བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བཞི་བ༽
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 18 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བཞི་བ༽
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བཞི་བ༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-08-22ལྟ་ཀློག (2228)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ།

ཡིག་མཁན། ཨ་བུ་འབྲོང་།

༥དཔལ་འབྱོར་སྒྲུབ་པ་ལ་ངེས་པར་རྒྱལ་ཁབ་ཀྱི་ཁྲིམས་ཤེས་དགོས་པའི་སྐོར།

  མདོར་ན་ཚོང་ལས་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དང་། དེ་གཏོང་བའི་བསམ་པ་དང་ཤེས་འདོད་ཡོད་ན། རང་ཉིད་དེར་དགའ་བ་ཙམ་གྱིས་མི་ཆོག་པར་ཡིན་གཅིག་མིན་གཉིས་ཀྱིས་རྒྱལ་ཁབ་སྤྱིའི་ཚོང་ལས་དཔལ་འབྱོར་གྱི་སྒྲིག་གཞི་ཅི་ཞིག་ཡིན་པ་དང་དེར་ཁྲིམས་ག་འདྲ་ཡོད་པ། རྒྱལ་ཁབ་ཀྱི་འཕེལ་ཕྱོགས་གང་ལ་གཟས་ཡོད་པ་སོགས་ཤེས་པར་བྱ་དགོས། དཔེར་ན། རྒྱལ་ཁབ་ཀྱི་ཚོང་ལས་དཔལ་འབྱོར་གྱི་ཁ་ཕྱོགས་དེ་སྒེར་གཉེར་ལམ་ལུགས་རེད་དམ་རྒྱལ་གཉེར་ལམ་ལུགས་རེད། གཙོ་བོ་གཞི་གང་ལ་བརྟེན་པ་དང་ཁ་གང་ལ་ཕྱོགས་རྒྱུ་རེད། གཞི་གང་ལ་བརྟེན་ཅིང་ཁ་གང་ལ་ཕྱོགས་ན་གཟོད་དེ་དང་བསྟུན་པའི་སྒོ་ནས་རང་གི་མི་རིགས་དང་ས་གནས་ཀྱི་བསམ་བློ་དང་ཡུལ་སྲོལ་གོམས་གཤིས་སོགས་དང་མཐུན་ཞིང་དེ་དང་དེའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གྱི་ལམ་བུ་ཇི་ལྟར་འཚོལ་བར་བསམ་བློ་གཏང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

  ད་ང་ངར་བ་ཞིག་ཡིན་ཟེར་བ་མིན་མོད། ངས་ཐོག་མར་སྤྲི་ཆུར་བཟོ་གྲྭ་འདི་འཛུགས་དུས་བསམ་བློ་ཇི་ལྟར་བཏང་བ་ཡིན་ཟེར་ན། གཅིག་ནི་ང་ཚོའི་སློབ་གྲྭ་ལ་མཚོན་ན་མི་ལོ་བཅུ་བཞི་བཅོ་ལྔ་ཞིག་གི་རིང་ལ་དགེ་རྒན་དང་ལས་བཟོ་བ་ཚང་མས་ཟླ་ཕོགས་སྐར་མ་གང་ཡང་བླངས་མྱོང་བ་མ་རེད། འདི་ལྟར་མི་རིགས་ལ་ཞབས་འདེགས་ཞུས་པ་རེད། ཁོ་ཚོའི་ཆ་ནས་བཤད་ན་འདི་ནི་ལྷག་བསམ་དང་སྙིང་སྟོབས་ཕུལ་དུ་བྱུང་བ།ངོ་སོ་བསྟོད་དགོས་པ་དེ་འདྲ་རེད། ཡིན་ནའང་ང་སློབ་གྲྭ་སྒྲུབ་པ་བོའི་ངོས་ནས་བཤད་ན་སློབ་གྲྭའི་དཔལ་འབྱོར་གྱི་གནད་དོན་ཐག་མ་ཆོད་པ་འདི་ནི་ཧ་ཅང་གི་མ་འདང་བ་དང་མི་འོས་པ་ཞིག་རེད། དེ་བས་རང་གི་སློབ་གྲྭའི་མ་དངུལ་གྱི་དཀའ་ཁག་ཐག་གཅོད་པའི་ཆེད་དང་། གཉིས་ནི་ཚོང་གཉེར་སྟངས་རྣམ་པ་སྣ་ཚོགས་ཤིག་ཡོད་པ་ལས་རང་གི་ས་གནས་དང་མི་རིགས། ཡུལ་སྲོལ་གོམས་གཤིས་སོགས་ལ་མི་གནོད་ཅིང་མི་རིགས་རང་ལ་ཕན་ཐོགས་པ་ཞིག་ལ་འདང་བརྒྱབ་པ་ཡིན། སྤྱིར་འོ་མ་བླངས་ན་སྡིག་པ་གཏན་ནས་མེད་པ་ཞིག་མ་རེད། ཡིན་ནའང་སྐམས་བཤས་ཏེ་ཤ་བཙོང་བ་སོགས་དང་བསྡུར་ན་དཀར་གསུམ་གྱི་རིགས་ཡིན་པས་ཆེར་མི་སྐྱོན་སྙམ་པ་ཡིན། ཡང་གཅིག་བཤད་ན་བོད་ཀྱི་འོ་མ་འདི་ནི་ཧ་ཅང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་རེད། བོད་ཀྱི་ཁྱིམ་ཚང་རེ་རེར་ཕལ་ཆེར་ཐོན་ཁུངས་འདི་ཡོད་པ་རེད། ཐོན་ཁུངས་འདི་ནི་ཐོན་རྫས་ཅན། ཐོན་རྫས་དེ་ནི་ཚོང་ར་ཅན། ཚོང་ར་དེ་ནི་རིན་གོང་མཐོན་པོ་ཅན་ཞིག་ཏུ་འགྱུར་རྒྱུ་ནི་ངའི་དམིགས་ཡུལ་ཡིན། འོན་ཀྱང་ད་རུང་བོད་མི་རིགས་ལ་ཕན་ཐོགས་པའི་ཚད་དེ་འདྲར་ཐོན་མེད་མོད་ད་སྔ་མེད་པ་ཞིག་གསར་དུ་བཙུགས་པ་རེད་ཅེས་ཚང་མས་མཐོང་ཆེན་བྱ་ཡུལ་ཞིག་ཏུ་གྱུར་འདུག

  དེ་དུས་རྒྱལ་ཁབ་ཀྱིས་ཕྱུགས་ཐོན་དངོས་རྫས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད། འབྲོག་ཕྱོགས་འཕེལ་རྒྱས་སུ་འགྲོ་དགོས་ན་ཕྱུགས་ཐོན་དངོས་རྫས་ཀྱི་རིན་གོང་འཕར་ཐུབ་དགོས་པ་དང་ཕྱུགས་ཐོན་དངོས་རྫས་ཀྱི་རིན་གོང་འཕར་མ་ཐུབ་ན་འབྲོག་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་མི་ཐུབ་ཟེར་བ་རེད། འདི་དེ་དུས་ཀྱི་ཁ་ཕྱོགས་རེད། འདི་ལྟ་བུའི་སྤྱི་ཁོག་གི་དཔལ་འབྱོར་སྒྲིག་གཞི་དང་བྱེ་བྲག་གི་དཔལ་འབྱོར་སྒྲིག་གཞི་སོགས་མང་བོ་ཡོད་པ་རེད། འདི་དག་ང་ཚོ་སུ་ཡིན་ཡང་ཤེས་དགོས་པ་མ་ཟད་དེའི་རྗེས་ཆོད་ཅིང་ཁ་ཕྱོགས་ཟིན་དགོས། དེའི་འཕྲོ་ནས་རྒྱལ་ཁབ་ཀྱི་སྤྱིའི་ཚོད་སྙོམ་༼རྒྱ་སྐད་ཀྱིས་(宏观调控)ཟེར༽ནི་ཇི་འདྲ་ཡིན་པ་དང་དེའི་ནང་དུ་རང་ཉིད་ཇི་ལྟར་འགྲོ་དགོས་པ། དེ་ལ་བར་སྟོང་ཅི་ཞིག་ཡོད་པ་སོགས་གསལ་བོར་ཤེས་དགོས། དེ་ལྟར་སྒྲུབ་མ་ཤེས་ཚེ་སྒྲུབ་པ་ལམ་དུ་མི་འགྲོ་བ་དང་བསྒྲུབ་ས་མེད་པ། མཚམས་ཞིག་ལ་སྒྲུབ་མི་ཆོག་པ་ཞིག་ཏུའང་འགྱུར་རོ། ། ༼ངས་གོང་དུ་རྒྱ་སྐད་རེ་བཤད་ཀྱིན་ཡོད་པ་ནི་ལས་བྱེད་པ་རེ་འགས་བརྡ་ཆད་ལ་ལ་ཞིག་རྒྱ་སྐད་ཀྱིས་མ་བཤད་པར་བོད་སྐད་རྐྱང་རྐྱང་གིས་བཤད་ན་གཅིག་ཀྱང་མི་གོ་ཟེར། དེར་ཡང་ཁག་མེད་དེ་མང་བོ་ཞིག་གིས་བོད་ཡིག་མ་སྦྱངས་པ་དང་སྦྱངས་ཀྱང་དེང་རབས་ཀྱི་མིིང་གསར་བ་དག་ལ་དོ་སྣང་བྱེད་ཀྱིན་མེད་པས་མི་གོ་བ་རེད། དེའི་རྐྱེན་ཀྱིས་རྒྱ་སྐད་རེ་བཤད་པ་ཡིན་མ་གཏོགས་ངས་འདི་ནས་རྒྱ་སྐད་ཤེས་འདོག་འདྲ་བྱས་པ་གཏན་ནས་མིན་ནོ། །༽

  དེ་ནས་ཤེས་དགོས་པ་གལ་ཆེན་ཞིག་ནི་མཐུན་གཉེར་ཁང་དང་མཉམ་སྒྲུབ་ཚོང་སྡེ་སོགས་གང་ཡིན་ཡང་དེ་སྒྲུབ་དུས་ངེས་པར་དེའི་ཁྲིམས་དང་སྒྲིག་གཞི་གསལ་བོར་ངེས་དགོས། མཉམ་སྒྲུབ་ཚོང་སྡེ་ནི་སྤྱི་ལོ་༡༤༨༨ལོར་ཡོ་རོབ་ས་ཆ་ནས་རྐང་རྩེད་སྤོ་ལོ་རུ་ཁག་ཅིག་གིས་གསར་དུ་བཙུགས་ཡོང་བ་རེད། སྐབས་དེར་མ་དངུལ་ནི་དེ་འདྲའི་འཛོམས་པོ་མིན་ནའང་སྒྲུབ་སྟངས་ནི་མཉམ་སྒྲུབ་ཚོང་སྡེའི་ལམ་ལུགས་ལྟར་སོང་བ་ཞིག་རེད་འདུག ང་ཚོས་དེང་སྐབས་བཤད་ཀྱིན་པའི་མ་རྐང་ལམ་ལུགས་དང་མཉམ་སྒྲུབ་ཚོང་སྡེའི་མ་རྐང་ལམ་ལུགས་གཉིས་ཀ་འདྲ་བ་མ་རེད། མ་རྐང་ལམ་ལུགས་ཞེས་པ་དབང་གི་ཆ་ནས་ཧ་ཅང་གི་མངོན་གསལ་ཆེ་བ་རེད། སུ་ཞིག་གི་མ་རྐང་མཐོ་ན་དེ་ལ་དབང་ཆ་ཆེ་བ་རེད། མཉམ་སྒྲུབ་ཚོང་སྡེའི་མ་རྐང་ལམ་ལུགས་ནི་དེ་འདྲ་མ་ཡིན་ཏེ་མ་རྐང་གི་མཐོ་དམན་ལ་གཏན་ནས་ལྟ་བ་མ་རེད། ཁྱོད་ལ་མ་རྐང་ཞིག་ཡོད་བྱིན་ཆད་ཚང་མའི་ཐོབ་ཐང་གཅིག་ཡིན་པ་རེད། ཡང་མ་རྐང་ལམ་ལུགས་ཀྱི་མཐུན་གཉེར་ཁང་ལྟ་བུར་མཚོན་ན་རང་གིས་ཐག་བཅད་པའི་གན་རྒྱ་དང་མཐུན་གཉེར་གྱི་ལམ་ལུགས་གཞིར་བཞག་སྟེ་ཕྱིར་འབུད་དང་ཁྲལ་འཇལ་བ་སོགས་བྱེད་པ་ལས་རང་བསམ་ལྟར་བྱ་མི་ཆོག མཉམ་སྒྲུབ་ཚོང་སྡེ་ལ་མཚོན་ན་རང་གི་ཚོང་སྡེས་ཐག་བཅད་པ་གཙོ་བོ་ཡིན་མོད་རང་ཉིད་ཕྱིར་འབུད་དང་ནང་གཞུག་བྱེད་མིན་ལ་རང་དབང་ཡོད། ད་དེ་དང་དེ་ལྟ་བུའི་ཁྱད་པར་མང་བོ་མང་བོ་ཞིག་ཡོད་མོད་དེ་རིང་མང་བོ་མི་བཤད་དོ། །

  གཞན་རྒྱལ་སྤྱིའི་སྟེང་མང་ཚོགས་དར་རྒྱས་གོང་འཕེལ་ལ་འགྲོ་བར་མཐུན་གཉེར་ཁང་ལ་བལྟས་ན་ད་རུང་མཉམ་སྒྲུབ་ཚོང་སྡེ་འདི་གལ་ཆེ་བ་རེད། དེའི་རྒྱུ་མཚན་གྱིས་སྤྱི་ལོ་༡༨༩༠ལོར་ཡང་བསྐྱར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགོངས་པ་འཁྲོལ་བའི་འོག་མཉམ་སྒྲུབ་ཚོང་སྡེའི་ཚོགས་ཁག་ཆེན་པོ་ཞིག་བཙུགས་པ་དང་། ཚོགས་ཁག་འདིས་སྒྲིག་གཞི་བཟོས་ཏེ་འཛམ་གླིང་གི་ས་ཆ་གང་དུ་མཉམ་སྒྲུབ་ཚོང་སྡེ་བཙུགས་ཀྱང་མཉམ་སྒྲུབ་ལྷན་ཚོགས་ཀྱི་སྒྲིག་གཞི་དོན་ཚན་ལྔ་ལས་བརྒལ་མི་ཆོག་པར་བྱས་ཤིང་མང་ཚོགས་ལ་དབང་ཆ་སྟེར་བ་དང་རང་ས་རང་བདག་བྱེད་པ། དམངས་གཙོ་བྱེད་པ་སོགས་ཐག་བཅད། ཀྲུང་གོའི་རྒྱལ་ཁབ་ལ་མཚོན་ན་སྤྱི་ལོ་༢༠༠༧ལོའི་བར་དུ་འདིའི་ཁྲིམས་འདི་མ་བཟོས་ཤིང་ལག་བསྟར་མ་བྱས་པ་རེད། ལོ་རབས་དགུ་བཅུ་བའི་མགོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེད་ལས་མི་སྣ་མངགས་ཏེ་དེང་གི་ཧྲན་ཏུང་ཞིང་ཆེན་དུ་ལོ་བཅུ་གསུམ་གྱི་རིང་ལ་ཚོད་ལྟ་བྱས་པ་རེད། སྐབས་དེའི་ཆེད་མངགས་མི་སྣ་ནི་ང་ཚོས་སྔོན་ཆད་འདི་གར་གདན་ཞུ་བྱས་མྱོང་བའི་ཡུས་ཡོན་ལོང་ཟེར་བ་དེ་རེད། ཁོ་ཚོས་ལོ་བཅུ་གསུམ་གྱི་རིང་ལ་ཚོད་ལྟ་བྱས་ཏེ་མཐར་ཀྲུང་གོའི་རྒྱལ་ཁབ་དང་མཐུན་པའི་མཉམ་སྒྲུབ་ཚོང་སྡེའི་ཁྲིམས་ཤིག་དགོས་པར་ཐག་བཅད་དེ་སྤྱི་ལོ་༢༠༠༧ལོར་སོ་མར་མཉམ་སྒྲུབ་ཚོང་སྡེའི་ཁྲིམས་འདི་གཏན་ལ་ཕབ་པ་རེད། དེ་བས་ང་ཚོ་གངས་ལྗོངས་འབྲོག་ལས་མཐུན་ཚོགས་ཀྱིས་༢༠༠༨ལོར་ཡར་ཞུ་བྱས་ཤིང་༢༠༠༩ལོར་ཆོག་མཆན་ཐོབ་སྟེ་མཉམ་སྒྲུབ་ཚོང་སྡེ་འདི་བོད་ཁུལ་ལ་དར་སྤེལ་ གཏང་རྒྱུའི་འཆར་གཞི་འཐེན་པ་ཡིན།

  དེ་ན་ཀྲུང་གོའི་རྒྱལ་ཁབ་ཀྱིས་ཅིའི་ཕྱིར་གློ་བུར་དུ་མཉམ་སྒྲུབ་ཚོང་སྡེ་འདི་བསྒྲུབ་རྒྱུ་ལག་བསྟར་བྱས་ཤིང་དེའི་ཁྲིམས་གཏན་ལ་ཕབ་པ་རེད་ཟེར་ན། ཀྲུང་གོའི་རྒྱལ་ཁབ་ལ་ཞིང་བ་དུང་ཕྱུར་བརྒྱད་ལྷག་ཡོད་པ་དེ་ངེས་པར་ཕྱུགས་འགྱུར་གྱི་ལམ་དུ་འགྲོ་དགོས་ཐུག་ཡོད་པ་རེད། དེ་ཕྱུགས་འགྱུར་གྱི་ལམ་དུ་འགྲོ་བ་ལ་ངེས་པར་ཐུན་མོང་མ་ཡིན་པའི་སྲིད་ཇུས་ཞིག་དང་། ཐུན་མོང་མ་ཡིན་པའི་ཁྲིམས་ཀྱི་རྒྱབ་སྐྱོར་ཞིག་མེད་ན་འགྲོ་ཐུབ་པ་མ་རེད། དེ་བས་ཆེད་དུ་མཉམ་སྒྲུབ་ཚོང་སྡེའི་ཁྲིམས་འདི་བཟོས་པ་ཡིན་ལ་དེ་བཞིན་དུ་འབྲོག་པ་རྣམས་ལའང་སྲིད་ཇུས་འདི་དང་ཁྲིམས་འདིའི་ཁེ་དབང་དེ་ཨ་ན་མ་ན་ཡོད་པ་རེད། དེ་བས་ངས་འདི་མྱུར་དུ་རང་རེའི་མང་ཚོགས་ལ་བསྒྲགས་ཏེ་ཁོ་ཚོར་སྲིད་ཇུས་འདི་དམ་འཛིན་བྱ་དགོས་པའི་སྐུལ་མ་བཏང་བ་ཡིན་ལ། ཚོང་སྡེ་མང་བོ་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ཚང་མ་དཔུང་བ་མཉམ་གཤིབ་ཀྱིས་འཛམ་གླིང་འཕེལ་རྒྱས་ཀྱི་ལམ་འདིར་བསྐྱོད་ཐུབ་པའི་རེ་བ་བརྒྱབ་པ་ཡིན། ཡིན་ནའང་མང་བོ་ཞིག་དབྱར་རྩྭ་དགུན་འབུས་བརྒྱགས་ཏེ་འདི་ལ་གཏན་ནས་དོ་སྣང་མི་བྱ། རང་གི་ཕོ་བ་བརྒྱགས་སོང་ན་མི་རིགས་དང་ས་གནས་ཡར་རྒྱས་ལ་འགྲོ་མི་འགྲོ་ང་དང་འབྲེལ་མི་འདུག་བསམ་གི་ཡོད་པ་རེད། ང་ཚོའི་མི་མང་ཆེ་བ་དེ་འདྲ་ཞིག་ རེད། དེའི་རྒྱུ་མཚན་གྱིས་ས་གནས་འདི་གར་བསྒྲུབས་པའི་མཉམ་སྒྲུབ་ཚོང་སྡེ་དག་ཀྱང་ལེགས་འགྲུབ་ཡིད་ཚིམ་པ་ཞིག་བྱུང་མ་སོང་། ངས་ལེགས་འགྲུབ་ཡིད་ཚིམ་པ་ཟེར་བ་ནི་ཚང་མར་སྣེ་ཁྲིད་ཐུབ་པ་དང་ཚང་མ་དེའི་ནང་དུ་ཞུགས་ཏེ་མཉམ་དུ་འགྲོ་ཐུབ་པ་ཞིག་ལ་ཟེར་བ་ལས། གཏན་ནས་ལེགས་འགྲུབ་མ་བྱུང་ཟེར་བ་མིན་ཏེ་ས་ཆ་གཞན་དང་བསྡུར་ན་ང་ཚོའི་མཉམ་སྒྲུབ་ཚོང་སྡེ་དག་ཧ་ཅང་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་འདུག ཁྱད་པར་རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེ་ལ་མཚོན་ན་རྭ་རྒྱ་ན་ཡོད་པའི་ཚོང་སྡེ་ལྔ་བོ་དང་མགོ་ལོག་གི་ཚོང་སྡེ་བཞི་བོ་བཅས་ནི་ཧ་ཅང་དར་རྒྱས་གོང་འཕེལ་ལ་འོང་གིན་འདུག འདི་ནི་སྒྲུབ་པ་བོ་རྣམས་ལ་སྤྱི་སེམས་ཡོད་པ་དང་མི་རིགས་དང་ས་གནས་ལ་ཤ་ཞེན་རུས་ཞེན་ཡོད་པའི་རྟགས་ཤིག་རེད་བསམ་གི་ཡོད། དེ་མིན་ང་ཚོའི་མཉམ་སྒྲུབ་ཚོང་སྡེ་སྒྲུབ་མཁན་ལ་ལས་ཟུར་ནས་སྒེར་དོན་གཉེར་ཏེ་སྒེར་དོན་རྒྱ་ཆེན་པོ་འགྲུབ་ཀི་ཡོད་ནའང་མཉམ་སྒྲུབ་ཚོང་སྡེ་ནི་ཡར་རྒྱས་དེ་ཚོད་ཅིག་འོང་གིན་མི་འདུག ཚང་མ་དེ་འདྲ་ག་ལ་ཡིན་མོད་མི་ལ་ལ་ཞིག་དེ་འདྲ་རེད། འདི་ནི་ང་ཚོར་རིག་གནས་མེད་པ་དང་ཆུ་ཚད་ཞན་པ། དཔལ་འབྱོར་གྱི་འདུ་ཤེས་མེད་པ། མི་རིགས་དར་རྒྱས་དང་ས་གནས་འཕེལ་རྒྱས་ཀྱི་འགན་འཁུར་མཁན་ཉུང་བ་སོགས་ཀྱི་མཚོན་རྟགས་རེད།

  མཉམ་སྒྲུབ་ཚོང་སྡེ་བསྒྲུབ་ན་ངེས་པར་གལ་ཆེ་བ་ནི་ཚོང་ཟོག་བྲིན་ཡུལ་གྱི་ར་བ་སྟེ་ཁྲོམ་ར་ཇི་ལྟར་རྒྱ་བསྐྱེད་ཅིང་ཚོང་ཟོག་ཇི་ལྟར་འགྲེམ་པའི་སྒྲིག་གཞི་ཤེས་དགོས་པ་དང་། ཚོང་ཟོག་ཕན་ཚུན་ལ་བརྒྱུད་སྤྲོད་བྱེད་སྐབས་ཚོང་ཟོག་གི་རིན་ཐང་ཡར་ལ་བསྟོད་པ་དང་རིན་གོང་འདྲ་མཉམ་༼ཁྲོམ་ཐང་༽ལོན་པར་སྒྲིག་གཞི་འཛུགས་ཤེས་དགོས། དཔེར་ན་དབྱར་རྩྭ་རྒྱ་མ་གང་གིས་ནང་ལོགས་ནས་སྒོར་ཁྲི་༡༥ཁུག་ཀྱང་རང་ས་ནས་སྒོར་ཁྲི་༣མ་གཏོགས་མ་ཁུག་ན་དེ་ནི་ཚོང་ཟོག་གི་རིན་ཐང་རང་གིས་བསྟོད་མ་ཤེས་པ་དང་འདྲ་མཉམ་གྱི་རིན་གོང་རང་གིས་མ་ལོན་པ་རེད། འདི་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་ཁྲོམ་རའི་འཐབ་ཇུས་༼རྒྱ་སྐད་ཀྱིས་(市场对策)ཟེར༽ཏེ་ཚོང་ར་ཇི་ལྟར་ཇུས་འགོད་བྱེད་པ་དང་སྒྲིག་གཞི་འཛུགས་པ། མི་ཇི་ལྟར་སྐྱེད་སྲིང་བྱེད་པ་དང་ཚོང་ལམ་ཇི་ལྟར་འཚོལ་བ་སོགས་ལ་ངེས་དགོས། དེར་མ་ཟད་ཁྲོམ་རའི་ནང་རྐྱེན་དང་ཁྲོམ་རའི་འགྲན་རྩོད་སོགས་ལམ་ལུགས་དང་གནས་ལུགས་འདི་དག་ཡོད་ཚད་ངེས་པར་ཤེས་དགོས། ཤེས་ན་ད་གཟོད་ཁྱོད་དེ་ལ་འགའ་ཞིང་འདུན་པ་སྐྱེ་ལ་གོང་འཕེལ་ཡང་འོང་བ་ཡིན། དེ་ལྟར་མ་ཤེས་པར་ནམ་ཡིན་ན་སྒེར་ཚོང་ན་གེ་ནོག་གེ་རེ་བརྒྱབ་བསྡད་ན་གོང་གི་ཚོང་རའི་རིན་ཐང་དང་འགྲོ་ལུགས་རྣམས་མི་ཤེས་པར་མ་ཟད་ད་དུང་དེར་མི་དགའ་བར་འགྱུར་རོ། །མ་ཤེས་ན་མི་དགའ་བ་ཆོས་ཉིད་དེ་དཔེར་བཞག་ན། དེང་གི་ང་ཚོའི་དགེ་རྒན་མང་བོ་ཞིག་དགེ་རྒན་བྱ་རྒྱུར་མི་དགའ་བ་ལྟ་བུ་རེད། ཁོ་ཚོ་མང་ཆེ་བས་དགེ་རྒན་གྱི་རིན་ཐང་ཤེས་ཀྱིན་ཡོད་པ་མ་རེད། དེ་མ་ཤེས་བས་རང་ཉིད་ནི་ངན་པ་ཞིག་དང་ཅི་ཡང་མི་ནུས་པ་ཞིག་ཏུ་ལྟ་བ་རེད། གལ་ཏེ་རང་གིས་དགེ་རྒན་གྱི་རིན་ཐང་ཤེས་ན་ང་དགེ་རྒན་ཞིག་ཡིན་སྙམ་སྟེ་མགོ་བོ་མཐོ་མཐོའི་ངང་ང་རྒྱལ་དང་བཅས་ཏེ་འགྲོ་ཆོག་པ་རེད། གང་ཡིན་ཟེར་ན་དགེ་རྒན་ནི་འཛམ་གླིང་གི་ཆེས་ཕུལ་དུ་བྱུང་བའི་མི་སྣ་དང་དགེ་རྒན་གྱི་ལས་ཀ་ནི་འཛམ་གླིང་གི་ཆེས་གཟི་བརྗིད་ལྡན་པའི་ལས་རིགས་རེད། འོན་ཀྱང་མི་རང་ཉིད་ལ་དེ་ལྟ་བུའི་ངོས་ཟིན་དང་འདུ་ཤེས་མེད་ཚེ་གོང་དུ་བཤད་པ་ལྟར་ང་ཚོས་རང་གི་ཐོན་ཁུངས་དང་ཐོན་རྫས་ཀྱི་རིན་ཐང་མ་ཤེས་པས་དེ་ལ་ཡིད་ཆེས་མེད་པ་ལྟ་བུ་ཡིན་ངེས་སོ། །                                                            ༼མུ་འགོད༽


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b81f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5931114
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号