིས་སུ་གྲགས་པ་དེ་བེད་སྤྱོད་གཏོང་མཁན་རྒྱ་ནག་དང་བོད་ཀྱི་ས་ཁུལ་རེ་འགའ་ཙམ་མིན་པར། ནང་ཆོས་ཤུགས་ཆེར་དར་བའི་སོག་པོ་དང་ཨུ་རི་སི། འཇར་པན། ཐེ་ལན་ཊ། སང་གཱ་ཕོར་བཅས་ཀྱིས་ཀྱང་རྒྱ་རྩིས་གཞི་ལ་བཞག་སྟེ་དུས་ཆེན་དང་ལོ་སར་སོགས་གཏོང་སྲོལ་མ་ཉམས་པར་ཡོད་སྐད་འདུག་ལ། དཔྱོད་ལྡན་ལ་ལས་འདི་ལ་ནང་རྩིས་ཞེས་ཀྱང་འབོད་ཀྱིན་འདུག

       གཞན་ཡང་འདིར་ཅིས་ཀྱང་ཤེས་དགོས་པ་ཞིག་ལ། ད་ལྟ་སྨན་རྩིས་ཁང་གིས་ལོ་ཐོའི་ནང་དུ་གཏན་ལ་འབེབ་བཞིན་པའི་ཉི་འཛིན་དང་ཟླ་འཛིན་གཉིས་ཀྱང་རྒྱ་རྩིས་ཁོ་ན་གཞིར་བཞག་པ་རེད། དུས་འཁོར་ལུགས་ལྟར་བརྩིས་ན་ནམ་རྒྱུན་ཆུ་ཚོད་ཁ་ཤས་ཀྱིས་སྔ་འཕྱི་གང་རུང་འབྱུང་བཞིན་ཡོད། འདི་ནི་དུས་འཁོར་རྩིས་ཀྱི་ཞན་ཆའམ་ཡང་ན་བོད་ཀྱི་སྐར་རྩིས་པ་རྣམས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་ཟབ་གནད་ཅིག་ད་རུང་མཁྱེན་མེད་པའི་རྟགས་ཡིན་ཞེས་སྐར་རྩིས་པ་རྒན་བགྲེས་ཚོས་ཡང་ཡང་གསུང་གིན་འདུག དེ་བཞིན་དུ་ནག་པ་ཟླ་བ་དང་ས་ག་ཟླ་བ་ཞེས་སོགས་ཉ་སྐར་གྱི་དབང་དུ་བྱས་པའི་བརྩི་ཚུལ་འདི་ཡང་དུས་འཁོར་ལུགས་དང་ཧོར་རྩིས་གང་ཡང་མིན་པར་རྒྱ་རྩིས་ཀྱི་ལུགས་ཡིན་ཞེས་རྩིས་གཞུང་དག་ཏུ་ཁ་གསལ་གྱིས་གསུངས་ཡོད་དོ།།

         བོད་རང་ལ་བོད་རྩིས་ཤིག་དགོས་པ་དང་དེ་ཡང་གཅིག་གྱུར་གྱིས་ཁས་ལེན་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཤིན་ཏུ་མང་ལ། ང་ཡང་ཚུལ་དེར་དགའ་མོས་ཡོད་མཁན་ཞིག་ཡིན་མོད། གནད་འགག་ནི་ང་ཚོས་ཇི་ལྟར་བྱས་ཏེ་ཉིན་ཚེས་ཁྱིམ་གསུམ་གྱི་འགྲོས་དང་མཐུན་ལ་བོད་རང་གི་དུས་བཞིའི་འགྱུར་བ་དང་ཡང་མི་འགལ་བ། མདོ་དབུས་ཁམས་གསུམ་སྤྱིས་ཁས་ལེན་ཐུབ་པའི་བོད་རྩིས་ངོ་མ་ཞིག་གཏན་ལ་དབབ་རྒྱུ་དེ་རེད། 

བོད་ལ་བོད་རང་གི་ལོ་ཟླ་ཚེས་གསུམ་སོགས་བརྩི་སྲོལ་རང་རྐྱ་བ་ཞིག་གཏན་ནས་མ་བྱུང་བ་ཡིན་ནམ་ཞེ་ནའང་མ་ཡིན་ཏེ། ཟླ་བ་བཅུ་གཉིས་པོ་ལའང་རང་རང་གི་ནམ་ཟླའི་ཁྱད་ཆོས་དང་འབྲེལ་བའི་དོན་མཐུན་གྱི་མིང་། ༡ བྱ་ཆུ་ནག་ལམ་ནག ༢ ཁྱི་བོ་ཐོ་ཁ་སེ། ༣ ཕག་རི་སྐྱ་ཐང་སྔོན། ༤ བྱི་བ་རི་སྔོན་ཐང་སྔོན། ༥ གླང་རྩྭ་སྨྱོ་ཆུ་སྨྱོ། ༦ སྟག་ཁྲ་མེར་ཙིག་ཙིག ༧ ཡོས་ཁྲ་མོ་ནས་ཟན། ༨ འབྲུག་ཤིང་ལོ་རླུང་འཁྱེར། ༩ སྦྲུལ་རྔ་མ་འཁྱག་འབྱར། ༡༠ རྟ་ཆུ་ཁར་དར་ཆག ༡༡ ལུག་ཁ་བཤུད་སྣ་ཆད། ༡༢ སྤྲེལ་ས་གས་རྡོ་གད། ཅེས་བརྗོད་དེ། དོན་མཐུན་གྱི་མིང་བཏགས་པ་གཞན་དང་གཞན་ཡང་ཡོད་དོ།།

  ནག་རྩིས་དང་རྒྱ་རྩིས་སོགས་གཞུང་གཞན་དག་ཏུ་སྟག་ཟླས་ལོ་འགོ་འཛིན་པ་ལས་བྱ་ཟླས་ལོ་འགོ་འཛིན་པ་ཞིག་ཡེ་ནས་མེད་མོད། བོད་ཀྱིས་བྱ་ཟླས་ལོ་འགོ་འཛིན་ཅིང་། ཟླ་བ་རེ་རེར་བོད་རང་གི་གནས་བབས་དང་མཐུན་པའི་མིང་བཏགས་ཤིང་ངག་རྒྱུན་དུ་ཆགས་ཡོད་པ་འདི་དང་།གཞན་ཡང་། ཆུ་ཚོད་དང་གཟའ་སྐར་གྱི་འགྲོས། རླུང་དང་སྤྲིན་པ། ཆར་དང་འཇའ། འབྲུག་སྐད་དང་སྲོག་ཆགས་ཀྱི་འཚོ་བ་སོགས་ལ་བརྟགས་ཏེ་དུས་བཞིའི་འགྱུར་བ་ལེགས་པར་གཏན་ལ་དབབ་ཐུབ་པ་སོགས་མང་བོ་ཞིག་བོད་པའི་ངག་ན་རྒྱུན་འབྱམས་སུ་ཡོད་པ་འདིས་བོད་མི་རིགས་ལ་རང་རྐྱ་འཕེར་བའི་གནམ་རིག་སྐར་རྩིས་ཤིག་དང་བོད་རྩིས་ངོ་མ་ཞིག་ཡོད་པ་བདེན་དཔང་བྱེད་ཐུབ། འོན་ཀྱང་། མང་བོ་ཞིག་གིས་དེ་ནི་མང་ཚོགས་ཕལ་བའམ་བོད་པ་རང་གིས་ཉམས་མྱོང་གིས་གཏན་ལ་ཕབ་པ་ཙམ་ཡིན་སྣང་གིས་དགེ་མཚན་ཞིག་ཏུ་མ་བརྩིས་པར་ཟུར་དུ་བཞག་སྟེ། གཞན་གྱི་རིག་གཞུང་མང་བོ་ཞིག་ལ་མགོ་བཏགས། རིག་གཞུང་དེ་དག་ཀྱང་རིམ་གྱིས་བོད་རང་གི་རིག་གཞུང་ངོ་མ་ཞིག་ཏུ་གྱུར་མོད། ལག་ལེན་གྱི་ཚེ་ན་སྔར་ཡོད་ཀྱི་རིག་པ་མང་བོ་ཞིག་བག་ལ་ཞ་བའམ་གཞི་མེད་དུ་སོང་བ། མདོ་དབུས་ཁམས་གསུམ་དང་གྲུབ་མཐའ་རིས་མེད་ཀྱིས་གཅིག་གྱུར་ངང་བེད་སྤྱོད་མ་ཐུབ་པ་སོགས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཤིག་ལ་འབྲེལ་བ་ཡོད་པ་དེ་ཤེས་དགོས་པ་ཞིག་རེད།

    ཡང་ལ་ལས། བོད་རྩིས་ནི་དགོན་ཆེན་རེ་གཉིས་དང་བླ་ཆེན་ཁ་ཤས་ཀྱིས་བཀའ་བཙན་ཕབ་སྟེ་གཅིག་གྱུར་ཡོང་དུ་འཇུག་དགོས་པ་རེད་ཟེར། གཞུང་ལུགས་དང་བདེན་དོན་གྱི་ངོས་ནས་བལྟས་ན། དགོན་ཆེན་རེ་གཉིས་དང་བླ་ཆེན་ཁ་ཤས་ཀྱིས་རེད་ཟེར་ན་ཡིན་འགྲོ་བ་དང་མ་རེད་ཟེར་ན་མིན་དགོས་པ་དེ་འདྲ་ཞིག་ཡིན་རྒྱུ་མ་རེད། ཡིན་ངོ་མ་ནི་དུས་འཁོར་ལུགས་ཀྱི་སྐར་རྩིས་ལྟར་བྱས་ན་དུས་བཞིའི་འགྱུར་བ་དང་གནམ་གཤིས་དྲོད་གྲང་སོགས་དབུས་གཙང་ཕྱོགས་སུ་ཅུང་འཚམ་པ་དང་། རྒྱ་རྩིས་ལྟར་བྱས་ན་མདོ་ཁམས་ཕྱོགས་སུ་ཅུང་འཚམ་པ་ཞིག་འབྱུང་བཞིན་པ་མངོན་སུམ་རེད། མངོན་སུམ་ལ་གཟུར་གནས་སུས་ཀྱང་བསྙོན་འདིང་མི་སྲིད། དེ་ནི་ས་ཚིགས་ཀྱི་དབང་གིས་རེད། འོན་ཀྱང་། ང་ཚོར་དགོས་ངེས་པ་ནི་ཕྱོགས་གཉིས་ཀྱི་ལེགས་ཆ་དག་ཕྱོགས་བསྡུ་བྱས་པའི་དབུ་མའི་རྩིས་ཤིག་དང་། སྔར་ཡོད་བོད་རང་གིས་རྒྱུན་རིང་འཚོ་བའི་ཉམས་མྱོང་གིས་སྡོམ་རྩིས་བརྒྱབ་ཟིན་པ་དག་གཞིར་བཞག་པའི་བོད་རྩིས་ངོ་མ་ཞིག་དགོས་པ་དེ་རེད།

      ང་ཚོར་ཞན་ཆ་ཞིག་ཡོད་པ་ནི་ནམ་རྒྱུན་རིགས་ཞེན་གྱི་ཁ་རྒྱན་སྤྲས་ཏེ་དཔྱད་སྟོབས་མ་རྫོགས་པ་མང་བོ་ཞིག་ལ་འདྲོག་སློང་བ་དང་། མི་ཆེན་ག་གེ་མོ་ཞིག་གིས་དབང་འཛིན་དང་སྒེར་གཅོད་བྱས་སོང་ཞེས་ངན་ཁག་གཞན་ལ་འགེལ་བ། དེ་ལྟར་ཡིན་པར་ཤོག་ཅིག་དང་འདི་ལྟར་འགྲུབ་པར་སྨོན་ནོ་ཟེར་བ་ལས། དོན་དངོས་ལ་མི་དཔྱོད་ཅིང་ལག་ལེན་ལ་མི་འདེབས་པ་དེ་རེད།

        བོད་རྩིས་དང་འབྲེལ་བའི་སྐད་ཆ་ཐུང་ངུ་འདི་ནི་མཁས་བླུན་སུ་ལའང་ཟུར་ཟ་དང་དམའ་འབེབ། འགྲན་རྩོད་དང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་བཤད་པ་ཞིག་ཡེ་ནས་མ་ཡིན་པས། དཔྱད་བརྗོད་པ་དང་ཀློག་པ་བོ་སུ་ཡིན་ཡང་གཞི་མེད་ལ་བསྙོན་འཛུགས་དང་། ཕན་མེད་ཀྱི་གླེང་གཞི་མི་བཟོ་བའི་རེ་བ་ཡོད་དོ།།   


       ཞེས་ལྡོང་ཡོན་ཏན་རྒྱ་མཚོས་སློབ་ཁྲིད་ཀྱི་བར་གསེང་ནས་ལུང་འདྲེན་སོགས་ཚིག་གི་སྤྲོས་པ་སྨྱུང་ཅི་ཐུབ་ཀྱིས་མགྱོགས་པར་བྲིས།
                                          ༢༠༡༦-༡༡-༡༨

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་གླིང་བུའི་སྙེ་མ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531055
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།