ཚོང་དཔོན་ནོར་བུ་བཟང་བོ་དང་རྗེ་རྩ་ཐང་གཞན་ཕན་ཆེན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »ཚོང་དཔོན་ནོར་བུ་བཟང་བོ་དང་རྗེ་རྩ་ཐང་གཞན་ཕན་ཆེན་མོ།
ཚོང་དཔོན་ནོར་བུ་བཟང་བོ་དང་རྗེ་རྩ་ཐང་གཞན་ཕན་ཆེན་མོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-09-14ལྟ་ཀློག (9482)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅།། ཚོང་དཔོན་ནོར་བུ་བཟང་བོ་དང་རྗེ་རྩ་ཐང་གཞན་ཕན་ཆེན་མོ།

 གངས་འཚོ། 
     ཚོང་དཔོན་ནོར་བུ་བཟང་བོ་ནི་ཕལ་ཆེར་དུས་རབས་བཅུ་བཞི་བའི་སྨད་ཙམ་ལ་མདོ་སྨད་ཙོང་ཁའི་ཁ་ཏི་ཀ་དང་ཁད་ཉེ་བའི་ནོར་བ་གྲོང་ཚོར་སྐྱེས། སྔོན་ལྷ་བཙན་པོ་དག་གི་སྐུ་རིང་ལ་མཐའ་སྲུང་དུ་མངགས་པའི་དཔའ་བོ་མི་དགུའི་གདུང་རྒྱུད་དུ་གཏོགས་པས། རང་བཞིན་གྱིས་དཔའ་ཞིང་མཛངས་ལ་མདའ་རྩལ་ལ་ཤིན་ཏུ་མཁས་པར་གྲགས། ངག་རྒྱུན་ལྟར་ན། ཕ་མེས་ནས་བཟུང་ནོར་ལོངས་སྤྱོད་རྒྱས་པ་ཞིག་མ་ཡིན་ཡང་།ཆུང་དུས་སུ་ཚོང་ལས་ལ་ཤིན་ཏུ་སྤྲོ་བ་ཆེ། དེང་ཐོག་ཚོང་ཀྱི་ལས་ལ་ཞུགས་སྐབས་ཐེངས་དགུ་ལ་ཕམ་ནས་མ་རྩ་ཕལ་ཆེ་བ་ཟད་པས་ཡིད་ཐང་རབ་ཏུ་ཆད་དེ་རེ་ཞིག་སྤྲང་བོ་བཞིན་འཁྱམས་དགོས་བྱུང་། ཉིན་ཞིག་རི་མཐོན་པོ་ཞིག་གི་རྩེ་རུ་ཁ་སྦུབ་ཏུ་ཉལ་ནས་ངལ་གསོ་བཞིན་སྡོད་སྐབས། མདུན་གྱི་རྩྭ་རྐང་ཞིག་གི་སྟེང་ལ་སྔོ་འབུ་ཞིག་འགོ་བཞིན་པ་མཐོང་ནས་ཡུན་ཙམ་ལ་གཟིགས་ནས་བསྡད་པ་ན། སྔོ་འབུ་དེ་རྩྭ་རྐང་ལས་ཐེངས་དགུ་ལ་སར་ལྷུང་མོད། ཡང་ནས་བསྐྱར་དུ་འགོས་མཐར་སྔོ་འབུ་དེ་ཉིད་མཐའ་མ་ལ་རྩྭ་རྐང་གི་རྩེ་མོར་འབྱོར་ནས་ལོ་མ་ལྗང་ཁུ་ལོངས་སུ་སྤྱད་པའི་ཚུལ་དེ་མཐོང་བ་ན། མི་ལ་བརྩོན་འགྲུས་ལྡན་པ་ན།། འཇིག་རྟེན་འདི་ན་དཀའ་བ་མེད།། ཅེས་པའི་གནས་ལུགས་དེ་རྟོགས་ནས་ཡང་བསྐྱར་ཚོང་ལས་སུ་ཞུགས་ནས་སྨད་རྒྱ་ནག་དང་སྟོད་དབུས་གཙང་སོགས་འགྲིམས་ཏེ་འབྱོར་པ་ཀླུ་རྒྱལ་དང་མཉམ་པའི་ཚོང་བ་སྟོབས་ལྡན་ཞིག་ཏུ་གྱུར། ཁོང་ནི་གཡོ་སྒྱུ་ཁྲམ་གསུམ་སྤངས་ཤིང་ཚོང་ལས་ལ་ཤ་ཐང་ཐང་གིས་འབད་བརྩོན་བྱེད་མཁན་ཞིག་ཡིན་པས། བོད་ཁ་བ་ཅན་གྱི་ཚོང་བ་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ས་འབའ་ཞིག་ཏུ་གྱུར་ཡོད།གཙོ་བོ་སྐབས་དེའི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་ཆོས་ཀྱི་འབྲེལ་ལམ་དམ་ཟབ་བྱུང་བ་དེས་ཁོང་གི་མི་ཚེ་ལ་འགྱུར་བ་ཐེབས་པ་ཁོ་ན་ཙམ་མ་ཡིན་པར།ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་སོང་། དེ་ནི་རྗེ་ཙོང་ཁ་བ་དང་ཞལ་མཇལ་ནས་གསུང་གི་བདུད་རྩི་མྱོང་བའི་སྐལ་བ་བྱུང་བ་དེ་རེད། ངག་རྒྱུན་ཁ་ཤས་ནང་རྗེ་ཙོང་ཁ་བ་དགུང་ལོ་གཞོན་པའི་སྐབས་ཤིག་ལ།མ་ཡུམ་ལ་རང་གི་ཤངས་ཁྲག་བསྲེས་པའི་ཚོན་རྩིས་བཞེངས་པའི་ཞལ་ཐང་ཞིག་ཚོང་དཔོན་ནོར་བུ་བཟང་བོ་ལ་བསྐུར་མོད། ལམ་སྐབས་ནས་ཚོང་དཔོན་གྱིས་ཞལ་ཐང་རྫུན་མ་ཞིག་བཞེངས་ནས་དེ་མ་ཡུམ་ལ་ཕུལ་བ་དང་། རྗེ་བླ་མའི་ཕྱག་བཟོས་ངོ་མ་དེ་རང་གི་དགོན་གནས་ཁ་ཏི་ཀར་གདན་དྲངས་པ་རེད་ཟེར་བའི་ངག་སྒྲོས་ད་ལྟའི་བར་དུ་ཁྱབ་ནས་ཡོད་མོད། དེ་ནི་ངག་རྒྱུན་བདེན་པ་ཞིག་མ་ཡིན་སྟེ།《མདོ་སྨད་ཆོས་འབྱུང》དང《སྐུ་འབུམ་གདན་རབས་མུ་ཏིག་ཕྲེང་བ》སོགས་སུ་རྗེ་ཙོང་ཁ་བ་དགུང་ལོ་ཉེར་གཉིས་བཞེས་སྐབས། རྗེ་དཔོན་གྲགས་པ་རྒྱལ་མཚན་ཆེད་དུ་མངགས་ནས་ཞལ་ཐང་མ་ཡུམ་ལ་ཕུལ་བའི་ཚུལ་གསལ་བོར་གསུངས་ཡོད་པ་མ་ཟད།ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་《རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོའི》ནང་ཡུམ་ལ་གནང་བའི་ཞལ་ཐང་དེ་ཉིད་སྐུ་འབུམ་དགོན་པའི་འདུ་ཁང་ཆེན་མོའི་རབ་གསལ་ལ་བཞུགས་གསུངས། འོ་ན་ཁ་ཏི་ཀའི་དགོན་པར་བཞུགས་པའི་རྗེ་རྩ་ཐང་གཞན་ཕན་ཆེན་མོ་བྱ་བ་ནི་ཚོང་དཔོན་ནོར་བུ་བཟང་བོས་རྗེ་ཙོང་བའི་སྐུ་ཚེ་སྨད་ཙམ་ལ་མདོ་སྨད་དུ་གདན་དྲངས་པ་གདོན་མི་ཟ།ཞལ་ཐང་དེའི་ངོས་ན་རྗེ་ཙོང་ཁ་བའི་སྐུ་བརྙན་ལས་གཞན་ད་དུང་ཁོང་གི་ཐུགས་སྲས་གཙོ་བོ་རྣམ་གཉིས་སྟེ།རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་བརྙན་ཀྱང་ཡོད་ཅེས།བླ་བྲང་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོས་མཛད་པའི་《སྐུ་བརྙན་འགའི་ལོ་རྒྱུས་གཏམ་གྱི་ཕྲེང་བ》དང་བྲག་དགོན་པའི《མདོ་སྨད་ཆོས་འབྱུང》སོགས་སུ་གསུངས་འདུག དེས་ན་རྗེ་ཙོང་ཁ་བ་ལ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཆོས་ཐོག་མར་ཞུ་སྐབས། རྗེ་དགུང་ལོ་ཞེ་གཅིག་དང་རྒྱལ་ཚབ་དགུང་ལོ་སོ་བཞི་ཡིན་པ་རྣམ་ཐར་ཐམས་ཅད་ཞལ་མཐུན་པར་ཡོད་པས།ཞལ་ཐང་གཞན་ཕན་ཆེན་མོ་ནི་རྗེ་བླ་མ་དགུང་ལོ་ཞེ་གཅིག་གི་རྗེས་སུ་རྗེ་བླ་མ་ཉིད་ཀྱིས་བཞེངས་ནས་ཚོང་དཔོན་ནོར་བུ་བཟང་བོ་ལ་གནང་བ་དོན་གྱིས་གོ་ཐུབ་བོ།། ཞལ་ཐང་དེའི་དབུས་སུ་སེང་གེ་གཉིས་ཀྱིས་བཏེགས་པའི་བཞུགས་ཁྲི་འབྲུག་མགོ་གསུམ་རེ་ཡོད་པའི་རྒྱབ་ཡོལ་ཅན་གྱི་སྟེང་ན་རྗེ་ཙོང་ཁ་བ་དབུ་ལ་པཎ་ཞྭ་མནབས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། བཞུགས་ཁྲིའི་གཡས་གཡོན་ན་ནང་ཐུགས་ཀྱི་སྲས་པོ་རྣམ་གཉིས་དང་། དབུ་ན་མཆོག་ལྷ་རྣམ་གསུམ་གྱི་སྐུ་བརྙན་ཡོད་པར་བཤད།དུས་འགྱུར་རིམ་པར་བྱུང་ན་ཡང་། སེམས་ཅན་གྱི་བསོད་ནམས་དང་དད་ལྡན་སྙིང་སྟོབས་ཅན་དག་གིས་འགེབ་སྲུང་བགྱིས་པར་བརྟེན།ད་ལྟ་ཁ་ཏི་ཀ་དགོན་པའི་རྟེན་གཙོར་བཞུགས་ཡོད། རྗེ་རྩ་ཐང་གཞན་ཕན་ཆེན་མོ་ཇི་སྲིད་དུ་གནས་པ་དེ་བཞིན་དུ་ཚོང་དཔོན་ནོར་བུ་བཟང་བོའི་མཚན་སྙན་ཀྱང་ནུབ་པ་མེད་དོ།།

༢༠༡༥.༡༠.༡༠


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527378
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།