རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ་མགུར་དབྱངས་སུ་མཛད་པ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། » རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ
རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ་མགུར་དབྱངས་སུ་མཛད་པ་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-10-29ལྟ་ཀློག (4518)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།  རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ་མགུར་དབྱངས་སུ་མཛད་པ་བཞུགས་སོ།།

རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད། 
ནེའུ་གསིང་སྤང་ལ་སྐྱེས་པའི།།
སྤང་རྒྱན་མེ་ཏོག་བཀྲ་ཡང་།།
དགུན་གྱི་ཁ་རླུང་འཚུབ་དུས།།
རྡུལ་ཕྲན་ཙན་དུ་འཐོར་བས།།
ད་ལྟ་མདངས་བཀྲག་མཚར་དུས།།
དཀོན་མཆོག་དྲུང་དུ་ཕུལ་དང་།།
སྔོན་བསགས་སྦྱིན་པའི་འབྲས་བུ།།
འདོད་དགུའི་ལོངས་སྤྱོད་འབྱོར་ཡང་།།
ནམ་ཞིག་གང་ཟག་གཞན་གྱིས།།
བདག་བཟུང་རྫས་སུ་འགྱུར་བས།།
ད་ལྟ་རང་དབང་ཡོད་དུས།།
སྦྱིན་པའི་ཞིང་ལ་ཕུལ་ཅིག །
རྩལ་གསུམ་དར་ལ་རྫོགས་པའི།།
གཡུ་འབྲུག་སྐད་གསེང་མཐོ་ཡང་།།
དབྱར་གསུམ་ནམ་ཟླའི་ཐ་མར།།
སྒྲ་སྐད་ཉམས་པར་འགྱུར་བས།།
ད་ལྟ་མཁའ་ལ་འཕྱོ་དུས།།
དབྱར་རྔ་དལ་བུར་སྒྲོགས་དང་།།
མཐུན་འཇུག་འཇིག་རྟེན་ལས་ལ།།
གསུང་སྙན་འགྱུར་ཁུགས་འཁྲོལ་ཡང་།།
ནམ་ཞིག་མགྲིན་པའི་ལམ་ལ།།
དབུགས་ཀྱང་ཆད་པར་འགྱུར་བས།།
ད་ལྟ་སྨྲ་ལྕེ་བདེ་དུས།།
གྲག་སྟོང་ཟློ་བར་འབུངས་ཤིག །
མཁའ་ལ་རྒྱན་དུ་ཆགས་པའི།།
སྤྲིན་དཀར་ལང་ཚོ་གསར་ཡང་།།
དྲག་པའི་རླུང་དང་ཕྲད་ནས།།
ཕྱོགས་བཅུར་འཐོར་བར་ངེས་སོ།།
ད་ལྟ་ལང་ལོང་འཁྲིགས་དུས།།
སྦྲང་ཆར་བཅུད་དུ་ཕོབས་དང་།།
ཁུ་ཁྲག་གཞན་གྱི་རྫས་ལ།།
བདག་བཟུང་ལུས་འདི་མཆོར་ཡང་།།
ནམ་ཞིག་མི་གཙང་རྫས་བཞིན།།
འབྲེལ་མེད་འདོར་བར་འགྱུར་བས།།
ད་ལྟ་རྩལ་སྟོབས་ལྡན་དུས།།
དགེ་བའི་བྲན་དུ་ཁོལ་ཅིག །
དྭངས་བསིལ་ཡིད་པ་འཐད་པའི།།
ཉལ་འགྲོ་ལྷུང་ལྷུང་འབབ་ཀྱང་།།
མི་རིང་ཐིགས་པ་ཙམ་ཡང་།།
ལུས་མེད་སྐེམ་པར་འགྱུར་གྱི།།
ད་ལྟ་རྒྱུན་བཟང་འབབ་དུས།།
རྩི་ཐོག་གསོས་སུ་དྲོངས་དང་།།
རང་བདེ་གཞན་ལ་གནོད་པའི།།
ཐབས་ཚུལ་སྣ་དགུ་འགྱུ་ཡང་།།
ནམ་ཞིག་མིང་དོན་ཙམ་ཡང་།།
འཆར་མེད་རྨོངས་པར་འགྱུར་གྱི།།
ད་ལྟ་བློ་རིག་གསལ་དུས།།
ཟབ་རྒྱས་གདམས་ངག་སྒོམས་ཤིག །
ཚོང་འདུས་ས་ཡི་ལྟེ་བར།།
ལྷོ་བྱང་ཚོང་ཕྲུག་འཛོམ་ཡང་།།
ཞག་གསུམ་ནང་བར་དུས་སུ།།
སོ་སོར་གྱེས་པར་འགྱུར་བས།།
ད་ལྟ་ཡུད་ཙམ་ཚོགས་དུས།།
འཁོན་དང་མཐུན་འགྲོགས་སྤོངས་དང་།།
ཚེ་སྔོན་ལས་ཀྱིས་བཀུག་པའི།།
དགྲ་གཉེན་བྱམས་སྡང་ཆེ་ཡང་།།
མི་རིང་རིགས་དྲུག་གནས་སུ།།
སོ་སོར་འགྲོ་བར་འགྱུར་བས།།
ད་ལྟ་རིས་སུ་བཅད་ནས།།
དགོས་མེད་ཆགས་སྡང་སྤོངས་ཤིག །
སྟོན་དུས་མཁའ་ལ་ཤར་བའི།།
ཉ་རྒྱས་ནམ་འཕང་མཐོ་ཡང་།།
འཛམ་གླིང་ས་འདིར་གནས་པའི།།
སྐྱེ་བོ་ཚ་གདུང་ཅན་ལ།།
ལུས་སེམས་དགའ་བདེ་སྐྱིད་པའི།།
ཤུགས་འབྱུང་འོད་དཀར་འགྱེད་དོ།།
གཞན་ལ་ཕན་བདེ་འདོད་པ།།
རང་སེམས་ཁོང་ན་གནས་ཀྱང་།།
ཕྱོགས་དུས་སྐྱེ་བོ་ཀུན་གྱི།།
དོན་གཉིས་དཔལ་དུ་འགྱུར་བས།།
ལུས་ངག་ཚུལ་འཆོས་སྤངས་ཏེ།།
ལྷག་བསམ་བཟང་བོ་སྐྱེད་ཅིག །
གླུ་དབང་གཙུག་གི་ནོར་བུ།།
ཕྱོགས་ལྷུང་རྟོག་པ་མེད་ཀྱང་།།
མཆོད་དང་བཀུར་སྟི་ཆེན་པོས།།
རྩེ་གཅིག་གསོལ་བ་བཏབ་ལ།།
གང་བསམ་རེ་བའི་འབྲས་བུ།།
ལག་རྩེར་སྩོལ་བར་ངེས་སོ།།
བླ་མ་སྐུ་གསུམ་དབང་ཕྱུག །
འགྲོ་ལ་ཉེ་རིང་སྤངས་ཀྱང་།།
མོས་གུས་ལྟེམ་རྐྱང་མེད་པས།།
རྩེ་གཅིག་དྲན་པ་དེ་ལ།།
འདི་དང་ཕྱི་མ་ཀུན་གྱི།།
ལེགས་ཚོགས་འགྲུབ་པར་ངེས་སོ།།
དབང་བོ་བསླད་པའི་མཐུ་ཡིས།།
མཁའ་ལ་སྣང་བཀྲག་མཚར་ཡང་།།
གསོ་དཔྱད་མིག་སྨན་རྣོན་པོས།།
སྦྱངས་པའི་དེ་མ་ཐག་ཏུ།།
རབ་རིབ་སྣང་བ་ལོག་པའི།།
སྟོང་གསལ་རྗེན་པར་འཆར་རོ།།
དངོས་འཛིན་གདོན་གྱིས་དཀྲུགས་པས།།
ཀུན་རྫོབ་ཅི་ཡང་འཆར་མོད།།
འཁྲུལ་བའི་རང་མཚང་གཅོད་པའི།།
རིགས་ཤེས་ལྟ་བའི་ངོ་ན།།
བློ་བྲིད་སྣང་བ་ལོག་པའི།།
གནས་ལུགས་ལྟད་མོ་ལྟོས་ཤིག །
སྟོང་གསལ་མཁའ་ཡི་ངོས་ན།།
ཚུགས་ཐུབ་བདེན་པར་མེད་ཀྱང་།།
རྒྱུ་རྐྱེན་རྟེན་འབྲེལ་མང་བོ།།
ཚོགས་པའི་འཇའ་ཚོན་རི་མོ།།
གཏད་མེད་ཅི་ཡང་འཆར་བའི།།
ངོ་མཚར་འདི་ལ་ལྟོས་དང་།།
དཔྱད་ན་འདི་ཞེས་བྱ་བའི།།
ངོས་བཟུང་ཅི་ཡང་མེད་ཀྱང་།།
རྒྱུ་རྐྱེན་ཆ་ཤས་མང་བོར།།
བཏགས་ཡོད་མིང་ཙམ་འདི་ལ།།
བྱ་བྱེད་ཐམས་ཅད་འཐད་པའི།།
སྒྱུ་མ་འདི་ལ་གཟིགས་དང་།།
བདེན་དངོས་བསླུ་བ་མེད་པའི།།
དམིགས་གཏད་གང་ཡང་མེད་ཀྱང་།།
ཁོག་ཡངས་བྲག་གི་ཕུག་པར།།
སྒྲ་བརྙན་བྲག་ཅའི་དབྱངས་ཀྱིས།།
རང་འཛིན་ཤེས་པ་བསྐྱེད་པའི།།
ནུས་པ་ཐོགས་མེད་བཞིན་དུ།།
སླུ་མེད་དོན་ལ་གྲུབ་པའི།།
སྙིང་བོ་ཆ་ཙམ་མེད་ཀྱང་།།
དོན་ལྡན་ཚིག་གི་ཕྲེང་བ།།
འདི་ལྟར་སྤེལ་བའི་གཏམ་གྱིས།།
ཀུན་རྫོབ་འགྲོ་བ་མང་བོར།།
ཕན་པ་རྒྱ་ཆེན་གྱུར་ཅིག །  

གསར་འགོད་པ་སེང་དཀར་གྱིས་བསླབ་བྱ་ཉེར་མཁོ་ཕྱོགས་བསྒྲིགས་ལས་བཤུས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urkx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23542857
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།