བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་དྲུག་པ།༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་དྲུག་པ།༽
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།༼ཁག་དྲུག་པ།༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-10-26ལྟ་ཀློག (8689)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།

ཡིག་མཁན། ཨ་བུ་འབྲོང་།


༦ རང་རེ་རྣམས་ཀྱིས་དཔལ་འབྱོར་ཡར་རྒྱས་གཏོང་སྟངས་ཐད་ཇི་ལྟར་བསམ་བློ་གཏང་དགོས།

  ཁེ་ལས་པ་ནི་ཅིའི་ཕྱིར་འཛམ་གླིང་གི་ཨང་དང་བོར་བཞག་ཅེ་ན་ཁེ་ལས་པ་ནི་མི་སྤོབས་པ་ཅན། སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་བཅས་ལ་འགན་ཁུར་ཏེ་འདི་དག་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། རྒྱལ་ཁབ་གཞུང་ལ་ཁྲལ་འཇལ་བ་དང་མི་དབུལ་བོ་རྣམས་ལ་རོགས་སྐྱོར་དང་ཡང་ན་བྱ་བ་བཀོད་སྒྲིག་བྱས་ཏེ་ཟླ་ཕོགས་སྟེར་བ་སོགས་འཇོན་ཐང་ཁྱད་པར་དུ་འཕགས་པས་ཡིན། འོན་ཀྱང་ང་ཚོ་བོད་པ་རྣམས་ཀྱིས་དེ་གཉིས་ལས་སྔ་མ་ནི་ཆེས་བཟང་བོར་བརྩི་ཞིང་ཕྱི་མ་འཛམ་གླིང་གི་ཆེས་ཐ་མར་ལྟ་བ་དེ་ཆེས་མཆོག་ཏུ་འདོད། ནད་རོ་འདི་གང་ནས་བྱུང་བ་རེད་ཟེར་ན་རིག་གནས་གསར་བརྗེ་ཆེན་མོ་ལས་བྱུང་བ་རེད། རིག་གནས་གསར་བརྗེ་ཆེན་མོས་ལས་བྱེད་པ་ནི་བླ་ན་མེད་པ་ཞིག་ཏུ་ལྟ་སྟེ། ཧ་ཅང་འབད་བརྩོན་གྱིས་དང་ལས་བྱེད་པར་གཞག་འཇོག་ཟེར་བ་རེད། དེ་ནས་བཟུང་བསམ་བློ་ངན་པ་དེ་ད་རག་བར་དུ་མ་ཡལ་བར་ལུས་པ་དང་ལྷག་ཏུ་ང་ཚོ་བོད་ལ་ངན་ཤུགས་འདི་ཐེབས་པ་ཤིན་ཏུ་ཚབ་ཆེ། ཕྱི་རྒྱལ་སོགས་སུ་དེ་འདྲ་གཏན་ནས་མ་ཡིན་པར་མ་ཟད་དེང་སང་རྒྱ་ནང་ནའང་ལས་བྱེད་པ་ནི་འཇོན་ཐང་དང་སྤོབས་པ་མེད་པ་དང་ཕུགས་བསམ་དང་མདུན་ལམ་མེད་པ་དག་ཏུ་འདོད་ལ། ལས་བྱེད་པ་ཁོ་རང་ཚོས་ཀྱང་ང་ནི་འཇོན་ཐང་ཅན་ཞིག་མིན། གཞན་ལ་གཡོག་བྱས་ཏེ་ཟླ་ཕོགས་ལ་བརྟེན་ནས་ཁ་གསོ་བཞིན་ཡོད་ཅེས་རང་ཉིད་དམན་སར་བཞག་ནས་སྐད་ཆ་སྨྲ་བ་ཡིན་ནོ། །

   འོན་ཀྱང་ང་ཚོ་བོད་པས་ད་རུང་ཡང་དེ་ཉིད་མཆོག་ཏུ་ལྟ་ཞིང་ལས་བྱེད་པའི་གོ་ཐོབ་རེག་ན་བདེ་བ་ཅན་དུ་སྐྱེས་པའི་སྣང་བ་འཛིན། འདི་ལྟར་སོང་ན་ང་ཚོར་ཡར་ཐོན་ཞིག་ཡོད་རྒྱུ་ཨེ་རེད། ངས་སྔོན་ཆད་ན་གཞོན་དྲ་བས་བཅར་འདྲི་ཞིག་གི་སྐབས་སུའང་དེ་ལྟར་བཤད་མྱོང་། དུས་ནམ་ཞིག་གི་ཚེ་ང་ཚོ་ལས་བྱེད་པར་མོས་པའི་བསམ་བློ་འདི་འགྱུར་ཏེ་ཚང་མས་རང་ལྕག་རྒྱག་པའི་དུས་ཚོད་ཅིག་སླེབས་ན་དེ་དུས་ང་ཚོ་ཡར་རྒྱས་ཤིག་འོང་གི་རེད་མ་གཏོགས་ད་སྐབས་བོད་པ་རྣམས་ལ་ཅི་འདྲ་བཤད་ཅིང་སྡིགས་རུང་ཧ་གོ་མཁན་ཞིག་ཡོད་པ་མ་རེད་ཅེས་བཤད་པ་ཡིན། དེ་བཞིན་ད་སྐབས་ཀྱི་སློབ་མ་ཚང་མའང་དེ་ལྟ་བུ་རེད། སློབ་སྦྱོང་བྱས་བྱས་ཐམས་ཅད་མཐར་ཕྱིན་འཛིན་ཡིག་ཅིག་ལོན་ཆེད་དང་དེ་ལ་བརྟེན་ནས་ལས་བྱེད་པའི་གོ་ཐོབ་ཅིག་རེག་ཆེད་ཡིན་པ་ལས་ངས་སློབ་སྦྱོང་བྱས་ན་མི་འཇོན་ཐང་ཅན། མི་རིགས་དང་ས་གནས་ལ་ཕན་འདོགས་མཁན་ཞིག་ཨེ་ཐོན་བསམ་མཁན་ནི་གཅིག་ཀྱང་ཡོད་པ་མ་རེད། དམིགས་ཡུལ་འདི་ལ་འདང་ཞིག་རྒྱོབས་དང་བསམ་བློ་ཚད་ག་འདྲ་ཞིག་ན་འདུག   ཆུ་ཚད་ཆེས་དམའ་བ་དེ་མ་ཡིན་ནམ།

  ད་རུང་མི་རིགས་ཤིག་ལ་མཚོན་ན་སློབ་སྦྱོང་གི་ཁ་ཕྱོགས་ལ་ཆེད་ལས་ཧ་ཅང་མང་བོ་དགོས་པ་རེད། བོད་ཀྱི་སློབ་མ་མང་ཆེ་བ་རྩོམ་རིག་དང་ལོ་ཙཱ་ཙམ་ཞིག་ལ་མགོ་འཁོར་ནས་བསྡད་ཡོད། ད་ཅི་རེད། ཚང་མས་རྩོམ་རེ་བྲིས་ཏེ་ཁོམ་ནས་འདུག་རྒྱུ་ཡིན་ནམ། དེ་ལྟར་ཚང་མ་ཁོམ་ནས་སྡོད་དང་ང་ཚོ་མི་འགྱངས་བར་འཇིག་རྒྱུ་རེད། དེ་དུས་ཁོམ་ནས་འདུག་པ་ལས་ཅི་བྱ། སློབ་མ་ཚང་མ་བཀོད་སྒྲིག་བྱ་ཡུལ་ཞིག་རྒྱལ་ཁབ་ལའང་མེད་ཅིང་དགོས་མཁོ་མེད་ཚེ་རང་དགར་ཟླ་ཕོགས་བྱིན་ཏེ་མི་ཚེ་གང་བོར་ཁ་རྒྱབ་གསོ་མཁན་ཞིག་ཀྱང་ཡོད་པ་མ་རེད། ཡང་མིན་ན་ཚང་མས་མུག་སྐྱོབ་ལ་རེ་བ་རྒྱོབས་དང་། ལྟོ་བ་མི་ལྟོགས་ཐབས་ཤིག་འོང་ངེས། དེ་མིན་རེ་བ་གཞན་ཡོད་པ་མ་རེད།

   དཔལ་འབྱོར་ཞེས་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་གཞི་རྐང་གང་ཞིག་བརྟན་པོ་ཡིན་པ་དེར་བསམ་བློ་གཏང་དགོས། ང་ཚོ་བོད་ལ་མཚོན་ན་དཔལ་འབྱོར་གྱི་གཞི་རྐང་གཙོ་བོ་ནི་རོང་འབྲོག་གཉིས་ཀ་ཡིན་པ་ལས་ཚན་རིག་ལག་རྩལ་སོགས་མ་ཡིན། སྤྱིར་ཚན་རིག་འདི་ལ་དགེ་སྐྱོན་གཉིས་ཀྱི་ཆ་ཡོད། རང་རེ་རྣམས་ཚན་རིག་ཅན་དང་དེང་རབས་ཅན། འཕྲུལ་ཆས་ཅན་གྱི་ལམ་དུའང་འགྲོ་དགོས་པ་ཡིན། ཡིན་ནའང་འདི་ལ་ངེས་པར་ཚོད་དང་ཚད་ཅིག་ཡོད་དགོས་པ་རེད། ༼རྒྱ་སྐད་ཀྱིས་དོན་འདི་ལ་尺度ཞེས་བརྗོད།༽ ཚོད་དང་ཚད་ནི་མཐའ་གང་ལའང་མ་ལྷུང་བའི་དབུ་མའམ་དཀྱིལ་མའི་ལམ་ལྟ་བུ་ལ་གོ་དགོས། དེའི་རྐྱེན་གྱིས་འུ་ཅག་གིས་སྔོན་གྱི་འཚོ་བ་རོལ་སྟངས་དང་ཞིང་ཕྱུགས་ལས་སྐྱོང་སྟངས་སོགས་ཡར་རྒྱས་གོང་འཕེལ་དང་ཆ་རྐྱེན་ཅན་དུ་གཏང་དགོས་རྒྱུ་རེད་མོད། འཕྲུལ་ཆས་ཅན་དུ་བསྒྱུར་དགོས་ཟེར་ན་ཉེན་ཁ་ཆེན་པོ་རེད། མི་ལ་ལས་རང་རེ་རྣམས་འཕྲུལ་ཆས་ཅན་དུ་འགྱུར་སོང་ན་ཕྱུགས་འཚོ་སྐྱོང་མི་དགོས་ལ་འོ་མའང་མིའི་རྩོལ་བར་བརྟེན་ནས་བཞོ་མི་དགོས་པས་སྐྱིད་པོ་རེད་བསམ་གི་ཡོད་ན་ཐང་། ཡིན་ནའང་ངས་ནམ་ཡང་རང་རེ་རྣམས་འཕྲུལ་ཆས་ཅན་དུ་མི་འགྱུར་བར་སྨོན་ལམ་འདེབས་ཀྱིན་ཡོད། ཁྱོད་ཚོས་བསམ་བློ་ཐོངས་དང་། དེང་སྐབས་ཨ་རིའི་སློབ་མ་རྣམས་སློབ་མཐར་ཕྱིན་པ་ན་ལས་ཞུགས་ཀྱི་ཟླ་ཕོགས་ཇེ་དམའ་རུ་སོང་ཡོད་ཟེར། རྒྱུ་མཚན་ནི་ཨ་རི་ནི་དཔལ་འབྱོར་དང་ཚན་རིག་ཆེས་དར་བའི་རྒྱབ་ཁབ་ཡིན་པས་ཁོ་ཚོས་ཚན་རིག་ལག་རྩལ་ལ་བརྟེན་ནས་འཕྲུལ་ཆས་ཀྱི་མི་༼འཕྲུལ་མི༽མང་དུ་བཟོས་པ་དང་དེས་མི་མང་བོར་ལས་ཀ་མེད་པར་བཟོས་པ་རེད། མི་སྟོང་ཕྲག་གཅིག་གི་ཚབ་འཕྲུལ་ཆས་གཅིག་གིས་བྱེད་ཐུབ་པ་དང་སྤྱི་གཉེར་ཁང་དང་བཟོ་གྲྭ་སོགས་ལ་ལས་མི་མང་བོ་ཞིག་དགོས་མཁོ་མེད་པར་བཏང་། སྔོན་གྱི་འཕྲུལ་ཆས་ཅན་དང་དེང་གི་འཕྲུལ་ཆས་ཅན་ཞེས་པ་གཏན་ནས་མི་འདྲ་སྟེ་སྔོན་གྱི་འཕྲུལ་ཆས་ཅན་ཞེས་པ་ནི་མི་རྣམས་ཀྱི་ལུས་ཤུགས་ངལ་རྩོལ་ལ་རོགས་འདེགས་བྱེད་པ་ཙམ་ལ་ཟེར་ཞིང་། དཔེར་ན། སྔོན་ཆད་འོ་མ་བཤིགས་པ་ན་འོ་ཟོའམ་རྐྱལ་བ་ལ་བརྟེན་ནས་བཤིགས་པ་ཡིན་མོད་འོ་བཤིགས་འཕྲུལ་ཆས་༼འོ་འཕྲུལ་༽དར་རྗེས་དེས་མིའི་ལས་ཆོད་ཇེ་ཆེར་བཏང་བ་དང་ལས་ཡུན་ནམ་དུས་ཚོད་ཇེ་ཐུང་ལ་བཏང་བ་རེད། སྐབས་དེར་ཁྱོད་ཀྱི་ཟླ་ཕོགས་ཇེ་མཐོར་མ་སོང་ན་ཇེ་ཉུང་ལ་འགྲོ་བ་མ་རེད། སྔོན་གྱི་འཕྲུལ་ཆས་ཅན་ཞེས་པ་དེ་འདྲ་རེད། ད་ལྟ་ནི་དེ་འདྲ་མ་ཡིན་སྟེ་ཁྱོད་རང་རྩ་བ་ནས་དགོས་པ་མ་རེད་ལ་འཕྲུབ་ཆས་མང་བོས་ཁྱོད་ཀྱི་ཚབ་བྱེད་པ་རེད། ཁྱད་པར་དེ་ངེས་པར་ཤེས་དགོས། ད་སྐབས་ཀྱང་འུ་ཚོའི་མི་མང་བོའི་ཞིག་བྱ་བ་མ་རེག་པར་རང་དགར་བསྡད་ཡོད་ན་གལ་ཏེ་ཡོད་ཚད་འཕྲུལ་ཆས་ཅན་དུ་འགྱུར་ན་ང་ཚོའི་ཡོན་ཚད་ནི་ཧ་ཅང་ཞན་པས་ལས་ཀ་གཞན་ཅི་ཞིག་རེག་གམ། ཚང་མས་བསམ་བློ་ཐོངས་དང་། ངས་གོང་དུ་བཤད་པའི་ཨ་རིའི་སློབ་མ་རྣམས་ཀྱི་ལས་ཞུགས་ཀྱི་ཟླ་ཕོགས་ཇེ་དམར་སོང་བའི་རྒྱུ་རྐྱེན་ཡང་ཨ་རིའི་འཚོ་བ་འཕྲུལ་ཆས་ཅན་དུ་འགྱུར་སོང་བས་ཡིན་ནོ། །

   དེ་བས་ང་ཚོས་ངེས་པར་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་དེ་ཇི་ལྟ་བུ་ཡིན་པ་དང་རང་ཉིད་གང་དུ་འགྲོ་དགོས་པ་དང་ཇི་ལྟར་འགྲོ་དགོས་པ། གང་ཞིག་བསྒྲུབ་ན་ཉེན་ཁ་ཆེ་མིན་སོགས་ལ་དཔྱད་པ་གཏོང་ཤེས་དགོས། གཞན་ལ་ཧ་ཅང་ཕན་པ་དང་འཚམ་པ་ཞིག་ཡིན་ནའང་ང་ཚོར་ཕན་པ་དང་འཚམ་པའི་ངེས་པ་མེད་དེ་སོ་སོའི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས། རྒྱབ་ལྗོངས་ཀྱི་རིག་གནས་དང་ཆོས་ལུགས་སོགས་མང་བོ་ཞིག་ལ་འབྲེལ་བ་ཡོད་པ་རེད། ང་ཚོས་དཔལ་འབྱོར་ཡར་རྒྱས་ལ་ཇི་ལྟར་འབད་ཀྱང་མི་རིགས་རང་གི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས། ས་གནས་ཀྱི་འཚོ་བ་རོལ་སྟངས་སོགས་ལ་རྒྱབ་འགལ་དུ་མི་འགྲོ་བ་དང་དེ་དག་ལ་གནོད་པ་མེད་པ་ཞིག་ལ་ངེས་པར་བསམ་བློ་གཏང་དགོས་པ་ལས་དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་ཐང་ལ་གཡུག་པ་ནི་གླེན་པ་ཁོ་ན་རང་ཡིན། དཔེར་ན་ང་ཚོའི་གནས་སྤོར་ཁྱིམ་ཚང་རྣམས་ལ་གཅིག་ལྟོས། སྒོ་ཕྱུགས་ནི་མེད་པར་བྱས་ཚར་བས་ད་འཕྲུལ་ཆས་ཅན་དུ་སོང་ཞིག་དང་མདུན་ལམ་ཨེ་ཡོད་དམ། ཡོད་པ་མ་རེད་དེ་ང་ཚོའི་ཡོན་ཏན་གྱི་ཆུ་ཚད་དང་བསམ་བློའི་འདུ་ཤེས་སོགས་ཕྱོགས་གང་ནས་ཀྱང་ཚད་དེར་ཐོན་ཡོད་པ་མ་རེད། མདོར་ན་ང་ཚོས་ཅི་ཞིག་བསྒྲུབ་དགོས་པ་རེད་ཟེར་ན། ཁེ་ལས་ཚད་དང་ལྡན་པ་ཞིག་དང་གཞི་རྒྱ་ཅན་དེ་འདྲ་གཟུག་དགོས་པར་མ་ཟད་ཚོང་ལས་ཀྱི་ཤོག་ཁག་མང་བོ་གསར་འཛུགས་དང་བསྐྱེད་སྲིང་བྱ་དགོས། དེ་འདྲ་བྱས་ན་གཟོད་ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཞིག་རྙེད་ངེས་ཡིན། དེ་བཞིན་དུ་དགོན་པ་རྣམས་ལ་མཚོན་ནའང་རང་ཁ་རང་གསོའི་ལམ་དུ་ངེས་པར་འགྲོ་ཐུབ་དགོས། ངས་དགོན་པའི་སྒྲིག་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུའང་དེ་ལྟར་བཤད་ཡོད། མི་ལ་ལས་དགོན་པ་རྣམས་ཀྱིས་རང་ཁ་རང་གསོ་ཞེས་པ་ནི་ད་སྐབས་ཀྱི་སྲིད་ཇུས་ཤིག་གམ་བཤད་སྟངས་ཤིག་རེད་བསམ་གིན་འདུག དེ་འདྲ་མ་རེད་དེ་སྔོན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཟུང་བོད་ཀྱི་དགོན་པ་ཐམས་ཅད་ལ་རང་ཁ་རང་གསོའི་ལམ་ལུགས་ཡོད་པ་རེད། ཐོག་དང་བོ་སད་མི་མི་བདུན་ལ་བོད་རྒྱལ་ཁབ་གཞུང་ནས་ཟླ་ཕོགས་སྤྲད་ཀྱང་རྗེས་སུ་གྲྭ་བ་ཇེ་མང་ལ་སོང་བ་དང་བསྟུན་གྲྭ་བ་རྣམས་གཞུང་གིས་གསོ་རྒྱུ་དེ་དཔལ་འབྱོར་གྱི་སྒྲིག་གཞི་དང་མི་མཐུན་པར་ཤེས་ནས་དགོན་པ་རྣམས་ལ་བོད་སྲིད་གཞུང་ནས་ས་སྐལ་དང་ལྷ་སྡེ་སྤྲད་དེ་རང་ཁ་རང་གསོའི་ལམ་ལུགས་བཙུགས། དེ་བས་ད་ལྟའི་བར་རང་རེའི་ནང་བསྟན་ཆོས་ལུགས་གཙོས་བོད་ཀྱི་རིག་གནས་ཐམས་ཅད་གྲ་མ་ཆག་གྲུ་མ་ཉམས་པར་འཆད་ཅིང་ཞིང་སྤེལ་ནས་ནས་ཡོང་བ་རེད། ང་ཚོའི་མི་མང་བོ་ཞིག་གིས་བོད་མི་རིགས་ལ་དཔལ་འབྱོར་གྱི་རིག་པ་ཡོད་པ་མ་རེད་ཟེར། ངས་བསམ་ན་བོད་མི་རིགས་ལ་དཔལ་འབྱོར་གྱི་གཞུང་ལུགས་མེད་པ་བདེན་མོད་དཔལ་འབྱོར་གྱི་རིག་པ་ཡ་མཚན་པ་ཡོད། ལོ་རྒྱུས་ཁྲོད་བོད་ནི་སུམ་གཉིས་ས་ལ་དབང་སྒྱུར་བའི་རྒྱལ་ཁབ་སྟོབས་དང་ལྡན་པ་ཞིག་ཏུ་སོན་མྱོང་བ་རེད། དེ་དུས་དཔལ་འབྱོར་གྱི་སྟོབས་ཀྱང་ཤིན་ཏུ་ཆེ་ལ་ཐོན་ཁུངས་སྔོག་འདོན་སོགས་ཀྱི་ནུས་པའང་ཧ་ཅང་ཆེ། ད་ལྟའི་བོད་མི་རྣམས་དང་ལྷག་པར་ད་སྐབས་ཀྱི་སློབ་མ་སྐོར་ཞིག་གིས་སྔོན་གྱི་རྒྱལ་རབས་དང་མེས་པོ་གོང་མ་རྣམས་དང་བོད་ཀྱི་ཆོས་ལུགས་རིག་གནས་དང་བཅས་པས་རང་རེ་རྣམས་བརྫད་བཞག་པར་སྨྲ། དེ་དག་གིས་གཏན་ནས་བརྫད་མེད་དེ་ང་ཚོའི་འདས་པའི་ལོ་རྒྱུས་ལ་གཅིག་སོམས་དང་རྒྱལ་རབས་ཞེ་གཉིས་པོའི་རིང་ལ་འཛམ་གླིང་འཕེལ་རྒྱས་ཀྱི་རྗེས་ཆོད་ནས་ཡོང་བ་རེད། ད་སྐབས་གཞན་གྱི་རྗེས་སུ་ལུས་འདུག་པ་འདི་རེད། དེ་སུས་གཞན་གྱི་རྗེས་མ་ཆོད་པ་རེད་ཟེར་ན་འུ་ཅག་གིས་མ་ཆོད་པ་རེད། འུ་ཅག་གིས་དེང་རབས་ཀྱི་རིག་གནས་མི་ཤེས་ལ་ཚན་རིག་ནི་མི་ཤེས། དཔལ་འབྱོར་གྱི་སྒྲིག་གཞི་མེད་ལ་ཤེས་བྱའང་མེད། དེ་དག་གི་རྐྱེན་པས་གཞན་གྱི་རྗེས་མ་ཆོད་པ་རེད། དེ་འུ་ཅག་གིས་མ་ཡོང་བ་རེད། གནད་དོན་དེ་དག་ཚང་མས་བཤད་ཀྱིན་ཡོད་པ་རེད་ལ་ཁྱད་པར་སློབ་མ་དག་གིས་ཡ་མཚན་པ་འུར་གྱིན་ཡོད། འོན་ཀྱང་བྱ་བ་སྒྲུབ་མཁན་གཅིག་ཀྱང་ཡོད་པ་མ་རེད། ཇི་ལྟར་བཤད་ལ་དགའ་བ་རྣམས་དེ་ལྟར་བྱ་བ་བསྒྲུབ་ལ་མི་དགའ་བ་ཤ་སྟག་རེད་འདུག ད་སྐབས་སྐད་འཕྲིན་༼འཕྲིན་ཕྲན༽སྒང་ན་མི་མང་བོ་ཞིག་གིས་རྒྱུན་དུ་གཅིག་བཤད་བཤད་ལ་བསྡད་ཡོད། འོན་ཀྱང་ཁོ་ཚོ་མང་བོ་ཞིག་གིས་ཁ་ཤོམ་འཐེན་པ་ཙམ་ལས་བྱ་བ་ལས་མཁན་ནི་གཅིག་ཀྱང་མི་འདུག ང་ཚོར་མཁོ་བ་ནི་བཤད་མཁན་མང་བ་དེ་མ་ཡིན་པར་གཙོ་བོ་དེ་ལས་ཀ་སྒྲུབ་མཁན་མང་བོ་དགོས་པ་དེ་རེད།

    དེའི་འཕྲོར་ཕུགས་འདུན་དང་དམིགས་ཡུལ་གྱི་ཆ་ནས་བཤད་ན་ཁེ་ལས་ཞེས་པ་ནི་མི་སྒེར་རམ་ཚོགས་པ་ག་གེ་མོ་ཞིག་གི་ཆེད་དུ་མ་ཡིན་པར་ས་གནས་ཀྱི་དཔལ་འབྱོར་དང་མི་རིགས་ཀྱི་འཕེལ་རྒྱས་སོགས་གནད་དོན་མང་བོ་ཞིག་གི་ཆེད་དུ་བསྒྲུབ་དགོས་པ་རེད། དཔལ་འབྱོར་སྒྲུབ་སྐབས་བསམ་པའི་འཛིན་སྟངས་འདི་ལ་དོ་སྣང་དང་བྱ་ར་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་མིན་ཁེ་ལས་ཀྱི་མིང་གཡར་ཏེ་སྒེར་གྱི་དོན་དག་སྒྲུབ་མཁན་ཡང་མང་བ་རེད། ཡིན་ནའང་ང་ཚོའི་བོད་ཀྱི་ས་ཆ་འདིར་སྤྱི་གཉེར་ཁང་སོགས་ཁེ་ལས་དེ་འདྲའི་ཆེན་པོ་ཞིག་ད་དུང་ཡོད་པ་མ་རེད། དེང་སྐབས་འཛམ་གླིང་ན་ཁེ་ལས་ཀྱི་ཚོགས་ཁག་ཆེན་པོ་དག་གིས་དཔལ་འབྱོར་གྱི་ཚད་ཐིག་དང་ཁེ་ལས་ཀྱི་མ་རྩ་རྩི་སྐབས་སྒོར་དུང་ཕྱུར་དུང་ཕྱུར་མང་བོ་རྩི་བཞིན་ཡོད། རང་རེའི་མཐུན་གཉེར་ཁང་དང་ཁེ་ལས་པ་སོ་སོར་ད་རུང་དུང་ཕྱུར་འགའ་ཡང་བརྩི་རྒྱུ་ཡོད་མེད་རེད། དེ་བས་ང་ཚོའི་ཁེ་ལས་པ་དག་གིས་ངེས་པར་ཕན་ཚུན་གྱི་སྟོབས་ཤུགས་མཉམ་འབྲེལ་བྱས་ཏེ་ཁེ་ལས་ཀྱི་ཚོགས་ཁག་མང་བོ་འཛུགས་དགོས་པ་དང་མང་ཚོགས་ཐམས་ཅད་ཀྱང་མཉམ་སྒྲུབ་ཚོང་སྡེའི་ལམ་ལ་ཞུགས་ཏེ་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་བོད་མི་མང་བོ་ཞིག་གིས་རང་ས་བསྐྱུར་ཏེ་མར་གྲོང་ཁྱེར་ནང་ལ་འོང་གིན་འདུག དེ་ལ་ཧ་ཅང་གི་འདང་ཆེན་པོ་བརྒྱག་དགོས་ས་རེད། ཞིང་བས་ཞིང་ས་བསྐྱུར་ཏེ་ཐོག་ཁང་ནང་ལ་འོང་། འབྲོག་པས་ཕྱུགས་ལས་བསྐྱུར་ཏེ་ཡང་ཐོག་ཁང་ནང་ལ་འོང་བ་དེ་འདྲ་བྱེད་ཀི་ཡོད། སྤྱིར་ཐོག་ཁང་ནང་ལ་ཡོང་ན་ལོས་ཆོག་མོད་ཞིང་ལས་དང་ཕྱུགས་ལས་བསྐྱུར་བ་དེ་གཏན་ནས་མ་འགྲིག་པ་རེད། ཐོག་ཁང་ལའང་ཡོང་ཕྱུགས་ལས་ཀྱང་ཡོད་ན་དེ་འཕེལ་རྒྱས་ཤིག་ཡིན་པས་ཧ་ཅང་འགྲིག་འདུག གལ་ཏེ་ཞིང་ཕྱུགས་ལས་གཉིས་ཀ་རྩ་བ་ནས་བསྐྱུར་ཏེ་ཐོག་ཁང་ནང་ལ་ཡོང་བ་ཡིན་ན་ཁྱོད་ཀྱིས་མ་འོངས་པའི་མདུན་ལམ་ཐད་ཕམ་ཁ་མྱོང་རྒྱུ་ལས་ཅང་མེད། ཅི་ཡིན་ཞེ་ན། ཀྲུང་གོའི་གནའ་བོའི་སློབ་གསོ་བ་ཆེན་མོ་ཁུང་ཙིས་འདི་ལྟར་གསུངས་ཡོད་དེ། ས་ནི་མ་དང་ངལ་རྩོལ་ནི་ཕ་ལྟ་བུ་ཡིན་ཟེར། དེའི་དོན་ནི་ས་ནི་ཧ་ཅང་གི་རིན་ཐང་ཆེན་པོ་དང་ལྡན་པ་ཡིན་ཏེ། འདི་ཡོད་པར་གྱུར་ཚེ་གཟོད་དེ་རུ་ནས་གདབ་ཀྱང་ཆོག་ལ་གྲོ་གདབ་ཀྱང་ཆོག་པ་རེད། ཁང་བ་འཛུགས་སྐྲུན་བྱས་ཀྱང་ཆོག་པ་རེད། འོན་ཀྱང་ས་མེད་པར་གྱུར་ཚེ་དེ་ནས་བཟུང་ཐ་ན་ས་དོང་བརྐོས་ནས་ཀྱང་སྡོད་ས་མེད་པ་རེད། མདོར་ན་ས་འདི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསྐྱེད་མའམ་གཞི་མ། རྩ་བ་སོགས་ཡིན་པར་གསུངས་ཡོད་དོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502741
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།