བོད་ཀྱི་སྒྲ་རིག་པའི་དགེ་མཚན་དང་འབྲེལ་བའི་བསམ་ཚུལ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »བོད་ཀྱི་སྒྲ་རིག་པའི་དགེ་མཚན་དང་འབྲེལ་བའི་བསམ་ཚུལ་གླེང་བ།
བོད་ཀྱི་སྒྲ་རིག་པའི་དགེ་མཚན་དང་འབྲེལ་བའི་བསམ་ཚུལ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-10-03ལྟ་ཀློག (8232)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སྒྲ་རིག་པའི་དགེ་མཚན་དང་འབྲེལ་བའི་བསམ་ཚུལ་གླེང་བ། 

གླང་ཡག་ངག་དབང་ནོར་བུ།   མཐོ་གཉིས་དང་པོ།

དཔྱད་རྩོམ་འདི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་“གཏམ་བཤད་ནོར་བུའི་ཕྲེང་བ"ཞེས་པའི་གཏམ་བཤད་འགྲན་བསྡུར་སྐབས་ཨང་གཉིས་པའི་བྱ་དགའ་ཐོབ།

 ཆོས་གཞུང་ཚོའི་ནང་དུ།

རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག།

སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག། 

བརྩེ་བས་མཁྱེན་པའི་ཐབས་མཁས་མཛད་པ་ཡི།།

གསལ་མཛད་བཤེས་གཉེན་རྣམས་ལ་གུས་པས་འདུད།།   

      ཅེས་གསུངས་པ་བཞིན། གནའ་དེང་རིག་པའི་གཞུང་ལ་མཁྱེན་རྒྱ་མཁའ་ལྟར་ཡངས་ཤིང་། མི་རིགས་སློབ་གསོའི་བྱ་གཞག་ལ་འབད་ཅིང་བརྩོན་པའི་ཁ་བ་གངས་ཅན་པའི་སེམས་རྩ་བརླན་དྲགས་པའི་མགོན་དགེ་བའི་བཤེས་གཉེན་རྣམས་དང་། འབྱུང་འགྱུར་གངས་ཅན་པའི་བདེ་སྡུག་ཡོད་ཚད་ལ་ཡིད་ཆེས་དང་རེ་བ་ཟབ་པའི་སློབ་གྲོགས་ལྷན་རྒྱས། མདོར་ན་རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་། མི་རིགས་འདིའི་སྐྱིད་སྡུག་ལེགས་ཉེས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་དང་རོགས་རམ་བྱེད་མཁན་གྱི་རྒན་དར་གཞོན་གསུམ། སྐྱ་སེར་ཕོ་མོ་རིས་སུ་མ་མཆིས་པ་ཡོངས་ལ་ཕྲན་ཆུང་བདག་གིས་བཅོས་མ་མིན་པའི་གུས་འདུད་སྔོན་དུ་བཏང་སྟེ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

        དེས་ན་སྐབས་སུ་བབ་པའི་གཏམ་དང་། དུས་སུ་བབ་པའི་ཆར་ཞེས་པའི་དཔེ་བཞིན། ངས་དེ་རིང་སྐབས་སུ་བབ་པའི་གླེང་བྱ། བོད་ཀྱི་སྒྲ་རིག་པའི་དགེ་མཚན་དང་འབྲེལ་བའི་བསམ་ཚུལ་འགའ་གླེང་བ་ཞེས་པའི་བརྗོད་གཞི་འདིའི་སྟེང་ནས་གླེང་རྒྱུ་ཡིན། ངས་རྒྱུ་མཚན་ཅིའི་ཕྱིར་དུ་བརྗོད་གཞི་འདི་བདམས་པ་ཡིན། དགོས་པ་ཅིའི་ཕྱིར་གླེང་གཞི་འདི་བཟུང་བ་ཡིན། དམིགས་ཡུལ་གང་གི་ཆེད་དུ་ཁ་བྱང་འདིའི་སྟེང་ནས་བསམ་ཚུལ་ཕྲན་བུ་འདི་ཞུ་འདོད་བྱུང་བ་ཡིན་ཟེར་ན། ད་སྐབས་སྤྱི་ཚོགས་ཁྲོད་ཡིན་ན་ཡང་ཆོག དགོན་སྡེའི་ཁྲོད་ཡིན་ན་ཡང་ཆོག  ཤེས་ལྡན་མི་སྣ་ཚོའི་ཁྲོད་ཡིན་ནའང་ཆོག  མདོར་ན་བཤད་ལ་དགའ་མཁན་མང་བོ་ཞིག་གིས་བོད་ཀྱི་སྒྲ་རིག་པ་འདི་དགེ་མཚན་མེད་པ་དང་། ཆེས་རིན་ཐང་མེད་པའི་རིག་གཞུང་ཞིག་ཏུ་སྨྲས་ནས། འདི་རྒྱུད་འཛིན་དང་དར་སྤེལ། སློབ་སྦྱོང་ཡང་དག་ཅིག་བྱེད་ཐུབ་ཀྱིན་མེད་པའི་རྒྱུ་མཚན་གྱིས་ངས་དེ་རིང་གླེང་གཞི་འདིའི་སྟེང་ནས་གླེང་དགོས་པ། གླེང་ན་རིན་ཐང་ཆེ་ཞིང་བྱོལ་དུ་མི་རུང་བའི་ལས་སུ་བྱ་བ་ཞིག་རེད་སྙམ་གྱིན་ཡོད།  ཡིན་ན་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གཞུང་འདིའི་ངོ་བོ་དང་། བྱུང་འཕེལ། དགེ་མཚན་སོགས་བརྗོད་ན་རི་རབ་ལས་ཀྱང་དཔང་མཐོ་བ། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་ཞིག་ཡིན་པས་ང་ལྟ་བུའིི་རིག་གཞུང་གི་ཕུ་ཐག་མ་ཆོད་མཁན། སྐྱེས་སྦྱངས་ཡོན་ཏན་སོགས་ཕྱོགས་ཡོངས་ནས་དབུལ་བོ་ཞིག་གིས་ཇི་བཞིན་བརྗོད་པ་རྔོ་མི་ཐོགས་མོད། འོན་ཀྱང་།  མི་ལོ་གང་མང་ཞིག་ལ་སློབ་གླིང་དང་ཆོས་གྲྭ་ཆེ་ཆུང་རབ་འབྲིང་མཐའ་གསུམ་མང་པོ་བརྒྱུད་ནས་ཕ་མེས་ཡང་མེས་ཚོས་ཤུལ་གཞག་གི་རིག་གཞུང་རྒྱ་མཚོ་འདྲ་བོ། ཤེས་རབ་ཅན་གྱི་སྐྱེས་བུ་ཚོའི་བསླུ་མེད་ཚད་གྲུབ་ཀྱི་གཞུང་ལུགས་བྲག་རི་འདྲ་བ་མང་པོ་ལ་ག་ལ་གང་འཚམས་ཀྱིས་སློབ་གཉེར་གྱི་ལས་ལ་བརྩོན་མྱོང་མཁན་ཞིག་ཡིན་པས། གང་ཤེས་དང་། གང་དྲན་དང་། གང་འཁྱོངས་ཀྱིས་གླེང་འདོད་བྱུང་།  དེ་ཡང་། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ནས། ཡོན་ཏན་ཀུན་ལྡན་དཀོན་པ་དང་།། ཡོན་ཏན་ཅི་ཡང་མེད་པའང་དཀོན།། སྐྱོན་དང་ཡོན་ཏན་གང་ཆེ་ལས།། མཁས་པས་བརྟགས་ནས་ཡོན་ཏན་ལེན།། གསུངས་པ་བཞིན་དུ། གང་གླེང་བ་འདི་དག་གི་ཁྲོད་ན་མ་ལེགས་པ་དང་། ཉེས་བཤད་དང་ལོག་བཤད། ནོར་འཁྲུལ་སོགས་གང་ཡོད་ཁྱེད་རྣམ་པས་དྲང་བོའི་བློ་དང་། གཟི་བོའི་མིག་གིས་དཔྱད་དེ། གསེར་དང་ར་གན་གྱི་ཁྱད་པར་མ་ནོར་ཞིང་། མ་འཛིངས་པར་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་སྙིགས་དོར་བཅུད་ལེན་བྱེད་པའི་རེ་བ་ཆེ་ལ། གང་ལེགས་པའི་ཕྱོགས་དང་། རང་བློར་བབ་པའི་གཏམ་བཟང་གང་མཆིས་ཅི་མི་སྙམ་པར་མི་འཇོག་པར་མ་ཟད། ཕྲག་དོག་དང་ཟུར་ཟ་མེད་པར་ཡིད་ལ་འཛིན་ཞིང་ལག་ལེན་ལ་འདེབས་པའི་སྨོན་འདུན་ཞུ་ཞེས་ཐོག་མའི་སྙན་སྐུལ་ཞིག་ཕུལ་བ་ཡིན།  ངས་དེ་རིང་གང་གླེང་མཐའ་དག་སྔོན་བྱོན་དམ་པའི་གཞུང་གསུང་རབ་གསུང་འབུམ་མང་བོས་འགྲོས་ཀྱིས་འགེབ་ཅིང་། བཀའ་དྲིན་སངས་རྒྱས་ལས་ཀྱང་ཆེ་བའི་བཤེས་གཉེན་དམ་པའི་གསུང་རྒྱུན་དྲི་མ་མེད་པས་ཟུར་བརྒྱན་ཏེ་དེ་རིང་གི་བསམ་ཚུལ་ཐན་ཐུན་འདི་གླེང་བ་མ་གཏོགས།  ང་རང་གི་ལྟ་ཚུལ་ཉི་ཚེ་བ་རེ་ཚད་མར་འཛིན་པའམ། ལྟ་སྟངས་མ་དག་པ་རེ་གཙིགས་སུ་བཟུང་ནས་གླེང་འདོད་མེད་ལ། གླེང་ཡང་རིན་ཐང་ཆུང་ཞིང་ཀློག་མཁན་ཚོ་ལ་ཡར་རྒྱས་དང་དུས་ཚོད་བརྒོལ་བ་ཙམ་ལས་མི་འདུག་སྙམ་པའི་ལྟ་ཚུལ་བྱུང་། འོན་ཀྱང་།   རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་དུ། སུས་ཀྱང་མ་ཐོན་པའི་ཚིག་གི་སྡེབ་སྦྱོར་སྙན་མོ་དང་སྔར་མ་གྲགས་པའི་བརྗོད་དོན་སོགས་ཅི་ཡང་ང་ལ་བཤད་དུ་མེད་པས། ཁྱེད་འདིར་འདུས་ངེས་དོན་གྱི་དྲན་དབང་སོགས་ཆེས་མང་པོ་ཞིག་གི་སེམས་ལ་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་རྒྱུ་རེད། ངས་སངས་རྒྱས་ལ་ཀ་ཁ་དང་། མཛོ་བདག་ལ་མཛོ་བཅོས་མི་དགོས་པར་མ་ཟད།  བསྐྱར་ཟློས་ཀྱི་རྣམ་པ་ཞིག་ལས་མི་འདུག་མོད། འོན་ཀྱང་ཁོ་བོའི་སྐད་ཆ་འདི་གླེང་སའི་ཁ་གཏོད་ཡུལ་ནི་ཁོ་མཁས་པ་ཡིན་ཟེར་ཞིང་། དེའི་ཁྲོད་ན་འཚང་ཁ་བྱེད་ཅིང་ཁས་འཆེ་མཁན་ཚོ་དང་། ཅི་ཡང་མི་ཤེས་ཤིང་བབ་ཅོལ་དང་འུར་གཏམ་སྒྲོག་ལ་དགའ་བ།  འཆར་ཡན་དང་འུར་སྒྲོགས་ཀྱི་རྗེས་སུ་འབྲངས་ཏེ་ལོག་འགྲེལ་དང་འཁྱོག་བཤད་ལ་གོམས་མཁན་ཚོ་སྐད་ཆ་འདིའི་ཁ་གཏོད་ཡུལ་ཡིན། དེ་ཡིན་ན། སྤྱིར་བཏང་བོད་མི་རིགས་འདི་ལ་རིག་གཞུང་གི་ཆ་ནས་གླེང་ན་གཞན་དག་ཚར་གཅོད་པར་བྱེད་པ་སྒྲ་དང་ཚད་མ་རིག་པ། གཞན་རྗེས་འཛིན་གྱི་རིག་པ་བཟོ་དང་གསོ་བ་རིག་པ། མི་ཤེས་པ་ཀུན་ཤེས་པར་བྱེད་པ་ནང་དོན་རིག་པ་དང་། དེ་དག་གི་ཡན་ལག་དང་བྱེ་བྲག་ཏུ་གྱུར་བ། སྙན་ངག  མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཞེས་བཅུ་ལ་ངོས་འཛིན་བྱེད་བཞིན་འདུག དེའི་ནང་གི་སྒྲ་རིག་པ་འདི་ངོས་འཛིན་གནང་བཞིན་ཡོད་དུས། རྒྱ་གར་གྱི་སྒྲ་གཞུང་ཆེན་པོ་བཞི་སྟེ། ཀཱ་ལ་པ་དང་།ཙན་དྲ་བ། པཱ་ཎི་བ། དབྱངས་ཅན་མ་བཞིའམ།  ཡང་ན་རྒྱལ་སྤྱིའི་སྒྲ་རིག་པ་འདི་ལ་ངོས་འཛིན་གནང་གིན་འདུག  ཡིན་ན་ཡང་ངེས་དོན་མཁས་པའི་དབང་ཕྱུག་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་རྒྱན་རིག་པའི་གཞུང་ལུགས་སོགས་གཞུང་མང་བོར་གཞིག་ན་སྐད་དང་ཡི་གེ་ཡོད་པའི་མི་རིགས་གང་ཞིག་ཡིན་ན། དེ་དང་དེ་ལ་ཡང་རང་རང་སོ་སོའི་སྐད་དང་མཐུན་པའི་སྒྲ་རིག་པའི་བསྟན་བཅོས་རེ་ཡོད་ཚོད་རེད། དེ་ཉིད་ལས། འཇིག་རྟེན་གྱི་སྐད་རིགས་མི་འདྲ་བ་གང་དང་གང་ཡིན་ཡང་ཡུལ་ལུང་སོ་སོའི་ལུགས་ཀྱི་མིང་དང་། དེ་ལ་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགས་སྦྱར་བ་ལ་བརྟེན་ནས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་ངེས་ཅན་གྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་རིག་གཞུང་དེ་ལ་རང་རང་གི་ལུགས་ཀྱི་སྒྲ་རིག་པའི་བསྟན་བཅོས་དང་ལུང་དུ་སྟོན་པའི་བསྟན་བཅོས་ཟེར་ཞིང་། བོད་སྐད་ཀྱི་དབང་དུ་བྱས་ན་ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་སོགས་ནི་བོད་མི་རིགས་རང་ཉིད་ཀྱི་སྐད་བཞིར་བཟུང་ནས་བརྩམས་པའི་སྒྲ་རིག་པའི་བསྟན་བཅོས་ཡིན་ཞེས་གསུངས་པ་ལྟར། རང་རེའི་མི་རིགས་འདིའི་སྒྲ་རིག་པའི་གཞུང་ལུགས་དེ་ཡང་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲུལ་གྱི་བློན་པོ་བཞིའི་ཡ་གྱལ། མཛངས་མི་བདུན་གྱི་བཞི་བ། ཨ་ནུ་ར་ག་ཏའི་བུ་ཐོན་མི་སམ་བྷོ་ཊ་ཞེས་པའི་ཁྱེའུ་ངང་ཚུལ་བཟང་བ། བློ་གསལ་བ། དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་དཀར་བ། མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འབུལ་ཐུབ་པའི་དཔའ་བོ་དེས་རིག་འཕྲུལ་ལས་བྱུང་བའི་སུམ་རྟགས་དག་གསུམ་པོ་བོད་ཀྱི་སྒྲ་རིག་པའི་གཞུང་ལུགས་རེད། 

དེའི་ཕྱིར་དེ་རིང་ཁོ་བོས་བརྗོད་གཞི་འདི་གླེང་བ་ལ་ས་བཅད་དང་ཚན་པ་མི་འདྲ་བ་གསུམ་གྱི་སྒོ་ནས་གླེང་བར་འདོད། 

དང་པོ། སྒྲ་རིག་པ་འདི་ནི་མི་རིགས་ཀྱི་ཆ་ནས་མེད་ཐབས་བྲལ་ཞིང་དགེ་མཚན་ཆེ་བའི་རང་བཞིན་གླེང་བ། 

      མི་རིགས་གང་ཞིག་ལ་མཚོན་ན་ཡང་ཆེས་མེད་ཐབས་བྲལ་ཞིང་། མི་རིགས་དེའི་སྲོག་རྩ་ཡུན་གནས་ཀྱི་ཆེད་དུ་རིག་གནས་འདི་དག་བྱུང་བ་རེད་ལ། མི་རིགས་དེ་ལོགས་སུ་བཀར་བྱེད་ཀྱི་མཐུན་མིན་ཀྱི་ཁྱད་ཆོས་ཀྱང་དེ་ལས་མ་འདས་པས། ཉེ་རབས་མཁས་པའི་དབང་བོ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས། མི་རིགས་ཞེས་པ་རིག་གནས་ཆ་ནས་འཇོག  རིག་གནས་རྩ་བ་ཉམས་ན་མི་རིགས་ཀྱི་ལྗོན་ཤིང་སྐམ་ཕྱིར་རིག་གནས་ལ་སྡང་བ་མི་རིགས་རྩ་མེད་གཏོང་བའི་ངན་གཡོ་ཡིན། གསུངས་པ་བཞིན་དུ། མི་རིགས་དེའི་སྲོག་རྩ་རིག་གནས་ཡིན་ནོ། རིག་གནས་དེའི་རྩ་བ་བརྡ་སྤྲོད་རིག་པའམ་སྒྲ་རིག་པའི་བསྟན་བཅོས་འདི་ལ་ཐུག་ཡོད་པ་དངོས་ཡོད་གནས་ཚུལ་དང། མཐོང་ཐོས་མྱོང་གྱུར་རེད། དེའི་རྒྱུ་མཚན་གྱིས་གཞུང་ལུགས་འདི་ལག་ལེན་ལ་བསྟར་ན། བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་གཅིག་གྱུར་ཡོང་བ་མ་ཟད། བསམ་བློ་གཅིག་གྱུར། སྟོབས་ཤུགས་གཅིག་འགྱུར་ཡོང་སྟེ། དུས་རབས་ཉེར་གཅིག་པའི་ནང་སླར་ཡང་སྟོབས་དཔུང་འབར་བའི་མི་རིགས་ཤིག་ཡང་བསྐྱར་ལམ་ལ་ཆས་པ་དང་། འཛམ་གླིང་མི་རིགས་ཀྱི་ཁྲོད་ནས་དབུ་འཕང་མཐོ་ཆོག་པའི་གངས་ལྗོངས་གསར་བ་ཞིག་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད། འདི་དེ་རིང་གི་གླེང་བྱ་དང་པོ་ཡིན། 

གཉིས་པ། སྒྲ་རིག་པ་འདི་བོད་བརྒྱུད་ནང་བསྟན་གྱི་ཆ་ནས་མེད་ཐབས་བྲལ་ཞིང་དགེ་མཚན་ཆེ་བའི་རང་བཞིན་གླེང་བ། 

     བོད་བརྒྱུད་ནང་བསྟན་ཞེས་པའི་སྲོག་ལྡན་སྤྱིའི་སྤྱི་ནོར་དུ་གྱུར་བའི་འཛམ་གླིང་ན་ངོམ་རིན་ཆེ་ཞིང། རང་ངམ་འབར་བ། འོད་སྟོང་འཚེར་བ། གཟི་འོད་འཕྲོ་བའི་རིག་གཞུང་འདི་རྒྱུད་འཛིན་དང་དར་སྤེལ་དགོས་ན་བོད་ཀྱི་སྐད་དང་ཡི་གེ་འདིའི་སྟེང་ནས་མ་གཏོགས་གྲ་མ་ཞིག་པ། དྲི་མ་ཤོར་བར་རྒྱུད་འཛིན་མི་ཐུབ་པ་འདི་རང་བསྟོད་དང་རང་མཐོང་ཙམ་མ་ཡིན་པར་ད་སྐབས་འཛམ་གླིང་ཤེས་ལྡན་མི་སྣ་སྤྱིའི་མགྲིན་དབྱངས་གཅིག་གྱུར་གྱིས་གསུང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱི་ཆ་ནས་གླེང་ན་ཡང་དགོས་ཕན་ཆེ་ཞིང་ཁ་བྲལ་ཐབས་མེད་པའི་རིག་གཞུང་ཞིག་ཡིན་པར་མ་ཟད། བོད་ཀྱི་བཅུ་ཕྲག་རིག་གཞུང་གང་ལ་འཇུག་ནའང་འཇུག་བྱེད་ཀྱི་ལྡེ་མིག་ལྟ་བུར་གྱུར་ཡོད།    འདར་བ་ལོ་ཙཱ་བས། གང་ཞིག་རྟོགས་ན་ཤེས་བྱའི་གནས་ཀུན་ལ།།ཐོགས་པ་མེད་པར་བདེ་བླག་བགྲོད་པའི་ཐབས།།བཅུ་ཕྲག་རིག་གནས་ཀུན་གྱི་དང་བོ་མཆོག།རྣམ་དག་བརྡ་སྤྲོད་གཞུང་ལ་འཇུག་པར་བྱ།། ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ། བོད་སྤྱི་ཚོགས་དང་མེད་ཐབས་བྲལ་ཞིང་དགེ་མཚན་ཆེ་བའི་རང་བཞིན་གླེང་བ།

      ད་སྐབས་དུས་རབས་ཁད་ཀྱིས་འགྱུར་ཞིང་། མིའི་འདོད་རྔམས་སྔར་ལས་ཆེ་བར་གྱུར་བའི་དུས་འདིར། ཡོད་ཚད་བདེ་བ་ཉི་ཚེ་བ་དང་། བདེ་སྐྱིད་ལྟར་སྣང་བ་རེའི་རྗེས་སུ་སྙེག་ཅིང་། འདུར་རྒྱུགས་ཀྱིས་ནལ་བཞིན་པའི་སྒང་འདིར་ཕྱིའི་ལྟོ་གོས་གནས་མལ་ཙམ་ལ་རེ་བ་བཅོལ་བཞིན་ཡོད་པ་དངོས་མཐོང་ལག་ཟིན་རེད། དེ་ཡིན་ན་ང་ཚོ་འཇིག་རྟེན་འདིར་འཚོ་དགོས་ན་འདི་དག་མེད་ཐབས་བྲལ་བའི་འཚོ་བའི་ཆ་རྐྱེན་ཞིག་ཡིན་པ་སྨྲོས་ག་ལ་དགོས། རེད་དེ་འདི་དག་ཡོད་ཚད་བདེ་བའི་མཐར་ཐུག་དང་། བདེ་སྐྱིད་ཀྱི་ངོ་བོར་གནས་པར་འདོད་པ་ནི་འཁྲུལ་སྣང་ཞིག་གི་དབང་དུ་སོང་བ་ཐལ་ཆེ་ཞིང་། ཕྱི་འཚོ་སྡོད་ཙམ་ལ་བསམ་པ་ནི་ཡེ་ནས་ནོར་བ་རང་རེད།   དེ་ཡང་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་ནས། གང་ལྟར་ཡང་བསྡུས་ན་ཕྱིའི་བདེ་སྡུག་དང་། ནང་སེམས་ཀྱི་བདེ་སྡུག་བཅས་རིགས་གཉིས་ཡོད། ཕྱིའི་དངོས་པོའི་ཡར་རྒྱས་འདི་དག་ལུས་ལ་བརྟེན་པའི་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་བསལ་བའི་ཆེད་དུ་ཡིན་ནའང་། ཕྱིའི་ཐབས་ཤེས་འདི་དག་གིས་སྡུག་བསྔལ་ཐམས་ཅད་བསལ་ནས་འདོད་པ་རྫོགས་པ་སྒྲུབ་ཐུབ་རྒྱུ་དངོས་གནས་ཁག་པོ་ཡིན། དེས་ན་ཕྱི་རོལ་གྱི་དངོས་པོ་ལ་བརྟེན་ནས་བདེ་བ་ཐོབ་ཐབས་བྱེད་པ་དང་། ནང་སེམས་ཀྱི་ཡར་རྒྱས་ཀྱི་སྟེང་ནས་བདེ་བ་འཚོལ་ཐབས་བྱེད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་སྡུག་བསྔལ་གཅིག་པ་ཡིན་ན་ཡང་། ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ཀྱི་ཐོག་ནས་སྡུག་བསྔལ་མྱོང་སྟངས་དང་སེམས་མི་བདེ་བ་ཆགས་སྟངས་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་བསམ་བློའི་འཁྱེར་ཕྱོགས་ནི་ང་ཚོའི་མི་ཚེ་སྐྱེལ་སྟངས་ཀྱི་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་པ་ལྟར་བདེ་བ་ལ་གཏན་གྱི་བདེ་བ་དང་འཕྲལ་གྱི་བདེ་བ་གཉིས་ལས། ཡོད་ཚད་ཀྱིས་གནས་སྐབས་འཕྲལ་གྱི་བདེ་དགའ་ཙམ་ལ་མི་རེ་བར་ཕུགས་ཀྱི་བདེ་བ་དོན་དུ་གཉེར་རྒྱུ་ནི་ཆེས་གནད་འགག་ཆེ་བ་ཞིག་མ་རེད་དམ། གང་ལྟར་གནས་སྐབས་དང་མཐར་ཐུག་གང་ཡིན་ཡང་དགེ་མཚན་ལྡན་ཞིང་ཁ་བྲལ་ཐབས་མེད་པར་བོད་སྤྱི་ཚོགས་དང་ཤ་འདྲེས་པགས་འདྲེས་སུ་གྱུར་པའི་རིག་གཞུང་ཡ་མཚར་པ་ཞིག་རེད།ཡིན་ན་ཡང་། དོན་གྱི་གནས་ལུགས་མ་རྟོགས་མཁན་རེ་ཟུང་གིས། སྒྲ་རིག་པའམ། ཐ་སྙད་རིག་གནས་ལ་སྦྱངས་ན་དགེ་མཚན་མེད་པར་སྐྱོན་དུ་འཛིན་བཞིན་ཡོད་པ་ཉུང་ཉུང་མ་རེད། ཡིན་ཡང་མདོ་དྲིན་ལན་བསབས་པ་ལས། རིག་པའི་དངོས་པོ་ལྔ་མ་བསླབས་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རོ།། དེ་བས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ།།གསུངས་པ་ལྟར་ཐམས་ཅད་མཁྱེན་པ་དང་སྐྱེས་བུ་དམ་པ། ངེས་དོན་གྱི་མཁས་པ་དང་། ཀུན་མཁྱེན་རྒྱལ་བའི་གོ་འཕང་སོགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་མཁན་ཚོས་ཕྱོགས་སུ་མ་ལྷུང་བར་སྦྱངས་པ་བྱེད་རྒྱུ་ནི་གལ་ཆེ་བ་ཡིན་ཞེས་གདམས་པ་ལས། མ་བསླབས་མ་སྦྱངས་པར་རང་གྲོལ་དང་ཐོལ་བྱུང་ལྟ་བུས་མཁས་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞིག་འཐོབ་ཚུལ་མེད་པས། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཞལ་ལས། རྒྱུ་འབྲས་བསླུ་བ་མེད་པ་འདི།།ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན།། མ་བསླབས་པར་ཡང་ཀུན་མཁྱེན་དུ།། འགྲོ་ན་རྒྱུ་འབྲས་ག་ལ་བདེན།།གསུངས་པའི་ཕྱིར་རོ།། དེ་ལྟར་བོད་རིགས་གཞོན་སྐྱེས་རྒན་གཞོན་མེད་པར་ཚང་མས་མདོ་སྔགས་རིག་གནས་ཀུན་ལ་ཕྱོགས་སུ་མ་ལྷུང་བའི་སློབ་གཉེར་གཤའ་མ་རེ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡང་། དེང་སང་མང་བོ་ཞིག་སློབ་གཉེར་ལ་མི་མོས་ཤིང་། གལ་ཏེ་སློབ་གཉེར་བ་ཞིག་གི་གཟུགས་བརྙན་ཙམ་བཟུང་རུང་། ཡིད་རྟོན་མེད་པར་ཐེ་ཚོམ་དང་བཅས་ངན་རྟོག་འདོམས།།དེ་དག་མཐོང་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ།། ཞེས་གསུངས་པ་ལྟར། རིག་པ་ཉི་ཚེ་བ་དང་གཞུང་ལུགས་མ་དག་པ། འཆར་ཡན་གྱི་བསམ་བློ་རེའི་རྗེས་སུ་འབྲངས་ནས་སྐྱེ་དགོས་སའི་འཁོར་བ་ལ་ངེས་འབྱུང་མི་སྐྱེ་བར། སྐྱེ་དགོས་མི་སའི་སློབ་གཉེར་ལ་ངེས་འབྱུང་སྐྱེ་བཞིན་སློབ་གཉེར་བྱེད་རྒྱུར་ཞེན་པ་ལོག་སྟེ། ཐ་སྙད་རིག་གནས་ལ་མི་སྦྱངས་པ་མ་ཟད་སྦྱངས་ན་དགོས་ཕན་ཆུང་ཚུལ་སོགས་སྨྲ་ཞིང་། ཐ་སྙད་རིག་པ་ལ་སྦྱངས་ན་མི་ཚེའི་སྙིང་བོ་མི་ལོན་པ་དང་དད་པ་ཉམས་འགྲོ་བ། ལྟ་བ་ལོག་འགྲོ་བ། སྙན་ངག་ལ་བསླབ་ན་སྲེད་པ་འཕེལ་ཞིང་དམ་ཚིག་དང་སྡོམ་པ་ཉམས་བྱེད་ཀྱི་རྐྱེན་དུ་འགྱུར་བ། ལོ་རྒྱུས་སྦྱངས་ན་ཆོས་སྐྱོང་གི་བཀའ་ཆད་རྒྱུགས་པ་སོགས་བཤད་དེ་བོད་རིག་པ་སྤྱི་དང་ལྷག་པར་སྒྲ་རིག་པའི་གཞུང་ལུགས་འདི་ལ་ལྟ་ཚུལ་མ་དག་པ་རེ་འདོན་མཁན་ད་ལོ་ན་ནིང་འདིིར་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་བོད་མི་རིགས་འདི་རྒུད་ཅིང་ཕོངས་པའི་སྣ་འདྲེན་ཞིག་ཡིན་པར་མ་ཟད། ཆོས་ཀྱི་གནད་མ་རྟོགས་པའི་གླེན་བཤད་ཅིག་དང་། མཁས་པའི་དགོངས་པ་མ་ལོན་པའི་ལོག་འགྲེལ་ཞིག རིག་གཞུང་གི་རྨང་མི་མཐུག་པ། བོད་ཀྱི་སྒྲ་རིག་པའི་དགེ་མཚན་ཟུར་ཙམ་ཡང་མ་ཤེས་པའི་ནོར་འཁྲུལ་རང་བཞིན་ཅན་གྱི་བསམ་ཚུལ་ཞིག་རེད་བསམ་གྱིན་ཡོད།  ཡང་ཁོ་ཚོས་ཐ་སྙད་རིག་པར་བསླབ་མ་མྱོང་བའམ་སློབ་འདོད་མེད་པ། རིག་གཞུང་འདི་དགེ་མཚན་ཕྱོགས་འགྲོ་ཙམ་ལའང་ངེས་པ་མ་རྙེད་པར་གླེན་བཤད་ཀྱིས་སྦྱངས་མི་ཉན་པའི་ལུང་དྲངས་ན། གུང་ཐང་བསྟན་པའི་སྒྲོན་མེས། ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང་།། ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་བྱེད་ཅིང་།། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།། གཞུང་ལུགས་ཐོས་བསམ་རྣམ་མའི་གེགས་ཡིན་པས།། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།། ཞེས་པའི་ལུང་ཚིག་འདི་དྲངས་ཏེ། ཐ་སྙད་རིག་གནས་ལ་སྦྱངས་མི་ཉན་པའི་བཤད་སྒྲོས་ཤིག་ཡང་ཡང་བསྐྱར་ཞིང་ཟློ་བཞིན་འདུག ད་དུང་། སྔོན་བུ་སྟོན་རིན་པོ་ཆེས་ཀྱང་སྐུ་ཚེ་གང་བོར་ལྕགས་ཀྱི་ཐུར་མ་བཅུ་གསུམ་ཟད་རག་བར་དུ་རྩིས་ལ་སྦྱངས་པས། སྐུ་ཚེ་དེ་ཉིད་ལ་འཚང་རྒྱ་རྒྱུ་ཡིན་པའི་བར་ཆད་དུ་གྱུར་བ་རེད་ཟེར། འདི་ནི་གཞུང་དོན་གྱི་བདེན་པ་མ་རྙེད་པ་དང་། སྐབས་དོན་གང་ཡིན་མ་ཤེས་གོང་། ཤེས་མདོག་གིས་དེ་འདྲ་བྱེད་སྲིད་མོད། འོན་ཀྱང་། ཁོ་ཚོས་བསམ་ཚུལ་དེ་ནི་ཆེས་ནོར་འཁྲུལ་ཞིག་རེད་སྙམ་གྱིན་ཡོད། རྒྱུ་མཚན། མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ། སེམས་ཅན་ཀུན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང་། མདོ་འཛིན་པ་དང་བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པའི་ཟློས་གར་གྱི་བསྟན་བཅོས་དང་། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ།།ཞེས་དང་། རྒྱལ་ཚབ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།།འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།

ཅེས་གསུངས་པའི་ལུང་དོན་དེ་དག་ལ་ཁྱེད་ཚོའི་བསམ་ཕྱོགས་དང་དགོངས་དོན་དང་མཐུན་པའི་འགྲེལ་བཤད་གསར་བ་ཞིག་རྒྱག་རྒྱུ་ཡིན་ནམ། སྐྱེས་ཆེན་དེ་ཚོའི་བསླུ་མེད་ཚད་གྲུབ་ཀྱི་ལུང་དོན་དག་ནོར་འཁྲུལ་རེད་ཟེར་རྒྱུ་ཡིན། གང་ཡིན་སབ་སིབ་མིན་པའི་ལན་སྨྲ་དགོས་པ་ལས་དྲང་བདེན་ལ་མི་དགའ་ཞིང་། གནས་ལུགས་མི་བརྩི་བར་ཡོད་ཚད་ལ་དགག་པ་གཏོང་རྒྱུ་ཟེར་ཤེས་པ་ཙམ་གྱིས་མི་ཡོང་བར། ཐོག་མར་མཁས་མང་གི་དགོངས་གཞི་དང་རིང་དུ་གྱེས་པ་ཡིན་མིན་དང་སྐབས་དོན་གང་ཞིག་ལ་དམིགས་ནས་གསུངས་མིན་སོགས་ཤེས་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་མ་ཡིན་ནམ། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དབྱངས་ཅན་དགྱེས་གླུ་ལས་ཀྱང་། ཐ་སྙད་རིག་པ་འདི་རྣམས་ཕྱི་རོལ་བས་ཀྱང་ཐོས་བསམ་དུ་བྱ་བས་ན་སྙིང་བོ་མེད་དོ་སྙམ་ན། ཁྱོད་རང་རྣམས་ཀྱིས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དེའི་ལྷག་མཐོང་གི་རྟེན་གཞིར་གྱུར་བའི་ཞི་གནས་དེ་ལ་གོམས་པའི་ཕྱི་རོལ་བ་ཇི་སྙེད་ཅིག་འབྱུང་བས། ཁྱོད་རང་རྣམས་ཀྱི་ཞི་གནས་དེ་ཡང་སྤང་བྱར་མི་འགྱུར་རམ། ངེད་ཀྱི་ཞི་གནས་ལ་སྐྱབས་འགྲོ་དང་སེམས་བསྐྱེད་སོགས་ཀྱི་ཁྱད་པར་ཡོད་དོ་ཞེས་སྨྲ་ན། ངེད་ཅག་ཐ་སྙད་མཁན་པོ་རྣམས་ཀྱི་ཐ་སྙད་རིག་པ་ལའང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩིས་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོའོ་ཞེས་སྨྲ་ན་ཇི་སྐད་ཟེར། ཅེས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ཁྱེད་ཚོར་རྟག་བརྟན་ཐེར་ཟུག་གི་བསམ་བློའི་རྒྱབ་རྟེན་ཡང་དག་རེ་དང་། ཡིད་རྟོན་རུང་བའི་ཚད་གྲུབ་ཀྱི་ལུང་རིགས་ཡང་དག་རེ་མེད་ན། སྣང་བ་སད་སུད་ཅིག་སྐྱེས་པས་ཡོད་ཚད་ཁྱུར་མིད་གཏོང་འདོད་ཀྱི་སྦྱོར་བ་དེ་ནི་ཆེས་ནོར་འཁྲུལ་ཅན་གྱི་བསམ་བློའི་འཁྲུག་ལོང་ཞིག་ཡིན་པ་ངོ་ཤེས་པར་མཛོད།  སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད།། སངས་རྒྱས་པ་ན་སློབ་སྦྱོང་ཚར་བ་ཡིན།། ཞེས་པའི་ལེགས་བཤད་འདི་ལ་བརྩི་སྲུང་བྱེད་བཞིན་ལུགས་གཉིས་ཀྱི་གནས་ཚུལ་ལེགས་པར་ཤེས་པའི་བློ་གྲོས་ཀྱི་སྒྲོན་མེ་ཐོགས་ཏེ་རྨོངས་མུན་གྱི་དྲ་བ་མཐའ་དག་བསལ་ནས་ཤེས་རྒྱ་ཆེ་རུ་གཏོང་དགོས་པ་ལས།སྣང་བ་སད་སུད་ཅིག་སྐྱེས་པས། རང་སྣང་སྐྱིད་ལ་སྐུར་མི་ཉན་པར། གུ་དོག་གི་འགག་འཕྲང་ཐམས་ཅད་གཏོར་ནས་ལུགས་གཉིས་ནོར་གྱིས་ཕྱུག་པའི་འཇོན་ཐང་ཅན་གྱི་སྐྱེས་བུར་འགྱུར་བར་བརྩོན་དགོས། སྤྱིར་གཏང་རིག་གཞུང་གང་ཞིག་ཡིན་ན་ཡང་རང་རང་སོ་སོ་ལ་དགེ་མཚན་རེ་དང་། ཁྱད་ཆོས་རེ་མེད་ས་མེད་མོད། འོན་ཀྱང་། གཞུང་ལུགས་ཀྱི་ཟབ་ཚད་དང་གཙོ་ཕལ་གྱི་ཆ་ནས་གླེང་ན་མདོ་སྔགས་གཉིས་གཙོ་བོ་དང་ཆེས་ཟབ་པ། ཐ་སྙད་རིག་གནས་འདི་ཕལ་བ་དང་ངོས་ཡངས་པ་ཞིག་ཡིན་ནོ་བཤད་མ་དགོས་པ་ཞིག་རེད། དེའི་ཕྱིར་ངས་ཀྱང་མདོ་སྔགས་གཉིས་ལ་སློབ་གཉེར་བྱེད་མཁན་ཚོ་ངའི་མི་ཚེ་འདིའི་མཛེས་རྒྱན་དང་། ཆེས་རྗེས་སུ་ཡི་རངས་བྱེད་སའི་གནས་ཡིན་བསམ་གྱིན་ཡོད། ཡིན་ན་ཡང་ང་ཚོ་སུ་ཞིག་ཡིན་ཡང་སྦྱང་མི་འདོད་པ་དང། མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་གཞུང་ལུགས་ལ་བསྙད་མི་འདོགས་པ་དང། ལུགས་མེད་ཀྱི་ཞྭ་མོ་མི་སྐོན་པར་འདྲ་མཉམ་ཀྱིས་སློབ་གཉེར་དང་། འདྲ་མཉམ་གྱིས་སློད་ཁྲིད་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཞིག་ཡིན་པར་མ་ཟད་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུའི་ཕྱོགས་ལ་མ་བསྐུལ་དང་བླངས་ཀྱིས་འགན་འཁྲི་ཟབ་མོ་རེ་བཞེས་རོགས་གནོངས་ཞེས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཞིང་། གསོལ་བ་སྨོན་ལམ་འདེབ་བཞིན་ཡོད། ད་དུས་ཚོད་ལ་ཐོན་སོང་ཟིག མཇུག་མཐར་འདིར་བཞུགས་ཀྱི་དགེ་རྒན་རྣམ་པའི་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་མཐའ་རུ་ཁྱབ་པ། གྲྭ་བཙུན་ཚོས་རང་རང་གིས་ཁས་བླངས་པའི་དམ་ཚིག་སྡོམ་པ་མིག་འབྲས་བཞིན་སྲུང་ཞིང་། མདོ་སྔགས་རིག་གནས་ཀྱིས་མཚོན་པའི་གནའ་དེང་གཞུང་ལུགས་ལ་ཆ་ཚང་འཆད་རྩོད་རྩོམ་གསུམ་གྱིས་སྐུ་ཚེ་འདའ་བ་དང་། ཕྱིའི་ཀུན་སྤྱོད་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། ནང་ཉམས་རྟོགས་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་རུ་འགྱུར་བ། གྲོང་བ་ཚོའི་ཕྱིའི་ཀུན་སྤྱོད་ཡ་རབས་ཚུལ་དང་མཐུན་པ། ནང་བསམ་བློ་གནའ་དེང་གཞུང་ལ་མོས་པ། འཛམ་གླིང་ས་ཆེན་པོའི་ཁྲོད་འདིར་ཡོམ་ཡོམ་དུ་འགུལ་ཞིང་།བྱས་རྗེས་ཟབ་མོ་འཇོག་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་ཏེ་མི་ཚེ་དོན་ལྡན་ཞིག་ཡོང་བའི་སྨོན་ལམ་དང་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ།  

 ཞེས་གླང་ཡག་ངག་དབང་ནོར་བུའམ་རྒྱ་སྨྱུག་སེར་པོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་མཁས་པའི་འབྱུང་གནས་ནས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23483164
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།