རྗེ་བཀྲ་ཤིས་དོ་ཁ་མ་དང་གཅན་ཚའི་མ་ཎི་ཆུ་འཁོར་ལ་མཇལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »རྗེ་བཀྲ་ཤིས་དོ་ཁ་མ་དང་གཅན་ཚའི་མ་ཎི་ཆུ་འཁོར་ལ་མཇལ་བ།
རྗེ་བཀྲ་ཤིས་དོ་ཁ་མ་དང་གཅན་ཚའི་མ་ཎི་ཆུ་འཁོར་ལ་མཇལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-11-02ལྟ་ཀློག (4836)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རེབ་གོང་སྤེན་དཀར་ཐང་གི་རྗེ་བཀྲ་ཤིས་དོ་ཁ་མར་མཇལ་སྐབས་ཀྱི་མྱོང་ཚོར།


          བཛྲ་ཚུལ་ཁྲིམས་རྒྱ་མཚོས།


སྔོན་དང་ད་ལྟར་ཆོས་དང་རིག་པའི་གནས།།
བདུད་རྩི་མངོན་པར་འཁྱིལ་བའི་ཡུལ་གྲུ་སྟེ།།
རེབ་གོང་རིག་པ་འབྱུང་བའི་ཡུལ་གྱི་ཆ།།
དགེ་བཅུའི་གཡང་ཆགས་སྤེན་དཀར་ཐང་ཞེས་པར།།

འཇམ་མགོན་བླ་མ་འགྲོ་ལ་བརྩེ་ཆེན་སྤྲིན།།
མངོན་པར་འཁྲིགས་པའི་ཀློང་ནས་ཉེར་འཁྲུངས་པའི།།
ངོ་མཚར་སྐུ་བརྙན་བཀྲ་ཤིས་དོ་ཁ་མར།།
མཇལ་བས་ཡིད་ལ་དད་གདུང་རྦ་རླབས་གཡོ།།

མཆོག་དང་ཐུན་མོང་བསམ་གྱིས་མི་ཁྱབ་པའི།།
མཁས་བཙུན་བཟང་བོའི་ཡོན་ཏན་གཞན་དང་གཞན།།
རེ་ཞིག་བཞག་ནས་དགུང་གྲངས་ང་བརྒྱད་སྐབས།།
ཙམ་གྱི་མཛད་པའི་ཆ་གཅིག་དྲན་ནའང་མཚར།།

དད་གཏོང་བསོད་ནམས་རྒྱན་གྱིས་མངོན་སྤྲས་པའི།།
མི་ཡི་དབང་བོ་གྲགས་པ་རྒྱལ་མཚན་གྱི།།
མ་བཅོས་སྙིང་ནས་ཇི་ལྟར་གསོལ་བཏབ་བཞིན།།
འོན་ཀྱི་བཀྲ་ཤིས་དོ་ཁར་དབྱར་བཞུགས་མཛད།།

ངོ་མཚར་གསང་གསུམ་གསང་བའི་མཛད་ཆེན་རླབས།།
བྱིན་ཆེན་མཁའ་ལ་འཁྲིགས་པའི་སྤྲིན་རུམ་ནས།།
དགེ་ལེགས་བདུད་རྩིའི་ཆར་རྒྱུན་འཇོ་བ་ལས།།
དེ་ཡི་འཛིན་མར་བཀྲ་ཤིས་འོ་མཚོ་བསྐྱིལ།།

ཕྱག་ན་པདྨོ་མི་ཡི་རྣམ་རོལ་བ།།
སྲས་ཀྱི་ཐུ་བོ་དགེ་འདུན་གྲུབ་པ་ཡང་།།
དེ་དུས་ཉིད་ལ་ཐོག་མར་གང་གི་ཞལ།།
ཉི་མར་མཇལ་བས་དད་པའི་འདབ་བརྒྱ་བཞད།།

བྱང་སེམས་ཆེན་པོ་ཀུན་བཟང་བ་ཉིད་དང་།།
རྗེ་བཙུན་ཤེས་རབ་སེང་གེ་རྣམ་གཉིས་ཀྱིས།།
དེ་ཡི་མཁྱེན་དཔྱོད་རྩལ་ལ་ཆེར་བསྔགས་ཤིང་།།
བླ་མའང་ཤིན་ཏུ་མཉེས་བཞིན་རྗེས་སུ་བཟུང་།།

གནས་དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་ལ།།
ལམ་རིམ་དབུ་ཚད་སྤྱོད་འཇུག་ལ་སོགས་པའི།།
ཟབ་རྒྱས་ཆོས་འཁོར་རྒྱ་ཆེར་རབ་བསྐོར་བས།།
དེར་གནས་ཀུན་ཀྱིས་དད་པས་ཁྱོད་ཞབས་མཆོད།།

དེ་ལྟར་དགེ་མཚན་བྱེ་བའི་འོ་མཚོའི་བཅུད།།
ཡུལ་དེའི་ནོར་འཛིན་བུ་མོའི་ལྟོར་ཟིམ་པས།།
ངོ་མཚར་མཛད་པ་གཞོན་ནུའི་འཛུམ་དཀར་ནི།།
བསིལ་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་དཔལ་དུ་འཁྲུངས།།

དུས་དེར་སྤྲུལ་བར་གྲགས་པའི་ལྷ་བཟོ་ཡིས།།
ཉིན་གཅིག་ཡུན་ལ་ཁྱེད་ཀྱི་སྐུ་བརྙན་བདུན།།

གངས་ལྗོངས་སྐྱེ་དགུའི་བསོད་ནམས་རྟེན་ཉིད་དུ།།
ཡིད་ལ་མི་ཤོང་འཕྲུལ་བཞིན་བཞེངས་པ་ན།།


ཁྱེད་ཀྱང་ཉིན་དེ་ཉིད་ལ་དབུ་ཡི་སྐྲ།།
ལན་བདུན་བསིལ་བའི་མཛད་པ་ཉེར་མཛད་པའི།།
དབུ་ལོ་བུབས་རེ་སྐུ་རེའི་ནང་རྟེན་དུ།།
གཞུག་པའི་བྱིན་རླབས་ཅན་འདི་འགྲོ་ལ་བཞག།

དེ་ལྟར་ངོ་མཚར་བྱིན་རླབས་བདུད་རྩིའི་བཅུད།།
མ་ཉམས་རྗེ་སྐུ་བཀྲ་ཤིས་དོ་ཁ་མར།།
དངོས་སུ་མཇལ་བས་རྗེ་བཙུན་བླ་མ་ལ།།
ལྷག་པར་དད་ཅིང་ལྷག་པར་རྗེས་སུ་དྲན།།


ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་ནང་གཞུག་གི་གཅན་ཚའི་མ་ཎི་ཆུ་འཁོར་ལ་མཇལ་བ།
བཛྲ་ཚུལ་ཁྲིམས་རྒྱ་མཚོས།

རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་སྣང་བའི་དཔལ།།
ལྷ་ཡི་རྣམ་པར་ཤར་བ་འཇམ་དཔལ་དབྱངས།།
ངུར་སྨྲིག་རྣམ་རོལ་ཆོས་རྗེ་དོན་གྲུབ་མཆོག།
སྤྱི་གཙུག་རྒྱན་དུ་བཀོད་ནས་ཕྱག་བགྱིའོ།།
མཚན་ལྡན་བཤེས་གཉེན་བསམ་སྦྱོར་དག་པས་བསྟེན།།
མདོ་རྒྱུད་རིག་གནས་ཀུན་ལ་མཁས་པར་བསླབས།།
རང་གཞན་གྲུབ་མཐའི་དེ་ཉིད་ཐུགས་སུ་ཆུད།།
སྙན་གྲགས་དབྱར་རྔ་ཕྱོགས་ཀྱི་མཛེས་མས་བརྡུངས།།
རྩོད་རིག་རྩལ་གྱིས་སྙེམས་པའི་མཁས་མང་དབུས།།
ལུང་རིགས་གནམ་ལྕགས་འབར་བའི་རྩོད་ངག་གིས།།
རྒོལ་ངན་བྲག་རི་བསྙིལ་པའི་མཁྱེན་རྩལ་གྱིས།།
ཤར་ཕྱོགས་རིག་པའི་དཔའ་བོའི་ཆོ་ལོ་བཞེས།།
གང་གི་མཚན་སྙན་རྣམ་འཕྲུལ་རྒྱུད་མང་སྒྲ།།
བདག་ཀྱང་བྱིས་པའི་དུས་ནས་རྣམ་ཀུན་ཏུ།།
རྣ་བའི་བུ་གར་ལྷུང་བའི་བག་ཆགས་ཀྱིས།།
ཁྱེད་ལ་སྙིང་ནས་དད་པ་སྔོན་ནས་ཡོད།།
སྣང་ར་གསེར་མོའི་ལྗོངས་སུ་གསེར་ཁང་དང་།།
དགེ་ལྡན་བསྟན་པའི་འབྱུང་ཁུངས་བྱ་ཁྱུང་དང་།།
སྣང་སྟོད་མ་ཎི་འཁོར་ལོའི་ལྷ་ཁང་རྣམས།།
མཇལ་ཚེ་སླར་ཡང་ཁྱེད་ཀྱི་བཀའ་དྲིན་དྲན།།
ངེས་དོན་ཆོས་ཀུན་མཁྱེན་པའི་འཇམ་དཔལ་དབྱངས།།
ཕྱི་ཡི་ཡོངས་འཛིན་ཙམ་ལ་མི་ལྟོས་ཀྱང་།།
ཐུན་མོང་སྣང་ངོར་བླ་མ་བློ་བཟང་གྲགས།།
རིང་ནས་བསྐྱངས་པའི་རྣམ་ཐར་དྲན་པས་དད།།
ཟླ་བྲལ་འཆད་རྩོད་རྩོམ་པའི་ཡོན་ཏན་གྱི།།
འོད་སྟོང་རྫོགས་པ་ཁྱེད་སྐུ་ཉི་མའི་དཔལ།།
དངོས་སུ་མཇལ་བའི་སྐལ་བ་མ་བྱུང་ཡང་།།
གཟུངས་མཆོག་འཁོར་ལོའི་ཟླ་ཤེལ་མཇལ་འདི་སྤྲོ།།
དད་པས་ཟིན་ན་འདི་ལ་མཇལ་བས་ཀྱང་།།
ཕྱི་ནང་ནད་ཀྱི་ཚ་གདུང་སེལ་བྱེད་ཅིང་།།
ལེགས་བྱས་ཟད་མི་ཤེས་པའི་གཏེར་སྩོལ་ཞིང་།།
བྱིན་རླབས་བདུད་རྩིའི་མཛོད་དུ་དམ་པས་གསུངས།།
དེ་ཕྱིར་དེ་ལྟའི་ངོ་མཚར་བྱིན་རླབས་བཅུད།།
ཡོངས་སུ་གཏམས་པའི་རྟེན་དང་བརྟེན་པའི་དྲུང་།།
མ་བཅོས་སྙིང་ནས་མར་གྱུར་འགྲོ་ཀུན་དང་།།
རྒྱལ་བསྟན་དར་ཕྱིར་གསོལ་འདེབས་འདི་བགྱིའོ།།
འཕགས་མཆོག་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས།།
ཤར་ཕྱོགས་རིག་པའི་དཔའ་བོར་གསོལ་བ་འདེབས།།
འཇམ་མགོན་བློ་བཟང་གྲགས་པར་གསོལ་བ་འདེབས།།
གཟུངས་མཆོག་ཡི་གེ་དྲུག་མར་གསོལ་བ་འདེབས།།
དེ་དག་ཀུན་གྱི་བྱིན་རླབས་མ་ལུས་པ།།
ཀུན་འདུས་དངོས་བརྒྱུད་བླ་མར་གསོལ་བ་འདེབས།།
བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ།།
སེམས་པ་ཆོས་ལ་འཁོར་བར་བྱིན་གྱིས་རློབས།།
དལ་འབྱོར་དོན་ལྡན་བྱེད་པར་བྱིན་གྱིས་རློབས།།
མི་རྟག་རང་བཞིན་ཤེས་པར་བྱིན་གྱིས་རློབས།།
ངན་འགྲོའི་དུ་ཁར་འཇིགས་པར་བྱིན་གྱིས་རློབས།།
སྡུག་བདེན་འཁོར་བར་སུན་པར་བྱིན་གྱིས་རློབས།།
ཀུན་འབྱུང་དགྲ་རུ་ཤེས་པར་བྱིན་གྱིས་རློབས།།
འགོག་བདེན་ཞི་བར་རྟོགས་པར་བྱིན་གྱིས་རློབས།།
ལམ་བདེན་གཉེན་དུ་མཐོང་བར་བྱིན་གྱིས་རློབས།།
རིགས་དྲུག་ཕ་མར་ཤེས་པར་བྱིན་གྱིས་རློབས།།
དྲིན་ལན་འཇལ་འདོད་སྐྱེ་བར་བྱིན་གྱིས་རློབས།།
ཕར་ཕྱིན་དྲུག་ལ་བརྩོན་པར་བྱིན་གྱིས་རློབས།།
སྐུ་གསུམ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས།།
དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས།།
བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས།།
ཐུབ་བསྟན་ཉི་འོད་གསལ་བར་བྱིན་གྱིས་རློབས།།
འཛམ་གླིང་ཞི་བདེས་འཚོ་བར་བྱིན་གྱིས་རློབས།།
གཤིན་པོར་ངན་སོང་མེད་པར་བྱིན་གྱིས་རློབས།།
གསོན་པོར་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས།།
འཐབ་རྩོད་འཁྲུག་ལོང་མེད་པར་བྱིན་གྱིས་རློབས།།
ལུས་སེམས་འཆམ་མཐུན་འོངས་པར་བྱིན་གྱིས་རློབས།།
མདོར་ན་བདག་གིས་བགྱིས་དང་བགྱིད་འགྱུར་བའི།།
ལེགས་པར་སྤྱད་པ་ཅི་སྙེད་མཆིས་པ་ཀུན།།
བཤེས་གཉེན་དམ་པས་རྗེས་སུ་འཛིན་པ་དང་།།
བཀའ་བཞིན་བསྒྲུབ་པ་ཁོ་ནའི་རྒྱུར་གྱུར་ཅིག །

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ཁྲི་པདྨ་དང་བན་ཤུལ་འབུམ་རྩེ་ཡག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528297
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།