དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་མཛད་འཕྲིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་མཛད་འཕྲིན།
དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་མཛད་འཕྲིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-24ལྟ་ཀློག (7075)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་མཛད་འཕྲིན།

      དེ་རིང་སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་བཟང་གི་སྔ་དྲོའི་དུས་ཚོད་དགུ་བའི་སྟེང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྭ་རྒྱ་གྲོང་རྡལ་བཅའ་སྡོད་བོད་ཡིག་སློབ་འབྲིང་གིས་གདན་ཞུ་བྱས་ཏེ་བཀའ་སློབ་བསྩལ།   སློབ་གཙོ་ཐང་ཧྲན་ཐེན་༼唐生亭༽དང་སློབ་སྟོན་ཁང་གི་འགོ་གཙོ་བསོད་ནམས་དར་རྒྱས་གཉིས་གཙོས་དགེ་སློབ་ཡོངས་ཀྱིས་ཕེབས་བསུ་རྒྱ་ཆེར་བྱས་ཏེ་ལྒང་རྩལ་ར་བར་གདན་དྲངས།    བཀའ་སློབ་ཀྱི་མགོ་མཇུག་བར་གསུམ་ལ་སློབ་གཙོ་ཐང་ཧྲན་ཐེན་༼唐生亭༽གྱིས་འགོ་འཛིན་བྱས་ཤིང་། སློབ་དཔོན་རིན་པོ་ཆེས་དེ་རིང་ཞོགས་པར་གསར་རྩོམ་མཛད་པའི་༼དགེ་སློབ་འོས་འགན་སློབ་གསོ་༽ཞེས་པའི་ཤོ་ལོ་ཀ་ཉེར་གཉིས་ཅན་གྱི་བསླབ་བྱའི་སྟེང་ནས་དགེ་སློབ་ཀུན་གྱི་ཕྱི་ནང་གསང་གསུམ་ལ་ཕན་པའི་བཀའ་སློབ་དུས་ཚོད་གཉིས་ལྷག་གི་རིང་ལ་བསྩལ་བས་ཚོགས་རའི་ནང་དུ་དགའ་བསུའི་ཐལ་སྒྲ་དང་སྤྲོ་དགའི་འཛུམ་གྱིས་ཁེངས།   ཁོང་གིས་བོད་ཀྱི་མཛངས་བློན་བཞི་བ་ཐོན་མི་སམྦྷོཊའི་སྙིང་སྟོབས་དང་ཐོན་མིའི་སློབ་གསོའི་རྒྱུན་འཛིན་དར་སྤེལ་གཏོང་དགོས་པའི་སྐོར་དང་།  དགེ་སློབ་ཡོངས་ལ་རང་རང་གི་འགན་འཁྲི་ངོ་སྤྲོད་དང་འབྲེལ་རེ་བ་ནན་མོ་བཏོན།

རྭ་རྒྱ་གྲོང་བརྡལ་གྱི་བོད་ཡིག་སློབ་འབྲིང་གི་དགེ་སློབ་རྣམས་ལ་འཆད་ཁྲིད་གནང་བཞིན་པ།

དགེ་སློབ་ཡོངས་ཀྱིས་ཁོང་གི་གསུང་བཤད་ལ་ཉན་བཞིན་པ།

ཚོགས་རའི་ཡུལ་དངོས།

དགེ་སློབ་ཀྱི་འོས་འགན་སློབ་གསོའི་གཏམ་བཤད་གནང་།

བློ་རིག་སྒྲིམ་ཏེ་གསུང་བཤད་ལ་ཉན་བཞིན་པ།

རྭ་རྒྱ་གྲོང་བརྡལ་གྱི་བོད་ཡིག་སློབ་འབྲིང་གི་དགེ་སློབ་རྣམས་ལ་འཆད་ཁྲིད་གྲ་སྒྲིག་གི་ཉིང་བསྡུས་སྡོམ་ཚིག

མཛངས་པའི་བློན་ཆེན་ཐོན་མི་སཾ་བྷོ་ཊར།།
དགའ་དད་གུས་པའི་ཕྱག་གིས་མཆོད་བྱས་ཏེ།།
ཐོན་མིའི་རྒྱུན་འཛིན་དགེ་སློབ་སྟོང་ཕྲག་འགར།།
རང་རང་འོས་བབས་འགན་འཁྲི་ཅུང་ཙམ་གླེང་།།

དཔེ་དང་འཚོ་བར་ཐིམ་པའི་སྦྱང་བྱའི་གནས།།
སྣ་ཚོགས་ཐབས་ཀྱིས་ལེགས་པར་སློབ་པ་དང་།།
ཐོས་དོན་རྒྱུད་ལ་སྦྱར་ཏེ་སྒོ་གསུམ་གསོ།།
དགེ་སློབ་སུ་ཡིན་འབད་ཅིང་བརྩོན་པའི་གནས།།

ལུས་ངག་གཙང་མས་སློབ་བུའི་དང་བ་འདྲེན།།
གནའ་དེང་ཕྱི་ནང་རིག་གཞུང་ཀུན་ལ་མཁས།།
གཞན་ཕན་སེམས་ཀྱིས་ཡང་དག་སློབ་གསོར་བརྩོན།།
འགན་འདི་དགེ་རྒན་རེ་རེའི་ཕྲག་པར་ཡོད།།

ཕྱོགས་སུ་མ་ལྷུང་སློབ་བུ་རིས་མེད་སྐྱོང་།།
སུན་སྣང་མི་སྐྱེ་མི་ཚེའི་སྙིང་བོར་སྒོམ།།
ཁྲིམས་དང་འགྲིག་གིས་མ་བཙུར་རང་རྟོགས་ཆེ།།
དགེ་རྒན་ཚད་ལྡན་ལམ་ཆེན་འདི་ནས་ཕེབས།།

སློབ་མ་སྐྱོང་བའི་ཐབས་དང་འཆད་པའི་རྩལ།།
ངལ་བར་མི་འཛེམ་བརྩོན་པའི་སྤྲོ་བ་མཐོ།།
སློབ་མའི་རྒྱུད་ཚོད་ཤེས་དང་དུས་སུ་འདོམས།།
གཙོ་ཕལ་ལེགས་ཉེས་འབྱེད་པའི་ཤེས་རབ་དགོས།།

གནའ་དེང་ཟུང་འབྲེལ་རིགས་ཀྱི་གཟུངས་གཞུག་ལྡན།།
ཁྱིམ་བདག་འགུགས་མཁས་མཐུན་པའི་ལག་རྡང་སྦྲེལ།།
ལྟ་སྤྱོད་བརྟན་བརླིང་དུས་ཀྱི་འཁོར་ཕྱོགས་མཁྱེན།།
སྔོན་ཐོན་སློབ་གསོའི་བཅུད་ལེན་དགེ་རྒན་མཆོག །

སློབ་ཐུན་གཅིག་པོ་དགེ་སློབ་གཉིས་ཀར་དབང་།།
དོགས་འདྲིའི་མཚོན་གྱིས་སློབ་མའི་ལེ་ལོ་གཞོམ།།
དྲི་བ་བཟོད་ཅིང་དྲིས་ལན་ཡང་དག་འདེབས།།
བསམ་འཆར་བསྡུ་ལེན་བྱས་ནའང་དགེ་མཚན་ཆེ།།


རྒྱལ་ཁབ་མི་རིགས་ཚོགས་སྡེ་ཁྱིམ་ཚང་སོགས།།
མ་འོངས་ཅི་འབྱུང་སློབ་མར་འབྲེལ་བ་ཟབ།།
ཚད་ལྡན་སློབ་མའི་གཤིས་བཟང་མི་འདོར་བར།།
ཐོས་པ་དོན་ལྡན་བྱེད་པའི་ཆོད་སེམས་དགོས།།

དགེ་རྒན་ལ་དགའ་རང་རྟོགས་སློབ་ལ་བརྩོན།།
ཕ་མའི་རེ་བཞག་མི་བརྗེད་གྲོགས་དང་མཐུན།།
འུར་འདྲོག་མི་བྱེད་ཡང་དག་སློབ་གསོར་ཉན།།
འགན་འཁྲི་འདི་ཉིད་སློབ་མ་སུ་ལའང་ཡོད།།

སྲིད་ཀྱི་གཡོ་སྐྱོམས་འདོད་རྩེད་སྒྱུ་མའི་གར།།
རྒྱུགས་སྤྲོད་མི་འདོད་སློབ་དེབ་རིག་ན་སུན།།
འགྲིག་ལམ་མི་བརྩི་གཉིད་དང་གཡེང་བས་ཁྱེར།།
འདི་དག་སྤོང་བའི་གཞོམ་བྲལ་སྙིང་སྟོབས་དགོས།།

ལག་འཁྱེར་དོན་དུ་ཉིན་ཟླ་ལོ་ལ་སྒུག།
ཐོབ་དང་ཟླ་ཕོག་རྨི་ལམ་ནང་དུ་འཁོར།།
བློ་མིག་རྐང་རྩེར་གཏོད་པའི་བསམ་རྒྱ་འདི།།
མ་འགྱང་དུམ་བུར་ཆོད་ཅིག་རིགས་ཀྱི་བུ།།

བླང་དོར་གསལ་བོར་འབྱེད་པའི་བློ་མིག་དང་།།
ཤེས་རབ་འོད་ལ་ཞེན་པའི་མོས་གུས་དང་།།
མི་གཞི་ལེགས་པར་འཆོས་པའི་ཐབས་རྩལ་གསུམ།།
སློབ་མར་མེད་ཐབས་མེད་པའི་ནོར་བུ་ཡིན།།

ཀུན་སྤྱོད་ཚད་ལྡན་ཞི་ཞིང་དུལ་བར་གནས།།
སློབ་ཁྲིད་གང་ལའང་བག་དང་ལྡན་པར་ཉན།།
དྲན་ཤེས་མཚོན་རྣོན་བརྗེད་ངེས་ཆོམ་པོར་བསྣུན།།
ཡར་ཐོན་འདོད་ན་མན་ངག་འདི་དག་ལོངས།།

ཤེས་རབ་བུད་ཤིང་བརྩོན་འགྲུས་མེར་འགྲོགས་ན།།
མི་ཤེས་མུན་ཀློང་སྟོང་བའི་དབྱིངས་སུ་དག །
སློབ་གླིང་དགའ་ཚལ་འགྲིམས་པ་ཅི་ཡི་དོན།།
རང་ངོ་རང་གིས་ཟིན་ན་མཁས་པ་ཡིན།།

སློབ་ལ་བྱོལ་བ་དཔའ་བོའི་རྟགས་མཚན་མིན།།
དགེན་ལ་སྡང་བ་རྟོགས་སད་སྔོན་ཐོན་མིན། །
རང་ནོམ་བོར་བ་གསར་བརྗེའི་ལས་འགུལ་མིན།།
མིན་ཚུལ་ཤེས་ན་སློབ་མ་བཟང་བོ་ཡིན།།

སློབ་གྲྭ་ཆུང་འབྲིང་ཆེ་གསུམ་མཐར་ཕྱིན་པ།།
ཤེས་རབ་ཐེམ་སྐས་རེ་རེ་བརྒལ་བ་ལས། །
ཀུན་མཁྱེན་རྒྱལ་ས་ཐོབ་པ་མ་ཡིན་པས།།
མི་ཚེ་ཐོས་པས་བསྐྱེལ་ན་རབ་དང་ཕུལ།།

ཉིན་རེའི་དུས་ཚོད་གསེར་དང་འདྲ་བ་སྟེ།།
མི་ཚེ་འདི་ལ་ཕྱིར་འོང་ལན་གཅིག་མེད།།
སློབ་ཁྲིད་རང་སྦྱོང་རྒྱུགས་སྤྲོད་གང་ཡིན་ལ།།
སྙིང་ནས་ནན་ཏན་མཛོད་དང་འབྲས་བཟང་སྨིན།།

སྔ་ལངས་འཕྱི་ཉལ་དཀའ་སྤྱད་གང་ཡིན་བཟོད།།
དོན་ཉུང་བྱ་ཉུང་ལུས་སེམས་སློབ་ལ་བྲེལ།།
རྩ་དོན་འདི་དག་དུས་རབས་གསར་རྙིང་དང་།།
སེར་སྐྱར་ཁྱད་མེད་ལག་བསྟར་བྱེད་ལ་རེམས།།

སྡིག་གྲོགས་འཛུམ་དཀར་ཅན་དང་རྒྱང་དུ་གྱེས།།
ལྷན་སྐྱེས་བསམ་བློར་བཟང་དགེའི་འགྱུར་བ་སླེབས།།
རང་སྡེར་སྲི་ཞུ་བསྒྲུབ་པའི་ཆོད་སེམས་འཁྲུངས།།
ཁྱོད་ཀྱི་སློབ་གཉེར་ལམ་ལྷོང་བྱུང་བའི་རྟགས།།

གཞུང་ཚིག་བློར་འཛིན་དཀའ་བའི་གནད་ལ་དཔྱོད།།
དོགས་པ་གང་བྱུང་དགེན་དང་གྲོགས་ལ་འདྲི།།
རྒྱུགས་སྤྲོད་དུས་སུ་སྒོ་གསུམ་སྲོང་ནུས་པའི།།
སློབ་མ་དེ་ཡི་འབྱུང་འགྱུར་འོད་ཀྱིས་འཁྱུད།།

ཟས་གོས་ཆུད་ཟོས་བྱེད་པ་སྤྲང་བོའི་རྟགས།།
དྲིན་ཅན་དྲིན་གཟོ་མི་ཤེས་སྤྱང་ཀིའི་ཟླ།།
མ་བརྟག་བྱུང་རྒྱལ་སྨྲ་བ་བླུན་པོའི་གཤིས།།
གཤིས་སྤྱོན་ངན་པར་འཛེམས་ཤིག་དགེ་སློབ་ཀུན།།


ཤེས་རབ་སྣང་བས་མ་ཁྱབ་ལོག་ལམ་བསྟན།།
རྣམ་དག་བསམ་པས་མ་ཟིན་ངག་བཀྱལ་སྨྲས།།
དུས་དང་དགོས་དབང་མ་ཤེས་མཁྲེགས་གྱུར་ན།།
གཟུར་གནས་དགེ་སློབ་སྤྱན་སྔར་མཐོལ་བཤགས་ཞུ།།

དགེ་སློབ་འོས་འགན་སློབ་གསོ་ཞེས་པ་འདི་ནི་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ཉིན་ཨ་རིག་དགེ་བཤེས་ཆེན་མོའི་གདན་ས་ཁྱད་པར་ཅན་གྱི་ཉེ་འདབས་ནས་ལྡོང་ཡོན་ཏན་རྒྱ་མཚོས་འཕྲལ་མར་བྲིས་ཏེ་རྭ་རྒྱ་གྲོང་བརྡལ་གྱི་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཡོངས་ལ་འཆད་ཁྲིད་ཀྱི་གཟུགས་བརྙན་ཙམ་ཡང་འཛིན་ཁུལ་བྱས་སོ།།      ༢༠༡༦-༡༡-༡༤ ཉིན།

རྩོམ་ཡིག་མཁོ་སྤྲོད་པ། དཀོན་མཆོག་ཆོས་རྒྱན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་མཛད་འཕྲིན།   སྤེལ་མཁན།: དགྲ་བཅོམ་པ། སྤེལ་དུས:2016/11/2
དགའ་ནས་ཡོད། མུ་མཐུད་དུ་ཡིན། ལས་དགེ་བ་སྒྲུབ་ན་འབྲས་བུ་དགེ་བ་ཡིན།🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23505650
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།