སྲིད་འཛིན་ཨོ་བྷ་མས་སློབ་མ་རྣམས་ལ་དཔེ་ཀློག་གི་སྐོར་བསླབ་བྱ་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »སྲིད་འཛིན་ཨོ་བྷ་མས་སློབ་མ་རྣམས་ལ་དཔེ་ཀློག་གི་སྐོར་བསླབ་བྱ་གན
སྲིད་འཛིན་ཨོ་བྷ་མས་སློབ་མ་རྣམས་ལ་དཔེ་ཀློག་གི་སྐོར་བསླབ་བྱ་གནང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-21ལྟ་ཀློག (8419)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྲིད་འཛིན་ཨོ་བྷ་མས་སློབ་མ་རྣམས་ལ་དཔེ་ཀློག་གི་སྐོར་བསླབ་བྱ་གནང་བ།

བླ་མ་བཀྲ་ཤིས་ཀྱིས་བསྒྱུར།

    དཔེ་ཆ་ཡག་པོ་བཀླག་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་བདག་གིས་གསལ་བོ་ཤེས་ལ། ཁྱོད་ཚོའི་གྲས་ཀྱི་མི་མང་བོ་ཞིག་གི་འཚོ་བའི་ཐད་གནད་དོན་སྣ་ཚོགས་ལྷགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སེམས་ཤུགས་ཡོད་ཚད་དཔེ་ཆའི་ཐོག་འདོན་རྒྱུ་ཧ་ཅང་དཀའ་བའང་བདག་གིས་རྟོགས་ཐུབ་པ་མ་ཟད། ང་རང་ཉིད་ལའང་མྱོང་བ་ཟབ་མོ་ཡོད། ང་རང་ལོ་ན་གཉིས་ལ་སོན་པའི་སྐབས་ནས་བཟུང་བདག་གི་ཨ་ཕ་ཁྱིམ་དང་བྲལ་སོང་བས། ཨ་མ་གཅིག་པུས་ང་རང་བསྐྱངས་འོངས་པ་རེད། ཡིན་ནའང་།ཨ་མ་ལས་ཀར་སོང་སྟེ་ནམ་རྒྱུན་འཚོ་བའི་གྲོན་དངུལ་གྱི་ཆེད་དུ་ཤ་ཐང་འབད་ཐང་མི་བྱེད་ཐབས་མེད་ཡིན་ཡང་། དེ་ལྟར་བྱས་ནའང་སྐབས་འགར་ང་ཚོར་བྱིས་པ་གཞན་ལ་ཡོད་པའི་དངོས་པོ་མཁོ་སྤྲོད་བྱེད་ཐབས་མེད་ལ། སྐབས་འགར་བདག་གིས་འཚོ་བའི་ཁྲོད་དུ་ཨ་ཕ་ཞིག་ཡོད་ན་སྙམ་པའི་རེ་བ་བཅངས་མྱོང་། སྐབས་སྐབས་སུ་རང་ཉིད་གྲོགས་མེད་ཁེར་རྐྱང་ཞིག་དང་མཐའ་འཁོར་གྱི་ཁོར་ཡུག་དང་བསྟུན་ཐབས་མི་འདུག་པའི་ཚོར་བ་ཡང་སྐྱེས་མྱོང་བས། ངས་རྒྱུན་པར་རང་ཉིད་ཀྱིས་སྒྲུབ་འོས་པ་ནང་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་པ་མིན་ལ། རང་ཉིད་ངོ་ཚ་འོས་པའི་བྱ་བ་མང་བོ་བསྒྲུབས་མྱོང་ཞིང་། དཀའ་ལས་གཏོད་མི་དགོས་པའི་བྱ་བའང་མང་བོ་ཞིག་བྱུང་མྱོང་བ་དང་། ང་ཡི་འཚོ་བར་བརྡབ་གསིག་ཆེན་པོ་ཐེབས་ཏེ་ཐུར་དུ་རྒུད་ལ་ཉེ་བ་བྱུང་། འོན་ཀྱང་། ང་རང་ལས་ཧ་ཅང་བཟང་སྟེ། དོན་དག་མང་བོ་ཞིག་གི་ཐད་ནས་ཡང་བསྐྱར་མགོ་རྩོམ་པའི་གོ་སྐབས་བྱུང་བ་དང་། སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་སློབ་གླིང་འགྲིམས་ཏེ་ཕུགས་བསམ་བསྙེགས་རྒྱུའི་སྐལ་བ་ལྡན་བྱུང་། བདག་གི་ཆུང་མ་མེ་ཞར་ཨོ་བྷ་མ་ལ་ཡང་དེ་དང་རིགས་འདྲ་བའི་མི་ཚེའི་གཏམ་རྒྱུད་ཅིག་ཡོད་དེ། མོའི་ཕ་མ་གཉིས་ཀ་སློབ་ཆེན་འགྲིམས་མ་མྱོང་ལ་རྒྱུ་ནོར་ཡང་མང་བོ་མེད་པ་ཞིག་རེད་མོད། འོན་ཀྱང་ཁོ་ཚོར་བརྩོན་པ་ཧ་ཅང་ཆེ་ཞིང་མོ་ཡང་དེ་ནང་བཞིན་རེད། དེར་བརྟེན་མོ་རང་ཨ་མེ་རི་ཁའི་ཆེས་བཟང་བའི་སློབ་གྲྭར་འགྲིམས་ཐུབ་པར་གྱུར། ཁྱོད་ཚོའི་གྲས་ཀྱི་མི་མང་བོར་ཡང་ཕན་ལྡན་གྱི་ཆ་རྐྱེན་ལེགས་པོ་དེ་འདྲ་མི་ལྡན་ཞིང་། འཚོ་བའི་ཁྲོད་ཁྱོད་ལ་རོགས་སྐྱོར་བྱ་ཐུབ་པའི་རྒན་རབས་པ་མེད་པའི་མིའང་ཡོད་སྲིད་ལ། ཡང་ཁྱོད་ཀྱི་ཁྱིམ་མིའི་ཁྲོད་ལས་ཀ་ཤོར་བ་དང་དཔལ་འབྱོར་ཧ་ཅང་དཀའ་ཁག་ཆེ་བ་དེ་འདྲའང་ཡོད་སྲིད། ཡང་ན། ཁྱོད་གནས་སའི་ས་ཁུལ་དེ་དེ་འདྲའི་བདེ་འཇགས་མེད་ཀྱང་སྲིད་ལ། ཁྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་གྲོགས་པོ་དང་འཕྲད་ཀྱང་སྲིད། འོན་ཀྱང་། མཐར་གཏུགས་ན་ཁྱོད་ཀྱི་འཚོ་བའི་གནས་ཚུལ་ཏེ། ཁྱོད་ཀྱི་སྐྱེ་གཟུགས་དང་། ཐོབ་ཐང་། དཔལ་འབྱོར་གྱི་ཆ་རྐྱེན། ཁྱིམ་ཚང་གི་རྣམ་པ་སོགས་ཚང་མ་ནི་སློབ་སྦྱོང་སྣང་མེད་དང་རྣམ་འགྱུར་ངན་པར་འགྱུར་བའི་ཁ་གཡར་ས་ཡེ་ནས་མིན་ལ། འདི་དག་ནི་ཁྱོད་ཀྱིས་དགེ་རྒན་དང་ཁ་འཛིང་བྱེད་པ་དང་། སློབ་བྱོལ་བྱེད་པའམ་སློབ་མཚམས་འཇོག་པའི་ཁ་གཡོར་སའང་མ་ཡིན། ཡང་འདི་དག་ནི་ཁྱོད་ཀྱིས་དཔེ་ཆ་ཡག་པོ་མི་ཀློག་པའི་ཁ་གཡོར་སའང་མ་ཡིན་ནོ།       ཁྱོད་ཚོའི་མིག་སྔའི་གནས་བབ་ཀྱིས་རང་ཉིད་ཀྱི་མ་འོངས་པ་ཐག་གཅོད་བྱ་ཐུབ་པ་ཞིག་མ་ཡིན་ལ། ཨ་མེ་རི་ཁ་ནས། ཁྱོད་ཀྱི་ལས་དབང་གི་རྩོམ་ཡིག་ཁྱོད་རང་ཉིད་ཀྱིས་འབྲི་དགོས་ཤིང་། ཁྱོད་ཀྱི་མ་འོངས་པ་ཁྱོད་རང་ཉིད་ཀྱི་ལག་ན་གནས་པ་ལས། ཁྱོད་ཀྱི་ལས་དབང་ལ་བཀོད་སྒྲིག་ཡག་པོ་བྱེད་མཁན་སུ་ཡང་མེད། འདི་ནི་ཁྱོད་ཚོ་ལྟ་བུའི་ན་གཞོན་དག་གིས་ཉིན་མ་རེ་རེར་བསྒྲུབ་དགོས་པའི་བྱ་བ་ཉག་གཅིག་རེད་ལ། ཨ་མེ་རི་ཁའི་ས་ཆ་སོ་སོ་ཚང་མ་འདི་འདྲ་རེད། དཔེར་ན། ཏི་ཁི་ས་སི་ཁུལ་རོ་མ་གྲོང་ཁྱེར་གྱི་ཅཱ་སི་མེན་ཕེ་ལེ་སི་ཡང་ཆེས་ཐོག་མར་སློབ་གྲྭར་འགྲོ་སྐབས་དབྱིན་སྐད་རྩ་བ་ནས་བཤད་མི་ཤེས་ལ། མོའི་ཕ་མ་གཉིས་ཀའང་སློབ་ཆེན་འགྲིམས་མ་མྱོང་བ་ཞིག་རེད། འོན་ཀྱང་མོ་རང་ལ་བརྩོན་པ་ཧ་ཅང་ཆེ་བས་སྦྱངས་འབྲས་ཕུལ་དུ་བྱུང་བ་ཐོབ་པ་དང་། པུ་རང་སློབ་ཆེན་གྱི་བྱ་དགའི་མ་དངུལ་ཐོབ་སྟེ་ད་ལྟ་སྤྱི་སྤྱོད་འཕྲོད་བསྟེན་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་འདོན་བཞིན་པའི་སྒང་ཡིན་ལ། མི་འགྱངས་པར་འབུམ་རམས་པ་ཅཱ་སི་མེན་ཕེ་ལེ་སི་རུ་འགྱུར་ངེས་རེད། བདག་གིས་ད་དུང་ཅཱ་ཀྲོའི་ལོ་སི་ལ་ཐོ་སི་གྲོང་ཁྱེར་གྱི་ཨེན་རྡོར་ཉི་ཧྲོར་ཟི་ཞེས་པ་དྲན་འོངས་ཏེ། ཁོང་ལོ་གསུམ་ནས་བཟུང་ཀླད་པའི་ནད་ཚབས་ཆེན་ཞིག་ཕོག་པ་དང་། ནད་བཅོས་དང་བཤའ་བཅོས་རེ་རེ་བཞིན་བརྒྱུད་ཅིང་། དེའི་ཁྲོད་ཀྱི་བཤའ་བཅོས་ཐེངས་གཅིག་གིས་ཁོའི་ཤེས་པར་ཤུགས་རྐྱེན་ཐེབས་པས། ཁོང་གིས་མི་སྤྱིར་བཏང་བ་ལས་ཆུ་ཚོད་བརྒྱ་ཕྲག་ཁ་ཤས་ལྷག་པ་བཀོལ་ནས་སློབ་སྦྱོང་གི་ལས་ཀ་འགྲུབ་པར་བྱས། འོན་ཀྱང་ཁོང་གིས་ནམ་ཡིན་ཡང་རང་ཉིད་ཀྱི་སྦྱངས་བྱ་དེ་མཚམས་བཞག་མ་མྱོང་། སྟོན་དུས་འདིར་ཁོང་གིས་སློབ་ཆེན་གྱི་འཚོ་བའི་མགོ་རྩོམ་རྒྱུ་རེད། བདག་གིས་ད་དུང་ཕ་ཡུལ་ཨེ་ལེ་ནོ་ཡེ་ཁུལ་ཀྲི་ཅ་ཀི་གྲོང་ཁྱེར་གྱི་དྭ་ཕྲུག་ཅིག་ཡིད་ལ་དྲན་བྱུང་སྟེ། མོའི་མིང་ལ་ཞང་ཐིར་ཧྲི་ཏེ་ཧྥུ་ཟེར་ཞིང་མོ་རང་ཁྱིམ་ཚང་མི་གཅིག་པ་མང་བོ་ཞིག་ཏུ་གསོ་སྐྱོང་བྱས་མྱོང་། མོ་ཆུང་དུས་ནས་བདེ་འཇགས་དོ་དམ་ཤིན་ཏུ་ཞན་པའི་ས་ཁུལ་ཞིག་ནས་འཚར་ལོངས་བྱུང་ཡང་། མོས་འབད་པ་ཆེན་པོ་བྱས་མཐར་ས་གནས་ནད་བཅོས་ལྟེ་བ་ཞིག་ཏུ་ལས་ཀ་རག་ཐུབ་སོང་ལ། ན་ཆུང་རྣམས་ཉེས་ཅན་ཚོགས་པ་དང་རྒྱང་དུ་གྱེས་པར་བྱ་བའི་ལས་གཞི་ཞིག་བཙུགས། མོས་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས་ཏེ་སློབ་འབྲིང་ནས་མཐར་ཕྱིན་ལ་ཉེ་སྐབས་སློབ་ཆེན་དུ་སོང་ནས་མུ་མཐུད་དུ་ཟབ་སྦྱོང་བྱས། ཅཱ་ཟི་མེ་དང་ཨན་རྡོར་ནེ། ཞང་ཐིར་སོགས་དང་ཁྱོད་ཚོར་ཡང་མི་འདྲ་ས་ཆེར་མེད་ལ། ཁྱོད་ཚོ་དང་འདྲ་བར་ཁོ་ཚོར་ཡང་འཚོ་བའི་ཁྲོད་ནས་གནད་དོན་སྣ་ཚོགས་ལ་འཕྲད་པ་དང་། གནས་ཚུལ་འགའ་རེའི་ཐད་ནས་ཁོ་ཚོའི་གནས་བབ་ཁྱོད་ཚོའི་མི་མང་བོ་ཞིག་ལས་ཀྱང་ད་དུང་ཧ་ཅང་ཞན། འོན་ཀྱང་། ཁོ་ཚོས་བྱ་བ་བློས་མ་བཏང་བར་རང་ཉིད་ཀྱི་མི་ཚེ་དང་། རང་ཉིད་ཀྱི་སློབ་གསོར་འགན་ཁུར་བའི་སེམས་ཐག་བཅད་དེ་རང་ཉིད་ལ་འབད་བརྩོན་གྱི་དམིགས་འབེན་ཞིག་བཙུགས། ངའི་རེ་བ་ཡིན་ན་ཁྱོད་ཚོའི་མི་རེ་རེས་ཀྱང་འདི་ལྟར་བསྒྲུབ་ཐུབ་པ་བྱོས། དེར་བརྟེན། དེ་རིང་ངས་ཁྱོད་ཚོའི་མི་རེ་རེས་རང་ཉིད་ཀྱི་སློབ་གསོའི་དམིགས་འབེན་འཆར་འགོད་དང་། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་སྤྱད་དེ་དམིགས་འབེན་འདི་དག་མངོན་འགྱུར་ཡོང་རྒྱུའི་འབོད་སྐུལ་བྱས་པ་ཡིན། ཁྱོད་ཀྱི་དམིགས་འབེན་སྟབས་བདེ་ཞིག་ཡིན་པས་ཆོག་སྟེ། དཔེར་ན་ལས་བྱ་འགྲུབ་པ་དང་། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པའམ་ཉིན་རེར་ལྟ་ཀློག་བྱེད་པ་སོགས་དང་། ཡང་ན་སློབ་ཕྱིའི་བྱེད་སྒོ་ལ་ཞུགས་པར་གྲ་སྒྲིག་བྱེད་ཀྱང་སྲིད་ལ། ཁྱོད་ཀྱི་ས་ཁུལ་ནས་དང་བླངས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱང་སྲིད། ཡང་ན་ཁྱོད་ཀྱིས་སྤོབས་པ་ཆེན་པོས་ཀྲོང་ངེར་འགྱིང་སྟེ་ཐོབ་ཐང་དང་སྐྱེ་གཟུགས་ཀྱི་རྐྱེན་གྱིས་མི་རྣམས་ཀྱི་མཐོང་ཆུང་དང་འཕྱ་སྨོད་ཐེབས་བཞིན་པའི་བྱིས་པ་དག་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཐག་གཅོད་ཀྱང་སྲིད། རྒྱུ་རྐྱེན་ནི་ང་དང་འདྲ་བར་བྱིས་པ་རེ་རེར་སློབ་སྦྱོང་དང་དཔེ་ཀློག་ལ་འཚམ་པའི་བདེ་འཇགས་ཀྱི་ཁོར་ཡུག་ཅིག་དགོས་སྙམ་པས་རེད། ཡང་ན་ཁྱོད་ཀྱིས་སྔར་ལས་ལྷག་པར་རང་ཉིད་ལ་བདག་སྐྱོང་བྱས་ཏེ་མ་འོངས་པའི་སློབ་སྦྱོང་ལ་གྲ་སྒྲིག་བྱེད་པའི་སེམས་ཐག་གཅོད་ཀྱང་སྲིད། དེ་ལས་གཞན་ཞོར་དུ་བརྗོད་འདོད་པ་ནི། ངའི་རེ་བ་ཡིན་ན་ཚང་མས་ལག་པ་བཀྲུ་བ་གོམས་གཤིས་སུ་ཆགས་པ་བྱ་རྒྱུ་དང་། ལུས་ཁམས་བདེ་མོ་མིན་དུས་ཁྱིམ་ནས་ངལ་གསོ་མང་ཙམ་བྱས་ཏེ་སྟོན་དཔྱིད་ཀྱི་སྐབས་སུ་ཆམ་པ་ཕོག་ཚད་ཆེ་དུས་ཚང་མར་ཆམ་རིམས་མི་ཕོག་པ་བྱ་རྒྱུ་གལ་ཆེ།  གང་ལྟར་བྱ་བ་གང་ཞིག་བསྒྲུབ་ཀྱང་། ཁྱོད་ཀྱིས་སྦྱངས་པ་མཐར་ཕྱིན་པ་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་རྒྱུ་ནི་ངའི་རེ་བ་ཡིན། སྐབས་རེར་ཁྱོད་ཀྱིས་བརྙན་འཕྲིན་ལས་འབད་པ་ཆེན་པོ་བརྒྱུད་མི་དགོས་པར་ཁེ་གྲགས་ཆེན་པོ་ལོན་ཏེ། དཔེར་ན་rapལེན་ཤེས་པ་ཙམ་དང་། ལྒང་ལི་རྩེད་ཤེས་པའམ་བརྙན་འཕྲིན་གྱི་ལེ་ཚན་དུ་ཞུགས་པ་ཙམ་གྱིས་འབྲས་བུ་ཆེན་པོ་ཐོན་ཐུབ་པའི་བག་ཆགས་ཤིག་ཐེབས་སྲིད་པ་ངས་ཤེས་ཡོད། འོན་ཀྱང་དོན་དམ་པར་ཁྱོད་རང་དེའི་ཁྲོད་ཀྱི་བགྲོད་ལམ་གང་གི་ཐོག་ཏུའང་འགྲོ་མི་ཐུབ་སྟེ། དོན་དངོས་སུ་བྱ་བར་ལེགས་འགྲུབ་འབྱུང་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ཁྱོད་རང་སྦྱང་བྱའི་བསླབ་ཚན་རེ་རེ་ལ་སྤྲོ་སྣང་ཡོད་རྒྱུའང་དཔེ་མི་སྲིད་ལ། ཁྱོད་རང་བསླབ་ཚན་དགེ་རྒན་རེ་རེ་དང་འབྲེལ་བ་ལེགས་པོ་ཡོད་རྒྱུའང་དཀའ་མོ་ཡིན་སྲིད། ཡང་། ཁྱིམ་སྦྱོང་ལས་བྱ་ཚང་མ་ཁྱོད་ཀྱི་མིག་མདུན་གྱི་འཚོ་བ་དང་ཡོངས་སུ་འབྲེལ་བ་ཞིག་ཀྱང་ཡིན་མི་སྲིད་ལ། བྱ་བ་ཚང་མ་ཁྱོད་ཀྱིས་ཐོག་དང་བོར་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་ཡོང་བ་ཞིག་ཀྱང་ཡིན་མི་སྲིད། འོན་ཀྱང་། དེར་སྐྱོན་མེད་དེ། འཛམ་གླིང་ཐོག་ཆེས་ལེགས་འགྲུབ་བྱུང་ཡོད་པའི་མི་སྣའི་ཁྲོད་ཁ་ཤས་ཤིག་ནི་ཕམ་ཁ་ཆེས་མང་བོ་བརྒྱུད་མྱོང་བ་ཡང་ཡིན་སྟེ།《ཧ་ལེ་པོ་ཐི》རྩོམ་པ་བོ་J.Kརོ་ལིན་ཏེ། མོའི་《ཧ་ལེ་པོ་ཐི》ཁག་དང་བོ་དེ་པར་སྐྲུན་མ་བྱས་སྔོན་དུ་རྩོམ་སྒྲིག་ཁང་གིས་ཐེངས་༡༢ལ་ཕྱིར་བསྐུར། མེ་ཁིར་ཆོ་ཏན་མཐོ་འབྲིང་དུ་ཡོད་སྐབས་སློབ་གྲྭའི་ལྒང་ལིའི་རུ་ཁག་ནས་ཕྱིར་ཕུད་པ་དང་། ཁོང་གི་བྱ་བའི་ཁྲོད་ནས་འགྲན་སྡུར་ཐེངས་བརྒྱ་ཕྲག་ཁ་ཤས་ལ་ཕམ་ཁ་བྱུང་ཞིང་།  ཐེངས་སྟོང་ཕྲག་ཁ་ཤས་ལ་ལྒང་ལི་གཟེབ་དྲའི་ནང་དུ་འགྲོ་མ་ཐུབ། འོན་ཀྱང་ཁོང་གིས་བཤད་པར། ངའི་མི་ཚེ་གང་བོར་རྒྱུན་ཆད་མེད་པར་ཕམ་ཁ་བྱུང་བ་དང་། ཕམ་ཁ་ནས་ཕམ་ཁ་བརྒྱུད་པ་འདི་ནི་ང་རང་ལེགས་འགྲུབ་བྱུང་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་ཞེས་བཤད། ཁོ་ཚོའི་ལེགས་འགྲུབ་ཀྱི་འབྱུང་ཁུངས་ནི་ཕམ་ཁས་རང་ཉིད་ཀྱི་བློ་ཁ་བསྒྱུར་དུ་འཇུག་མི་རུང་བར་དེ་ལས་ལྡོག་སྟེ་དེའི་ཁྲོད་ནས་ཉམས་མྱོང་ལེན་དགོས་པ་ཤེས་ཟིན་པས་རེད། ཕམ་ཁའི་ཁྲོད་ནས་ད་གཟོད་ཁྱོད་ཀྱིས་ཐེངས་རྗེས་མར་ཅི་ལྟར་བསྒྱུར་བཅོས་བྱ་དགོས་པ་ཤེས་ཐུབ། གལ་ཏེ་ཁྱོད་ཀྱིས་མི་འདོད་པའི་བྱ་ངན་ཞིག་བྱས་སོང་ན། དེས་ནི་ཁྱོད་རང་མ་རབས་ཐ་ཤལ་ཞིག་ཡིན་པ་མཚོན་མི་ཐུབ་པར་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་སྔར་ལས་ལྷག་པའི་འབད་པ་བྱས་ཏེ་བྱ་བ་དེ་ཡང་དག་པར་བསྒྲུབ་ཤེས་པ་བྱ་དགོས་པ་མཚོན། གལ་ཏེ་ཁྱོད་ཀྱིས་སྐར་གྲངས་དམའ་བོ་ཞིག་ལས་མ་ལོན་ནའང་དེས་ནི་ཁྱོད་རང་གཞན་ལས་རྟུལ་བོ་ཡིན་པ་མཚོན་མི་ཐུབ་ལ་དེ་ལས་ལྡོག་སྟེ་ཁྱོད་ཀྱིས་སྔར་ལས་མང་བའི་དུས་ཚོད་སྤྱད་དེ་སློབ་སྦྱོང་བྱ་དགོས་པ་མཚོན་འདུག སྐྱེས་མ་ཐག་ནས་བྱ་བ་གང་ཞིག་ལ་བྱང་གོམས་ཡོད་པའི་མི་ཞིག་ནི་གང་དུའང་མེད་པར། འབད་པ་བྱས་ན་ད་གཟོད་ཁྱོད་ཀྱི་རྩལ་ནུས་གསོ་སྐྱོང་བྱ་ཐུབ། ཐེངས་དང་བོར་ལུས་རྩལ་གྱི་རྣམ་གྲངས་གསར་བ་ཞིག་དང་འཕྲད་སྐབས་ནས་རྐང་འཛིན་གྱི་རུ་མི་ཞིག་ཏུ་འགྱུར་བ་ཡོད་མི་སྲིད་ལ། ཐེངས་དང་བོར་གླུ་དབྱངས་ཤིག་ལེན་པའི་སྐབས་ནས་དབྱངས་རྟ་རེ་རེ་ཡང་དག་པའི་སྒོ་ནས་གྱེར་ཤེས་པ་ཞིག་ཀྱང་ཡོད་མི་སྲིད་པར། ཚང་མ་གོམས་འདྲིས་སུ་གྱུར་ཏེ་རིམ་གྱིས་མཁས་པར་གྱུར་བ་རེད་ལ། སློབ་གཉེར་གྱི་ལས་ཀའང་དེ་དང་འདྲ་འདྲ་རེད་དེ། ཁྱོད་ཀྱིས་ཡང་དང་བསྐྱར་དུ་རྩིས་བརྒྱབ་ཚེ་ད་གཟོད་རྩིས་རིག་གི་དྲི་བ་རེ་ཡང་དག་པའི་སྒོ་ནས་དགྲོལ་ཤེས་སྲིད་ལ། ཁྱོད་ཀྱིས་ཡི་གེ་ཚན་པ་ཞིག་ཡང་དང་བསྐྱར་དུ་བཀླགས་ཚེ་ད་གཟོད་དེའི་ནང་དོན་ལ་གོ་བ་ལོན་སྲིད། ཁྱོད་ཀྱིས་དཔྱད་རྩོམ་ལ་བསྒྱུར་བཅོས་ཐེངས་མང་བོ་བྱས་ཚེ་ད་གཟོད་ཚད་གཞི་དང་མཐུན་སྲིད། དྲི་བ་འདོན་པར་སྐྲག་མི་རུང་ལ། གཞན་ལ་རོགས་སྐྱོར་བྱེད་དུ་འཇུག་པར་ངོ་ཚ་མི་རུང་། བདག་གིས་ཉིན་རྒྱུན་འདི་ལྟར་བྱེད་ཀྱི་ཡོད། གཞན་ལ་རོགས་རམ་བྱེད་དུ་འཇུག་པ་ནི་ནུས་མེད་ཀྱི་མཚོན་རྟགས་ཤིག་ཡེ་ནས་མ་ཡིན་པར་དེ་ནི་སྟོབས་ཤུགས་ཀྱི་མཚོན་རྟགས་སོ།། རྒྱུ་རྐྱེན་ནི་དེས་ཁྱོད་ལ་རང་ཉིད་ཀྱི་ཞན་ཆ་ཁས་ལེན་ཕོད་པའི་སྙིང་སྟོབས་ཡོད་པ་གསལ་བོར་མཚོན་འདུག འདི་ལྟར་བྱས་ན་ཁྱོད་ཀྱིས་ཤེས་བྱ་གསར་བ་སྦྱང་ཐུབ། ཁྱོད་ཀྱིས་རང་ཉིད་ཡིད་ཆེས་ཆོག་པའི་མི་རྒན་པ་སྟེ། རང་ཉིད་ཀྱི་ཁྱིམ་བདག་གམ། ཨ་མྱེས་ཨ་ཁུ། དགེ་རྒན། རྩལ་འཁྲིད་པའམ་ཟབ་ཁྲིད་པ་ཞིག་གཏན་འཁེལ་བྱས་ཏེ། ཁྱོད་ལ་འཆར་གཞི་འགོད་རོགས་བྱས་ཏེ་དམིགས་ཡུལ་མངོན་འགྱུར་ཡོང་བར་སྐུལ་སློང་བྱ་རུ་བཅུག་ན་ཆོག ཁྱོད་རང་བློ་ཕམ་ཡིད་ཆད་སྐྱེས་ཏེ་ཉེ་འཁོར་གྱི་མིས་ཁྱོད་ཉིད་བློས་བཏང་འདུག་སྙམ་པའི་ཚོར་བ་སྐྱེས་ནའང་། ནམ་ཡང་རང་ཉིད་ཀྱིས་རང་ཉིད་བློས་གཏོང་མི་རུང་་སྟེ། ཁྱོད་ཀྱིས་རང་ཉིད་བློས་བཏང་བའི་སྐབས་སུ་ཁྱོད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱང་བློས་བཏང་ཡོད་དོ། ཨ་རིའི་ལོ་རྒྱུས་བཞེངས་བསྐྲུན་བྱ་མཁན་ནི་དཀའ་ཁག་གི་སྐབས་སུ་ཕྱི་སྣུར་བྱེད་མཁན་དེ་མིན་པར་འགྱུར་མེད་ལྷོད་མེད་ཀྱིས་སྔར་བས་འབད་པ་བྱེད་པའི་མི་དག་ཡིན་ནོ།།    ཁོ་ཚོ་རྒྱལ་ཁབ་ལ་དགའ་བའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་འབུལ་གྱི་ཡོད། ཨ་རིའི་ལོ་རྒྱུས་བཞེངས་བསྐྲུན་བྱ་མཁན་ནི་ལོ་ངོ་༢༥༠སྔོན་གྱི་ཁྱོད་ཚོ་དང་འདྲ་བའི་སློབ་མ་དག་ཡིན་ལ། ཁོ་ཚོས་གསར་བརྗེ་ཐེངས་གཅིག་གིས་མཐར་རྒྱལ་ཁབ་འདི་ཉིད་བསྐྲུན། ན་གཞོན་ཚོ། ལོ་ངོ་བདུན་ཅུའི་སྔོན་དུ། ཁྱོད་ཚོ་དང་འདྲ་བའི་སློབ་མའི་ཚོགས་ཤིག་གིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པ་དང་། ཁོ་ཚོས་དམངས་དབང་གི་ཆེད་དུ་འབད་པ་བྱས་པ་མ་ཟད་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་ཏུ་སྐྱེལ་བ་རེད། ཡང་ལོ་ངོ་ཉི་ཤུའི་སྔོན་དུ་ཁྱོད་ཚོ་དང་འདྲ་བའི་སློབ་མའི་ཁྱུ་ཞིག་བྱུང་ལ། རྗེས་སུ་ཁོ་ཚོས་Googleདང་།  Twitter、Facebookསོགས་གསར་སྤེལ་བྱས་ཏེ་ང་ཚོའི་བར་གྱི་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ཀྱི་རྣམ་པར་འགྱུར་ལྡོག་བཏང་། དེར་བརྟེན། དེ་རིང་ངས་འདི་ནས་ཁྱོད་ཚོར་འདྲི་འདོད་པ་ནི། ཁྱོད་ཚོས་ཅི་ལྟ་བུའི་བྱས་རྗེས་ཤིག་འཇོག་རྒྱུ་ཡིན། ཁྱོད་ཚོས་དཀའ་གནད་གང་ཞིག་ཐག་གཅོད་རྒྱུ་ཡིན། ཁྱོད་ཚོས་བྱ་དངོས་ག་འདྲ་ཞིག་གསར་རྟོགས་བྱ་ཐུབ། ལོ་ངོ་༢༠འམ་ལོ་ངོ༥༠ ཡང་ན་ལོ་ངོ་༡༠༠ཡི་རྗེས་སུ། གལ་ཏེ་སྐབས་དེའི་ཨ་རིའི་སྲིད་འཛིན་གྱིས་ཀྱང་སློབ་མགོ་ཚུགས་པའི་གཏམ་བཤད་ཅིག་བྱ་ཚེ། ཁོས་ཁྱོད་ཚོས་རྒྱལ་ཁབ་འདི་ལ་བཞག་པའི་བྱས་རྗེས་ཐམས་ཅད་ཅི་ལྟར་གསལ་བཤད་བྱ་ངེས། ཁྱོད་ཚོའི་ཁྱིམ་བདག་དང་། ཁྱོད་ཚོའི་དགེ་རྒན། ད་དུང་ང་སྟེ། ང་ཚོ་ཚང་མས་རང་ནུས་གང་ཡོད་ཀྱིས་ཁྱོད་ཚོ་ཚང་མར་ཐོབ་འོས་པའི་སློབ་གསོ་ཞིག་ཐོབ་པར་ཁག་ཐེག་བྱས་ཏེ། གོང་དུ་བཏོན་པའི་དྲི་བ་དག་ལ་ལན་འདེབས་ཐུབ་རྒྱུར་འབད་པ་བྱེད་བཞིན་ཡོད། ཁྱོད་ཚོར་སྔར་ལས་ལྷག་པའི་བདེ་འཇགས་ཀྱི་སློབ་ཁང་ཞིག་དང་། སྔར་ལས་མང་བའི་དཔེ་ཆ། སྔར་བས་སྔོན་ཐོན་ཡིན་པའི་སྒྲིག་ཆས་དང་རྩིས་འཁོར་སོགས་མཁོ་སྤྲོད་བྱ་བར་བདག་གིས་འབད་པ་བྱེད་བཞིན་པའི་སྒང་ཡིན། འོན་ཀྱང་། ཁྱོད་ཚོ་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་འོས་འགན་དང་དུ་ལོངས། དེར་བརྟེན། ཁྱོད་ཚོས་ད་ལོ་ནས་ནན་ཏན་བྱས་ཏེ། སེམས་ཤུགས་ཡོད་རྒུས་རང་ཉིད་ཀྱིས་བསྒྲུབ་ཐུབ་པའི་བྱ་བ་རེ་རེ་བཞིན་བསྒྲུབ་པ་དང་། ཁྱོད་ཚོའི་མི་རེ་རེར་གྲུབ་འབྲས་ངེས་ཅན་རེ་ཡོད་པར་ཁོ་བོས་རེ་བ་འདོན་གྱི་ཡོད། ཁྱོད་ཚོས་ང་ཚོའི་ཡིད་ཕམ་དུ་མ་འཇུག་ལ། ཁྱོད་ཚོའི་ཁྱིམ་མི་དང་ཁྱོད་ཚོའི་རྒྱལ་ཁབ་ཀྱི་ཡིད་ཕམ་དུའང་མ་འཇུག དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རང་ཉིད་ཀྱི་རེ་བ་སྟོང་ཟད་དུ་མ་གཏང་བར་ཁྱོད་ཚོ་ང་ཚོའི་གཟི་བརྗིད་དུ་འགྱུར་དགོས།    ཚང་མར་བཀའ་དྲིན་ཆེ། དཀོན་མཆོག་གིས་ཨ་མེ་རི་ཁ་སྐྱོབ་པར་སྨོན། ཐུགས་རྗེ་ཆེ།

རྩོམ་ཁུངས། རྩོམ་རིག་འཕྲིན་སྟེགས།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523388
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།