ཆོས་རྗེ་སྐལ་བཟང་བསམ་འགྲུབ་ལ་གནང་བའི་བསླབ་བྱ་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། » ཆོས་རྗེ་སྐལ་བཟང་བསམ་འགྲུབ་ལ་གནང་བའི་བསླབ་བྱ་བཞུགས་སོ། །
ཆོས་རྗེ་སྐལ་བཟང་བསམ་འགྲུབ་ལ་གནང་བའི་བསླབ་བྱ་བཞུགས་སོ། །
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-10-18ལྟ་ཀློག (3447)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ཆོས་རྗེ་སྐལ་བཟང་བསམ་འགྲུབ་ལ་གནང་བའི་བསླབ་བྱ་བཞུགས་སོ། །


ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད།

    ཆོས་རྗེ་སྐལ་བཟང་བསམ་འགྲུབ་ནས་རང་གི་རྒྱུད་ཚོད་དང་འཚམ་པའི་བསླབ་བྱ་ལག་ཏུ་བླང་བདེ་བ་ཞིག་བསྐུར་གསུང་འདུག་པ་བཞིན་མདོ་ཙམ་བརྗོད་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ཁོ་ན་ཡིན་པར་རྒྱལ་བས་ཡང་དང་ཡང་དུ་གསུངས་པས། རང་གིས་ཁས་བླངས་པའི་སོ་ཐར་བྱང་སེམས་གསང་སྔགས་ཀྱི་བཅས་མཚམས་རྣམས་ངེས་པར་བྱས་ཏེ་སྲོག་བསྡོས་སུ་བསྲུང་བ་དང་། རྒྱ་ལ་ཉེས་པས་གོས་ནའང་ཕྲལ་ཕྲལ་དུ་བཤགས་སྡོམ་གྱིས་དག་པར་བྱེད་པ་གལ་ཆེ་ཞིང་། དེ་ལྟ་བུ་ཞིག་བྱུང་ན་ཅི་བྱས་ཐམས་ཅད་ཆོས་སུ་འགྲོ་བས་ཟུར་དུ་ཆོས་གཞན་བྱེད་རྒྱུ་མ་བྱུང་ན་ཡང་དེ་ཁོ་ནས་ཆོག་པ་འདུག  རང་རེ་ཆོས་བྱེད་འདོད་ཡོད་ཀྱང་ད་ལྟའི་བར་དུ་ཐུན་གཅིག་ཀྱང་ཉམས་ལེན་བྱེད་རྒྱུ་མི་ཡོང་བར། གདམས་ངག་ཐམས་ཅད་དཔེ་ལ་ལུས། རང་རྒྱུད་ལ་སྐྱེད་ཅུང་ཟད་ཀྱང་མ་ཐོན། ཆོས་བྱེད་རྒྱུ་བྱུང་ན་སྙམ་པའི་བསམ་པ་ཙམ་དང་།  བྱེད་རྒྱུ་ཡིན་ཟེར་བའི་ཚིག་ཙམ་གྱིས་འཆི་བ་ལ་གཏུགས་འགྲོ་བ་འདི་ཕྱི་རོལ་གྱི་བར་ཆད་ནད་གདོན་དགྲ་བགེགས་སོགས་ཀྱི་དབང་གིས་མ་ཡིན་པར། ནང་གི་རང་སེམས་ཚེ་འདིའི་རྙེད་བཀུར་འདུ་འཛི་སོགས་ལ་ཆགས་ཞེན་གྱི་དབང་གིས་འཇིག་རྟེན་གྱི་བྱ་བཞག་སྣ་ཚོགས་གཅིག་རྗེས་གཅིག་མཐུད་ལ་གཡེངས་ནས་ཆོས་བྱེད་པའི་གོ་སྐབས་མ་བྱུང་བ་ཡིན་པས། དེའི་གཉེན་པོར་དལ་འབྱོར་རྙེད་དཀའ་དོན་ཆེ་དང་འཆི་བ་མི་རྟག་པ་ཡང་དང་ཡང་དུ་བསམ་ནས་རྒྱུད་ནང་ནས་བསྐུལ་བ་ཤིན་ཏུ་གལ་ཆེ། ནོར་རྫས་ལོངས་སྤྱོད་སོགས་འབད་མེད་དུ་བྱུང་ན་ཡང་། ལོ་ཟླ་བ་ལྟ་ཞོགས་སང་ད་ཙམ། །འདིར་སྡོད་ཀྱི་གདེངས་ཚད་མ་རྙེད་པས། །བདག་འཆི་ཁར་ཕྱོགས་པའི་ཉམ་ཆུང་ལ། །ནོར་འཁོར་འདབ་རྒྱས་ཀྱང་ཅི་ཞིག་བྱེད། །ཅེས་གསུངས་པ་བཞིན་བསམ་ནས་ཞེན་ཆགས་ཀྱི་འཆིང་བ་གློད་ཅི་ཐུབ་བྱ། སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་གང་འདོད་དུ་མི་གཏོང་བར་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ་རང་གཞན་ལ་ཕྲལ་ཕུགས་སུ་གནོད་པའི་རྒྱུར་འགྲོ་བ་རྣམས་རྒྱུན་མཐུད་དུ་མི་གཞུག་པར་དེ་མ་ཐག་ཏུ་སྤོང་བ་དང་། ཕན་པའི་རྒྱུར་འགྲོ་བ་རྣམས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ་རྒྱ་ཆེན་པོར་འགྲོ་བའི་ཐབས་མཁས་དང་ལྡན་པར་བྱ། དགྲ་འདྲེ་ན་ཚ་སོགས་བྱུང་ཡང་ལམ་འཁྱེར་གྱིས་ཟིན་པར་བྱས་ན་ལམ་སྒྲུབ་པའི་བར་ཆད་དུ་མི་འགྲོ་བར་མ་ཟད། དགེ་སྦྱོར་གྱི་བོགས་འབྱིན་དུ་འགྲོ་བས་རྐྱེན་ངན་བར་ཆད་རུ་འཛིངས་པའི་དུས་ངན་འདི་ལྟ་བུར་རྐྱེན་ངན་ལམ་དུ་འཁྱེར་ཤེས་པ་མེད་དུ་མི་རུང་བའི་གདམས་པ་ཟབ་མོ་ཡིན་པར་སྣང་། དུས་ཀྱི་སྙིགས་མ་དང་བསྟན་པའི་མཐའ་ལ་སླེབས་པའི་སྐབས་འདིར་སེམས་ཅན་རེ་རེ་ཙམ་ལ་ཆོས་ཚིགས་བཅད་རེ་བསྟན་པའང་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དུ་ཡུལ་དབུས་ལས་མཐའ་འཁོབ་ཀྱི་སེམས་ཅན་ལ་ཆོས་ཀྱིས་ཕན་བཏགས་པའི་བསོད་ནམས་ཀྱི་ཕུང་བོ་ཚད་ལས་འདས་པས་ན། མི་སྐྱའི་རིགས་རྣམས་མི་དགེ་བཅུ་སྤོང་སྣ་རེ་ཡན་ཆད་ཀྱི་ཁྲིམས་ལ་འགོད་པ་དང་། དུས་བཟང་རྣམས་སུ་བསྙེན་གནས་སྙུང་གནས་སོགས་དང་། རྒྱུན་པར་སྐྱབས་འགྲོ་ཕྱག་མཆོད་ཡིག་དྲུག་སོགས་གཟུངས་སྔགས་ཟབ་མོ་བཟླ་བ་སོགས་ལ་སྦྱོར་བ་དང་། རབ་བྱུང་བ་རྣམས་བསྟན་པའི་གཞི་མ་ཚུལ་ཁྲིམས་བསྲུང་བ་གཙོ་བོར་བྱས་ཏེ་རང་རང་གི་བློ་ནུས་དང་བསྟུན་པའི་ལམ་རིམ་བསྐྱེད་རྫོགས་སོགས་ཀྱི་ཉམས་ལེན་ལ་གཞོལ་བ་དང་། དད་པ་དང་བག་ཡོད་སོགས་ཚུལ་མཐུན་གྱི་གནས་ལ་འགོད་གང་ཐུབ་བྱ། དེ་ཡང་ཚིག་རྩུབ་དང་དྲག་འཇུན་སོགས་ཀྱིས་ཡིད་ཕམ་པ་དང་། ཞེ་སུན་པའི་རིགས་མི་བྱེད་པར་སྦྱོར་བ་འཇམ་པོའི་སྒོ་ནས་དོན་དུ་གང་འགྱུར་བྱེད་པ་གལ་ཆེ། རང་གི་ཉམས་ལེན་གྱི་གཙོ་བོ་ཆོས་ཆུང་རྣམས་གྲངས་མང་བོ་བསགས་པ་ལས་རྒྱུད་སྡེ་ཚད་ལྡན་ལས་བཤད་པའི་ཡི་དམ་གྱི་ལྷ་ཁྱད་པར་ཅན་གང་མོས་ཤིག་གི་རྣལ་འབྱོར་ལ་གཙོ་བོར་དྲིལ་ན་བོགས་ཆེ་ཞིང་། དེ་ཡང་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་ཐུབ་ན་གནད་ཤིན་ཏུ་ཆེ་མོད། གལ་སྲིད་གསུམ་ག་མ་ཐུབ་ན་དུས་ཀྱི་མཐར་བྱིན་རླབས་དང་དངོས་གྲུབ་ཤིན་ཏུ་མྱུར་བར་བསྔགས་པའི་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ལམ་ལ་སྒྲུབ་པ་སྙིང་བོར་བྱེད་རྒྱུ་ཞིག་བྱུང་ན་སྐལ་བ་ཤིན་ཏུ་བཟང་བས་དེ་བཞིན་མཛོད། ངེས་འབྱུང་གི་བསམ་པས་མ་ཟིན་ན་ཐར་བའི་རྒྱུར་མི་འགྲོ་ཞིང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན་ཐེག་ཆེན་གྱི་ཆོས་སུ་འགྲོ་བ་མི་སྲིད་པས། སྔགས་ཀྱི་ཉམས་ལེན་གང་བྱེད་ཀྱང་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པ་ཅིས་ཀྱང་དགོས་པ་ཡིན་པར་སྣང་། ད་ཆ་ངེད་རང་གཟུགས་གཞི་ཅུང་ཟད་བྲོ་འཚལ་བ་དང་ཐུག་པས། ཞིབ་རྒྱས་འབྲི་མ་ཐུབ་པས་དོན་གྱི་སྙིང་བོ་ཙམ་ཁ་ནས་གང་ཐོན་འདི་བཞིན་བཀོད་པར་ཞིབ་ཆ་རྣམས་ཐད་ཀ་ཐད་ཀའི་སྐྱེས་བུ་དམ་པའི་གསུང་རབ་རྣམས་སུ་གཟིགས་ནས་ལག་ལེན་ལ་ཐེབ་པ་མཛོད། །

རྩོམ་ཡིག་མཁོ་སྤྲོད་པ་རང་རེའི་དྲ་བའི་གསར་འགོད་པ་སེང་དཀར་ལགས་ཡིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528983
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།