ཀུན་མཁྱེན་འཇིགས་མེད་དབང་བོའི་བསླབ་བྱ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ཀུན་མཁྱེན་འཇིགས་མེད་དབང་བོའི་བསླབ་བྱ་བཞུགས་སོ།།
ཀུན་མཁྱེན་འཇིགས་མེད་དབང་བོའི་བསླབ་བྱ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-09-15ལྟ་ཀློག (6051)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། ། ཀུན་མཁྱེན་འཇིགས་མེད་དབང་བོའི་བསླབ་བྱ་བཞུགས་སོ།།


བསླབ་པར་བྱ་བའི་གནས་ཀུན་མཐར་ཕྱིན་ཏེ།།
ཚུལ་དེ་གཞན་ལ་འདོམས་མཛད་དགེ་བའི་གཤེས།།
སྨྲ་བའི་དབང་ཕྱུག་གང་དེར་གུས་བཏུད་དེ།།
བསླབ་བྱའི་འཕྲེང་བ་མདོ་ཙམ་བརྗོད་ཀྱིས་ཉོན།།

སྔོན་བསགས་ལེགས་སྤྱད་མཐུ་ལས་དལ་འབྱོར་རྟེན།།
རྙེད་འདི་ཉིན་མོའི་སྐར་མ་བཞིན་དུ་དཀོན།།
དོན་མེད་ངང་དུ་ཟད་ན་ཤིན་ཏུ་འཁྲུལ།།
དོན་ཆེན་སྙིང་བོ་བླངས་ན་མི་ལེགས་སམ།།

ཐོས་བསམ་སྒོམ་པས་ཤེས་རྒྱུད་མ་སྦྱངས་པར།།
རྣམ་འདྲེན་རྒྱལ་བའི་གོ་འཕང་ཇི་ལྟར་འཐོབ།།
རྨོངས་པའི་མུན་པ་ཀུན་ཏུ་སེལ་བའི་ཕྱིར།།
ཐོག་མར་ཐོས་པའི་སྒྲོན་མེ་བསྟེན་པ་གཅེས།།

བློ་གྲོས་ཉམ་ཆུང་སྦྲང་བུའི་གཤོག་རླབས་ཀྱིས།།
གཞུང་མང་ནམ་མཁའི་ཕ་མཐའ་ཇི་ལྟར་གཞལ།།
གསུང་རབ་ཀུན་གྱི་གནད་བསྡུས་བཀའ་པོད་ལྔར།།
སློབ་པ་སྔོན་བྱོན་མཁས་པའི་ལུགས་སྲོལ་ཡིན།།

དེ་ཕྱིར་ཡུམ་མཆོག་སྦས་དོན་མངོན་རྟོགས་དང་།།
དངོས་བསྟན་སྟོང་ཉིད་ཤེས་བྱའི་གཞི་ལྔའི་ཚུལ།།
འདུལ་བའི་བཅས་མཚམས་ཕྲ་རགས་སྟོན་པ་ཡི།།
དབུ་ཕར་འདུལ་མཛོད་གཞུང་ལ་ཞིབ་ཏུ་སྦྱོངས།།

མ་རྟོགས་ལོག་རྟོག་ཐེ་ཚོམ་འཁྲུལ་བ་ཀུན།།
བཟློག་ཕྱིར་སྡེ་བདུན་མདོ་དང་བཅས་པ་སོགས།།
ཚད་མའི་གཞུང་ལའང་འབད་པས་ལེགས་སྦྱངས་ཏེ།།
རིགས་པ་སྨྲ་བའི་དབང་པོར་འགྱུར་བར་མཛོད།།

ཐལ་འཕྲེང་ཚིག་དོན་ལེགས་པར་ངེས་པ་ན།།
དེ་ནས་སྤྱི་དོན་ཊཱིཀྐ་སོགས་བལྟས་པས།།
ཉི་མའི་ཟེར་དང་འཕྲད་པའི་པདྨོ་བཞིན།།
བློ་གྲོས་འཇུག་པ་མཆོག་ཏུ་རྒྱས་པར་འགྱུར།།

དེ་ལས་གཞན་དུ་སྐབས་སུ་གང་བབས་པའི།།
ཐལ་འཕྲེང་ཟུར་བཀོལ་ལྟ་བ་ཡལ་བོར་ནས།།
དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ།།
དེ་ཕྱིར་ཐད་ཀའི་གཞུང་ལ་གཅིག་ཏུ་དྲིལ།།

དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ།།
རྩོད་གྲྭ་མི་ནུས་ཆོས་གྲྭར་དོན་མེད་འདའ།།
སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས།།
འདི་དག་སློབ་གཉེར་གེགས་ཀྱི་གཙོ་བོ་ཡིན།།

རིགས་པས་བདར་ཤ་མ་བཅད་གཞུང་དོན་ལ།
ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་།།
བརྒལ་ཞིང་བརྟགས་ཚེ་བྱེ་མའི་ཆང་བུ་ལྟར།།
འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབས།།

འཕྲལ་དུ་ཤ་ཚ་སྙིང་ཉེ་ལྟར་སྟོན་ཀྱང་།།
ཡུན་རིང་འགྲོགས་ཚེ་ཡོན་ཏན་ཚོགས་འགྲིབ་ལ།།
རྣམ་མང་སྐྱོན་གྱིས་གོས་པར་འགྱུར་བ་ཡི།
སྡིག་པའི་གྲོགས་པོ་གང་ཡིན་རིང་དུ་སྤོངས།།

སྒོ་གསུམ་བག་ཡོད་སྤྱོད་པས་རྟག་ཏུ་འཚོ།།
ཁྲེལ་ཡོད་ངོ་ཚ་ཤེས་ཤིང་ཕྱི་ཐག་རིང་།།
གང་བརྩམས་ལས་རྣམས་མཐའ་རུ་འདོན་པ་ཡི།།
ཡ་རབས་སྐྱེ་བོའི་སྤྱོད་ཚུལ་དང་དུ་ལོངས།།

སྐྱིད་སྡུག་ལེགས་ཉེས་ཇི་ལྟར་གྱུར་ན་ཡང་།།
བླ་མ་དཀོན་མཆོག་གསུམ་ལ་བློ་ཕུགས་གཏོད།།
གདུགས་ཤེར་སྒྲོལ་མ་ཚེ་གཟུངས་འཕྲིན་བཅོལ་སོགས།།
གེགས་སེལ་རིམ་གྲོ་འབད་དེ་བསྒྲུབ་པར་འཚལ།།

དབུས་གཙང་དག་པའི་ཞིང་དུ་ཕྱིན་ན་ཡང་།།
སློབ་གཉེར་མེད་པར་རང་ཡུལ་ལོག་པ་ནི།།
དེད་དཔོན་འགའ་ཞིག་རིན་ཆེན་གླིང་སོན་ཏེ།།
ལག་པ་སྟོང་པར་རང་ཁྱིམ་འོངས་པ་བཞིན།།

དེ་ཕྱིར་དོན་མེད་གཡེང་བ་རྒྱང་བསྲིངས་ཏེ།།
སྔོན་བྱོན་མཁས་པའི་རྣམ་ཐར་ཇི་བཞིན་དུ།།
གཞུང་ལུགས་རྒྱ་མཚོའི་དགོངས་དོན་མ་ལུས་པ།།
ཁོང་དུ་ཆུད་ཕྱིར་སྙིང་རུས་ལྕག་གིས་བྲོབས།།

བསླབ་བྱའི་རིམ་པ་རྒྱ་མཚོ་ལྟ་བུ་ལས།།
མདོར་བསྡུས་ཆུ་ཐིགས་ཚུལ་དུ་བརྗོད་པ་སྟེ།
ཕན་པའི་གདམས་ངག་འདི་ལས་གཞན་གང་ཞེས།།
མ་བརྗེད་སྙིང་གི་དཀྱིལ་དུ་འཇོག་པར་མཛོད།།

བློ་གྲོས་ལུས་སྟོབས་རྒྱས་པའི་རྐང་དྲུག་ཁྱོད།།
ཐུབ་བསྟན་པདྨོ་རྒྱས་པའི་དགའ་ཚལ་དུ།།
ཐོས་བསམ་ཀུན་དགའི་རྩེད་དགའ་མཐར་ཕྱིན་ཏེ།།
ལུང་རིགས་སྨྲ་བའི་དབང་པོར་འགྱུར་བར་སྨོན།།
ཞེས་པ་འདི་ནི་རང་གི་གམ་དུ་ཉེ་བར་འཁོད་པའི་ཞབས་དྲུང་གྲགས་པ་རྒྱལ་མཚན་དབུས་ཕྱོགས་སུ་སློབ་གཉེར་ལ་བརྫང་བའི་ཚེ་བསླབ་བྱ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ༧བཙུན་པ་དཀོན་མཆོག་འཇིགས་མེད་དབང་བོས་སྨྲས་པའོ།། །།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། རྒྱ་འདུ་སངས་རྒྱས།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། db3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505716
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།