རྫ་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་ཤར་གཏོང་མཛད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྫ་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་ཤར་གཏོང་མཛད་སྒོ།
རྫ་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་ཤར་གཏོང་མཛད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-08-17ལྟ་ཀློག (4139)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྫ་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་ཤར་གཏོང་མཛད་སྒོ།

༄༅། །རྫ་སེལ་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་སྒོ་འབྱེད་ཐོག་བོད་ཀྱི་དྲ་བའི་ལས་རིགས་ལ་བཏོན་པའི་བསམ་ཚུལ་ཕྲན་བུ།

ཁཱ་ཤེས་རབ་རྒྱ་མཚོ།     

 2016.8.15

ཐོག་མའི་སྙན་སྒྲོན།

        གཞུང་ལུགས་རབ་འབྱམས་སྨྲ་བ་ལ་དབང་འབྱོར་ཞིང་ལམ་བསླབ་པ་གསུམ་གྱི་ཡོན་ཏན་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་ཅིང་།  ཡོད་ཚད་བསྟན་འགྲོའི་དོན་དུ་ཕུལ་དང་འབུལ་བཞིན་པའི་སྤྲུལ་བའི་སྐུ་མཆོག་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་སོགས་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམ་པ།   ཚུལ་ཁྲིམས་རྣམ་པར་དག་པའི་གཞི་གཟུང་ཞིང་ཤེས་བྱ་ནམ་མཁའི་ཁྱོན་ལ་ཐོས་བརྩོན་གྱི་གཤོག་རྩལ་རབ་ཏུ་རྒྱས་པའི་འདིར་བཞུགས་དགེ་འདུན་པ་རྣམ་པ་དང་།  བྱམས་བརྩེའི་འོ་མཚོ་བསྐྱོམས་ཤིང་ཁྲེལ་ཡོད་ཕྱི་ཐག་རིང་བའི་མཛའ་གཅུགས་གྲོགས་པོ་རྣམ་པ།   གཞུང་རྒྱུད་དྲང་ཞིང་འབངས་ཀྱི་བདེ་སྡུག་མཁྱེན་པའི་འདིར་ཕེབས་ཀྱི་འགོ་ཁྲིད་རྣམ་པ།  ད་དུང་ཕྱོགས་སོ་སོ་ནས་ཕེབས་པའི་ང་དང་ལས་རིགས་གཅིག་པའི་དྲ་ཚིགས་གཉེར་མཁན་གྱི་དྲ་བདག་དང་རྩོམ་སྒྲིག་པ་རྣམ་པ་སོགས་ལ་ངས་འདིར་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

       དེ་དང་ཆབས་ཅིག ང་ཚོ་རི་ཁ་བ་ཅན་གྱི་ཡུལ་གྲུ། མདོ་ཁམས་ས་ཡི་ཐིག་ལེ། གནས་མཆོག་གྱུར་མཆོག་སྦྱིན་རི་བཀྲའི་འདབས་ཞོལ། ཡུལ་མཆོག་གྱུར་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདི་ནས་མཉམ་འཛོམས་བྱུང་སྟེ་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཕུགས་དོན་ལ་གླེང་མོལ་གནང་རྒྱུ་ནི་ཇི་འདྲའི་དགའ་ཞིང་སྤྲོ་བའི་གནས་ཤིག་རེད་ཨང་།  མཁྱེན་རྒྱ་མཁའ་ལྟར་ཡངས་པའི་སེར་བྱེས་དགེ་བཤེས་དཀོན་མཆོག་ཐོས་བསམ་ལགས་གཙོ་བྱས་ནས་འབྲེལ་ཡོད་ཀུན་གྱིས་རྒྱུ་ཚེགས་ལ་མ་ལྟོས་པར་དཀའ་ལས་གང་མང་བརྒྱུད་མཐར་དེ་རིང་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་འདི་དངོས་སུ་དབུ་འབྱེད་གནང་ནས་གོམ་པ་དང་བོ་སྤོ་ཐུབ་སོང་བར་ངས་འདི་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་དགེ་སློབ་ཡོངས་།  ད་དུང་བཙན་པོའི་མགར་གྱི་དྲ་བའི་རྩོམ་སྒྲིག་པ་ཡོངས་ཀྱི་ཚབ་བྱས་ནས་མུ་མཐུད་དུ་གོམ་པ་གཉིས་པ་དང་གསུམ་པ་སོགས་རེ་རེ་བཞིན་བོད་རང་གི་ཆོས་སྲིད་ཀྱི་ཕྱག་ལས་སྟེང་ནས་ཁ་ཕྱོགས་ཡོད་པ་དང་།  ཕུགས་རྒྱང་ཡོད་པའི་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པའི་སྨོན་འདུན་དང་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན།

      དེང་གི་འཛམ་གླིང་འདི་ནི་ཆ་འཕྲིན་གྱིས་མཉམ་དུ་སྦྲེལ་བའི་དྲ་བའི་འཇིག་རྟེན་ཞིག་ཏུ་ཆགས་ཡོད་ཅིང་།  དེང་རབས་ཀྱི་མི་ཞིག་ལ་མཚོན་ན་བརྡ་འཕྲིན་གཏོང་ལེན་ནི་མེད་དུ་མི་རུང་བའི་དུས་རབས་ཀྱི་འཚོ་རྟེན་གལ་ཆེན་ཞིག་ཏུ་ཆགས་པས་བརྙན་འཕྲིན་དང་ཁ་པར་སོགས་མེད་ན་ཉིན་གཅིག་ལའང་འདུག་བཟོད་མེད་པའི་ཚད་དུ་སླེབས་ཡོད།

      འགྲོ་བ་མིའི་རིགས་ཀྱི་ཉིན་རྒྱུན་འཚོ་བའི་ནང་གི་བྱེད་སྒོ་ཡོད་ཚད་གློག་ཀླད་རྩིས་འཁོར་དང་དྲ་རྒྱའི་ནང་འཐིམ་ནས་འགྲོ་བཞིན་པའི་དུས་སྐབས་འདིར། རང་རེའི་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ན་ཡང་ཉེ་བའི་ལོ་ཤས་ནང་དེང་དུས་ཀྱི་འཕྲུལ་ཆས་དང་དྲ་རྒྱའི་ཐོག་གི་མཐུན་རྐྱེན་ཁག་ལ་འབྲེལ་འདྲིས་ཟབ་ཏུ་ཕྱིན་ཡོད་ཅིང་། ང་ཚོ་གློག་ཀླད་དྲ་རྒྱ་དང་ཅི་ཙམ་གྱིས་འབྲེལ་འདྲིས་ཟབ་ཏུ་ཕྱིན་པ་དེ་ཙམ་གྱིས་དེང་རབས་ཀྱི་ཡོ་ཆས་སོགས་དུས་དང་མཐུན་པའི་ཆ་རྐྱེན་ཚང་མ་ཡང་ང་ཚོའི་ཉིན་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ཡང་དྲ་རྒྱའི་སྤྱོད་སྒོ་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་དྲ་བའི་ནུས་པ་ཡིས་རིམ་བཞིན་ང་ཚོའི་མི་ཚེའི་ནང་གི་བྱ་བཞག་ཡོད་ཚད་ལའང་སྟངས་འཛིན་བྱེད་འགོ་ཚུགས་ཡོད་པ་མ་ཟད།  བརྒྱུད་རིམ་དེའི་ཁྲོད་དུ་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་དབང་གིས་དྲ་བའི་ལྡོག་ཕྱོགས་ཀྱི་གནོད་སྐྱོན་ཡང་ཇེ་མང་དུ་འགྲོ་གི་ཡོད་པ་ཚང་མས་མཁྱེན་གསལ་རེད།

      ང་ཚོས་དྲ་ཚིགས་སྟེང་ནས་མཐོང་བའི་ཆ་འཕྲིན་ཡོད་ཚད་ལ་ཡིད་ཆེས་བྱ་མི་རུང་སྟེ། མི་ངན་རིག་པ་རྣོ་བའི་དྲ་ཚིགས་བཟོ་མཁན་མང་པོས་མི་གཞན་གྱི་གློག་འཕྲིན་ཡིག་སྒམ་ནང་གསང་སྟབས་ཀྱི་སྒོ་ནས་འཛུལ་ཏེ་མི་དེའི་སྒེར་གྱི་གསང་བ་དང་ཡིག་ཆ་གལ་ཆེན་ཁག་རྐུ་བའི་གནས་ཚུལ་བྱུང་གི་ཡོད་པ་དང་། ཡང་ན་གླེང་མོལ་དང་སྐད་འཕྲིན་གྱི་ནང་དུ་འཛུལ་ནས་མི་དེའི་ཕ་མ་གྲོགས་མཆེད་སོགས་ལ་སྒོར་མོ་སློང་བའི་གནས་ཚུལ་སོགས་ཆ་འཕྲིན་གྱི་འཇིག་རྟེན་འདི་ན་རྒྱུན་པར་འབྱུང་བཞིན་ཡོད་པས་ཆ་འཕྲིན་གྱི་རིགས་ལ་མཐའ་གཅིག་ཏུ་ཡིད་རྟོན་བྱ་རུང་བ་མིན། རྒྱུ་མཚན་དེ་ལ་བརྟེན་ནས་འདིར་ནན་གྱིས་ཞུས་འདོད་པ་ནི་ཚད་གཞི་མཐོ་མིན་ལ་མ་ལྟོས་པར་དྲ་རྒྱ་བཀོལ་སྤྱོད་གནང་མཁན་ཞིག་ཡིན་ཚེ་དེ་ལ་དྲ་རྒྱའི་ཉེན་འགོག་གི་འདུ་ཤེས་ཟབ་མོ་ཞིག་དགོས་པ་ནི་རང་ཉིད་དང་སྤྱི་ཚོགས་བདེ་འཇགས་ཅན་དུ་འགྱུར་བའི་རྩ་བའི་ཆ་རྐྱེན་ལྟ་བུ་ཡིན། དེ་བས་ང་ཚོས་ནམ་ཡང་དྲ་ཚིགས་སྟེང་ན་གང་བྱུང་དུ་འཁྱར་བའི་ཆ་འཕྲིན་དང་རང་ཉིད་ཀྱིས་གསར་དུ་སྤེལ་བ་དག་ཧ་ཅང་སེམས་ཆུང་དང་གཟབ་ནན། ཕན་གནོད་ཀྱི་བསམ་བློ་སྔོན་དུ་བཏང་ནས་བཀོལ་དགོས་པ་ལས་འོལ་ཚོད་དང་གཅིག་ཆོད་སོགས་གཏན་ནས་མི་བྱ་བར་ངས་འདི་ནས་རྣམ་པ་ཚང་མར་དྲན་སྐུལ་བྱས་པ་ཡིན།

      དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་དྲ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། འགྲེམ་བརྡ་ལ་གཏན་ཆགས་ཀྱི་རྣམ་པ་ཞིག་མེད་པས་རྣམ་པ་དང་ནང་དོན་སྣ་ཚོགས་སུ་གནས་ཡོད་པ་སྟེ། དཔེར་ན།  མྱུར་དུ་ཕྱུག་པོར་ཆགས་པའི་ཐབས་ཤེས་དང་།  འདོད་སྲེད་ཀྱི་སྨན་རྫས། ལུས་དབང་གསོ་བའི་སྨན་རྫས། ཇ་དང་གོན་པ། ཡང་ན་སྐུ་ཉིད་ལ་ཁ་པར་སོགས་ཀྱི་བྱ་དགའ་ཐོབ་འདུག་ཅེས་པའི་འཕྲིན་ཡིག་སྣ་ཚོགས་ཤིག་བསྐུར་ཡོང་གི་ཡོད་པ་དེས་མི་ཀུན་ལ་སུན་པོ་བཟོ་བ་གཅིག་མཚུངས་ཡིན།  གལ་ཏེ་དེ་འདྲའི་འགྲེམ་བརྡ་ཞིག་སྐུ་ཉིད་ཀྱི་ཁ་པར་དང་ཡིག་སྒམ་གང་རུང་དུ་འབྱོར་རྗེས་གནད་དོན་ཐག་གཅོད་བྱེད་པའི་ཆེས་གུས་ལུགས་དང་ལྡན་ཞིང་ཕན་ནུས་ཅན་གྱི་བྱེད་ཐབས་ཡག་ཤོས་ཤིག་ཡོད་པ་ནི་ཁོ་ཚོ་ལ་ཁ་ཡ་མི་བྱེད་པ་དེ་ཡིན།

     གོ་སྐབས་འདི་དང་བསྟུན་ཏེ་ཞུ་འདོད་པ་ཞིག་ནི་དྲ་ཚིགས་གཉེར་མཁན་ཞིག་ཡིན་ན་ངེས་པར་དུ་ཁྲིམས་མཐུན་གྱིས་རྩོམ་སྒྲིག་བྱ་དགོས་པ་དེ་རེད། འདིའི་སྐབས་ཀྱི་ཁྲིམས་མཐུན་ཟེར་བ་ནི་ཁ་སང་དེ་རིང་རྩོམ་པ་པོ་ལ་གདེང་འཇོག་མེད་པར་བརྩམས་ཆོས་གང་ཡིན་གྱི་བདག་དབང་ལ་སྲུང་བརྩི་མེད་པར་རྔ་བཅད་རྔོག་ལོ་ཟེར་བའི་དཔེ་ལྟར་རྩོམ་པ་པོའི་མིང་བླངས་ཏེ་བརྩམས་ཆོས་ལ་སྣོན་འཕྲི་དང་རང་གི་ཡིན་ཁུལ་གྱིས་རྩོམ་འགོད་བྱེད་པ་དེ་དག་ལ་ཟེར་བ་ཡིན།

      གང་ལྟར་ང་ཚོ་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཞིག་ཡིན་ན་ཉམས་འཇོག་དགོས་ས་ནི་རྩིས་འཁོར་དྲ་རྒྱའི་འཕེལ་རྒྱས་དང་བསྟུན་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་ཉིན་བཞིན་ཛ་དྲག་ཏུ་གྱུར་ཡོད་པ་དེ་རེད། སྤྱི་ཚོགས་ཀྱི་ལས་གནས་དང་ཚན་ཁག་སོགས་ཕྱོགས་གང་མང་ནས་དྲ་རྒྱ་བེད་སྤྱོད་བྱེད་པ་ཡིན་པས། དྲ་རྒྱ་རུ་ཉར་ཚགས་སམ་ཡང་ན་སྐྱེལ་གཏོང་བྱེད་པའི་གཞི་གྲངས་དག་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད་རྩོམ་ཡིག་འདོར་ལེན་གྱི་བློ་མིག་ཡོད་དགོས་པའང་ཁ་ཚ་དགོས་གཏུག་རེད། རྩོམ་ཡིག་འདོར་ལེན་གྱི་བློ་མིག་ནི་དྲ་བདག་ཅིག་ལ་མཚོན་ན་དྲ་ཚིགས་དེའི་ཚེ་སྲོག་གི་རྒྱུ་བ་བསྲིང་བའི་ཟུངས་ཁྲག་དང་འདྲ་སྟེ།  རྩོམ་ཡིག་འདོར་ལེན་མ་ཤེས་པས་དྲ་ཚིགས་དེ་ནི་ཟུངས་ཁྲག་གི་རྒྱུ་བ་འགག་པའི་བེམ་པོ་ཞིག་དང་འདྲ་བར་དུས་དང་མཐུན་པའི་གསོན་ཤུགས་ཡོད་པ་མ་རེད།  དཔེར་ན་དྲ་བདག་དང་རྩོམ་སྒྲིག་པས་རྩོམ་ཡིག་ལག་ཏུ་གང་སོན་གྱི་མགོ་རྔ་ཙམ་ཡང་མི་ཀློག་པ་དང་།  རྗོད་བྱེད་ཚིག་གི་ཆ་ནས་དག་ཆ་ཡོད་མེད། བརྗོད་བྱའི་ནང་དོན་ལའང་ཤེས་བྱ་ཅི་ཞིག་ངོ་སྤྲོད་བྱས་ཡོད་མེད།  བདེན་དང་རྫུན། འུད་བརྗོད་དང་དཀྲོག་གཏམ་ཡིན་མིན།  གཡོ་ཇུས་དང་མགོ་སྐོར་གཏོང་བྱེད་སོགས་མ་ཉེས་ཁ་ཡོག་ཡིན་མིན་ལ་མ་བལྟས་པར་གང་བྱུང་དུ་བཀོད་ན་དེ་ནི་སྤྱི་ཚོགས་ཀྱི་བསམ་བློ་ངན་པའི་གད་སྙིགས་འཕེན་ས་དང་།  བབ་བརླིང་སྤྱི་ཚོགས་གཏོར་བའི་འགད་རྫས།  མི་ངན་སྤྱང་ཀིར་རྣ་ཚར་བཏགས་པའི་དཔེ་ཉིད་དུ་གྱུར་བས་དྲ་ཚིགས་ནི་ཉོག་ལུད་འཕེན་སའི་སྙིགས་སྣོད་དུ་མི་བསྒྱུར་བར་མི་མིག་ཅན་བརྒྱ་ཡི་བལྟ་ས་དང་རྣ་ཅན་སྟོང་གི་ཉན་ས་ཞིག་ཡིན་པས་ང་ཚོས་སྟངས་འཛིན་དང་ཚད་ལྡན་རང་བཞིན་ལ་དང་དོད་དང་མཉམ་འཇོག་ཤུགས་ཆེན་བྱ་དགོས་པ་ཡིན།

     དྲ་བདག་དང་འཕྲིན་སྟེགས་གཉེར་མཁན་སུ་ཡིན་ཡང་རྩོམ་ཡིག་སྟོང་ཕྲག་ནས་ཁྲི་ཕྲག་འབྱོར་ཡང་གཅིག་ནས་རང་གི་དྲ་ཚིགས་ཀྱི་ཁ་ཕྱོགས་དང་འཚམ་མིན།  གཉིས་ནས་རྩོམ་ཡིག་དེ་བརྒྱུད་འགོད་བྱས་ན་དེས་བསྐྱེད་སྲིད་པའི་སྣང་ཚུལ་གྲུབ་འབྲས་ལ་དབྱེ་ཞིབ་གནད་ཐིངས་པ་བྱ་རྒྱུ། གསུམ་ནས་རང་ལ་གནད་དོན་དེ་རིགས་ཐག་གཅོད་ཀྱི་ནུས་པ་སོགས་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ལ་གང་འཚམ་རེ་ཡོད་དགོས། བཞི་ནས་དྲ་ཚིགས་གཉེར་མཁན་ཞིག་ཡིན་ན་རང་ཚུགས་ཀྱི་བསམ་གཞིག་བྱེད་སྟངས་ཤིག་དང་།  གཞན་དྲིང་མི་འཇོག་པའི་སྤོབས་པ་སོགས་ཡོད་དགོས་པར་མ་ཟད་དྲ་ཚིགས་དེའི་སྒྲོམ་གཞི་ལ་ཚན་རྩལ་ཐད་ཀྱི་ཀུན་སྤྱོད་དང་གུས་ལུགས་ཀྱི་དོན་སྙིང་འཛོམས་པོ་ཞིག་ཆགས་ཐུབ་པར་བརྩོན་ལེན་ཡང་བྱ་དགོས། དྲ་ཚིགས་གཉེར་མཁན་ཞིག་ཡིན་ན་གཟུ་བོར་གནས་པའི་སྙིང་སྟོབས་དང་བློ་རིག་གྲིམ་པོའི་འཆར་སྒོ་ཡོད་ཚེ་དྲ་རྒྱའི་དགེ་མཚན་མཐོ་རུ་འདེགས་མོད།  ཁྱེད་ཀྱིས་གཉེར་བའི་རྩོམ་ཡིག་དེ་དག་ཚད་ལྡན་ཡིན་མིན་ལ་གནད་དུ་འཁེལ་བའི་དབྱེ་ཞིབ་དང་བསམ་བློ་གཏོང་རྒྱུ་ཡང་སྣང་ཆུང་མི་རུང་བའི་དོན་ཞིག་ཡིན་སྙམ།

      དཔེར་ན།  སང་ཉིན་ཕྱི་དྲོར་ས་འགུལ་རྒྱུག་རྒྱུ་རེད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་དུས་མི་ཚང་མ་ཟང་ཟིང་དུ་བསྒྱུར་སྲིད་པས་སའི་གོ་ལའི་གསང་བ་ང་ཚོས་ཚོད་དཔག་ཙམ་གྱིས་ཤེས་དཀའ་བ་དེ་རིགས་ཁྱབ་སྒྲོག་མི་བྱེད་རྒྱུ་གལ་ཆེ་ལ།  ད་དུང་མི་རིགས་ནང་ཁུལ་དང་།  ཆོས་ལུགས་གྲུབ་མཐའི་བར། ཚོགས་སྡེ་དང་མི་སྒེར་སོ་སོའི་བར་ལ་ཉམས་ཉེས་འབྱུང་བྱེད་ཀྱི་བྱ་སྤྱོད་ཅིག་ཡོད་པ་ནི་དཔེར་ན། གཞན་གྱི་རྩོམ་ཡིག་ཅིག་ཁྱེར་ཡོང་ནས་དེའི་ལྡོག་ཕྱོགས་ཀྱི་རྩོམ་ཞིག་དང་མཉམ་དུ་སྤེལ་ཚེ་མི་རྣམས་རི་བོང་ཅལ་འདྲོགས་བཞིན་རྩོམ་ཡིག་དེ་ཀུན་སློང་བཟང་ངན་ཆ་མ་འཚལ་ཡང་གང་སར་འགྲེམ་པ་དེས་བོད་སྤྱི་བའི་སྣང་བརྙན་ལ་ཤུགས་རྐྱེན་ངན་པ་བཞག་འགྲོ་བར་མ་ཟད་རྩོམ་པ་པོ་ཕན་ཚུན་བར་འཕུང་དཀྲུག་རྒྱག་ཏུ་འཇུག་པ་སོགས་ནི་ཞེན་ལོག་འབྱུང་བའི་སྤྱོད་ངན་ཡིན་སྟབས།  ང་ཚོ་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་འདི་དག་ནི་མགོ་བོའི་ནད་བཞིན་རིང་དུ་སྤོང་རྒྱུ་གལ་ཆེ་ཞིང་།  དྲ་བདག་ཚད་ལྡན་ཞིག་འཁྱོངས་ན་ཐོག་མཐའ་བར་གསུམ་དུ་རྩ་བའི་བླང་བྱ་ཞིག་ཡོད་པ་ནི་བོད་ཀྱི་གནས་བབ་ལ་ཁ་གཏོད་པ་དང་། འཛམ་གླིང་གི་སྒེའུ་ཁུང་དུ་གྱུར་ནས་ཀློག་པ་པོར་མཐོང་རྒྱ་འདྲེན་པ།  འདས་མ་ད་གསུམ་གྱི་ཤེས་བྱའི་རྒྱབ་ལྗོངས་ཡོད་པར་བྱས་ཏེ་བོད་ཀྱི་རིག་གནས་ངོ་དེབ་དུས་རབས་སུ་གྱུར་བའི་དྲ་དགའ་དག་གི་བསམ་བློའི་ཆུ་ཚད་གོང་སྤེལ་གཏོང་བའི་ཐབས་ལ་བརྩོན་རྒྱུ་ནི་དེ་རིང་ངས་ཞུ་འདོད་པའི་གལ་ཆེན་ནང་གི་དོན་ཆེན་གཅིག་ཡིན།

      དེས་ན་དྲ་རྒྱའི་ཁོར་ཡུག་ནི་གནས་ཡུལ་མི་འདྲ་སར་ཁྱབ་པའི་སྨྱན་མང་གཟུགས་ཀྱི་རྩིས་འཁོར་མང་པོ་དངོས་ལུགས་སྟེང་སྦྲེལ་རེས་བྱེད་པ་དང་། ཕན་ཚུན་ཆ་འཕྲིན་གཏོང་བ། སྲ་ཆས་དང་མཉེན་ཆས་ཀྱིས་དྲ་རྒྱའི་རིག་གནས་མཉམ་སྤྱོད་མངོན་འགྱུར་ཡོང་བར་བྱེད་པའི་རྒྱུད་ཁོངས་ཤིག་ཡིན་སྟབས། དྲ་རྒྱའི་ཁོར་ཡུག་ལ་ནམ་ཡང་བར་སྟོང་ངེས་ཅན་ཞིག་གི་ཚད་ནས་ལྟ་བ་དང་ཡང་ན། ཁྱབ་ཁོངས་ལས་རིགས་འབྱམས་ཀླས་པའི་མིའི་རིགས་ལ་སྟབས་བདེ་སྐྲུན་པའི་ལོངས་སྤྱོད་ཅིག་ལ་ངོས་འཛིན་བྱས་ན་ཧ་ཅང་འགྲིགས། དྲ་རྒྱའི་ཁོར་ཡུག་ནིསློབ་སྦྱོང་བྱེད་མཁན་གྱིས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་གནད་དོན་ཐག་གཅོད་བྱེད་པའི་བྱེད་སྒོའི་ཁྲོད་དུ་སྣ་མང་བོའི་ཡོ་བྱད་དང་ཆ་འཕྲིན་ཐོན་ཁུངས་བེད་སྤྱོད་བྱེད་ཆོག་པ་ཞིག་ཡིན་པར་མ་ཟད། ཕན་ཚུན་མཉམ་ལས་དང་རམ་འདེགས་བྱེད་པའི་ཡུལ་ལ་ཟེརབ་ཡིན་པས་དྲ་རྒྱའི་ཁོར་ཡུག་ནི་དྲ་རྒྱའི་ཐོན་ཁུངས་དང་དྲ་རྒྱའི་ཡོ་བྱད་ཀྱིས་ནུས་པ་ཐོན་པའི་གནས་ཡུལ་ཁོ་ན་ཙམ་མ་ཡིན་པར། དེའི་ནང་དུ་ད་དུང་སློབ་སྦྱོང་གི་རྣམ་པ་དང་སློབ་སྦྱོང་བྱེད་མཁན་གྱི་ཀུན་སློང་གི་རྣམ་པ། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་། སློབ་ཁྲིད་ཐབས་ཇུས་སོགས་དངོས་ལུགས་མ་ཡིན་པའི་རྣམ་པ་སྣ་མང་འདུ་བ་རེད། དེ་བཞིན་ང་ཚོ་དྲ་རྒྱའི་ལས་རིགས་གཉེར་མཁན་ཡོངས་ཀྱིས་ལས་མཐུན་གྱི་ལང་ཕྱོགས་བརྟན་པོའི་ངང་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་སྔ་ན་མེད་པའི་ཕྱག་རྗེས་ཤིག་འཇོག་ཐུབ་པར་རེ་བ་བྱེད་ཀི་ཡོད།

    འདི་ནས་ང་དང་འབྲེལ་ཡོད་ཀྱི་དྲ་ཚིགས་གཉིས་ཀྱི་བརྒྱུད་རིམ་ཐུང་ངུ་ཞིག་ངོ་སྤྲོད་བྱ།

དང་པོ།  བཙན་པོའི་མགར་གྱི་དྲ་བ་ངོ་སྤྲོད་མདོར་བསྡུས།

     ༢༠༡༣ལོར་བཙན་མགར་དྲ་བ་ཤར་གཏོང་བྱས་ཏེ་ད་བར་དུ་རྩོམ་ཡིག་༣༢༠༦ལྷག་ཤར་གཏོང་བྱས་ཤིང་། ལོ་གསུམ་གྱི་རིང་ལ་ངེད་བཙན་པོའི་མགར་གྱི་དྲ་བར་ཀློག་པ་པོའི་གྲངས་ས་ཡ་བདུན་དང་འབུམ་བཞི་ཁྲི་ལྔ་སྟོང་བརྒྱད་ལྷག་བྱུང་ཡོད།

      བཙན་པོའི་མགར་གྱི་དྲ་བས་སྣེ་ཁྲིད་དེ་མགར་ཚང་གི་བོད་ཁུལ་སློབ་སྐྱོར་གྱི་བྱ་འགུལ་ཁྲོད་སྔ་གཞུག་ཏུ་མཚོ་སྔོན་མང་ར་རྫོང་མི་རིགས་སློབ་འབྲིང་།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།  མགོ་ལོག་དར་རྒྱས་གསོ་རིག་སློབ་གླིང་། རྔ་བ་རྫོང་དང་ཁྱུང་མཆུ་རྫོང་།  མཛོད་དགེ་རྫོང་བཅས་ཀྱི་བོད་ཡིག་སློབ་འབྲིང་གི་དཀའ་ཁག་ཆེ་བའི་སློབ་མ་༥༠ལ་རོགས་སྐྱོར་དང་གསུམ་བཟང་སློབ་མ་༢༠ལྷག་ལ་གློག་ཀླད་ཀྱིས་རོགས་སྐྱོར་དང་།  ཕུལ་བྱུང་སློབ་མ་སྐོར་ཞིག་ལ་བོད་ཡིག་གི་ལག་འཁྱེར་ཁ་པར་སོགས་རོགས་སྐྱོར་བྱ་འགུལ་སྤེལ།

     ༢༠༡༤ལོའི་བོད་ཁམས་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཞིག་བསྡུས་ཏེ་སློབ་མ་༡༦ལ་བོད་ཁམས་ཡོངས་ཀྱི་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་ཆེ་ཤོས་ཤིག་སྤྲད་པ་ཡིན།

     མ་འོངས་པར་ཡང་ང་ཚོས་ཐུན་མིན་གྱི་དྲ་ངོས་གསར་བསྒྱུར་སོགས་ཚན་རིག་ལག་རྩལ་གང་ཅིའི་ཐད་ནས་འབད་པ་ལྷོད་མེད་བྱས་ཏེ་དྲ་བའི་ཆ་འཕྲིན་ལས་རིགས་ཀྱི་རིན་ཐང་དར་སྤེལ་ཡོང་བར་བརྩོན་ལེན་ཅི་ཐུབ་བྱེད་རྩིས་ཡོད་ལ་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱིས་མུ་མཐུད་དུ་ངེད་བཙན་པོའི་མགར་གྱི་དྲ་བར་མཛུབ་སྟོན་དང་ལམ་སྟོན་ཡོང་བར་སྙིང་ནས་གུས་འདུད་ཞུ་གི་ཡིན།

གཉིས་པ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ་ངོ་སྤྲོད་མདོར་བསྡུས།

     སྤྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༡༦ཉིན་གྱི་སྔ་དྲོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་གྱི་དྲ་བ་ཤར་གཏོང་མཛད་སྒོ་སློབ་གླིང་རང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་སྟེང་དུ་སློབ་དཔོན་རྣམ་པས་དྲ་བ་ཤར་གཏོང་དབུ་བརྙེས་པའི་སྒོ་བྱང་གི་ཞལ་ཁེབས་ཕྱེས་ཤིང་། དྲ་བ་ཤར་གཏོང་གི་མཛད་སྒོ་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་ཡོད། ལོ་གཅིག་ལོན་པའི་དེ་རིང་དྲ་རྒྱ་འདིའི་ཐོག་ཏུ་རྩོམ་ཡིག་1195རྭ་རྒྱའི་དྲ་བར་ལྟ་ཀློག་ས་ཡ་གཅིག་དང་འབུམ་གསུམ་ལྷག་བྱུང་བར་ངས་འདི་ནས་རྭ་རྒྱའི་དགེ་སློབ་སྟོང་ཕྲག་ལྷག་གི་ཚབ་བྱས་ནས་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དང་དྲ་ཚིགས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་ཡིད་ཆེས་གནང་བའི་རྒྱལ་ཕྱི་ནང་གི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

     ངས་གོང་ནས་ཞུས་པའི་དྲ་ཚིགས་དེ་གཉིས་བཞིན་དྲ་ཚིགས་ལ་གཞུང་གཉེར་དྲ་བ་དང་། ཚོགས་གཉེར་དྲ་བ། སྒེར་གཉེར་དྲ་བ་གསུམ་ཡོད་པ་དེ་མདོར་བསྡུས་ན་ཆེད་གཉེར་དྲ་བ་དང་། སྣ་འཛོམས་དྲ་བ་གཉིས་སུ་བསྡུ་བཞིན་ཡོད། ང་རང་ལ་མཚོན་ནས་བཤད་ན་ཆེད་གཉེར་དྲ་བ་ནི་རིགས་གཅིག་རྐང་འཛིན་བཞིན་མ་འོངས་པར་འདི་གཙིགས་ཆེན་བྱ་ཡོང་སྙམ་པས། སྟབས་བདེ། ཁ་སྐོང་། དཔྱད་གཞི་སོགས་ཀྱི་རིན་ཐང་ཧ་ཅང་ཆེ་བར་འདོད་ཀི་ཡོད། སྣ་འཛོམས་དྲ་བ་ནི་དགོས་མཁོ་བཞིན་དུ་དྲ་ཚིགས་སྤྱི་འགྲོས་ཤིག་ཏུ་གྱུར་ཡོད་ལ་ད་ལྟའི་ཆར་རྒྱ་ཡིག་དྲ་ཚིགས་པའེ་ཏུའུ་དང་དབྱིན་ཡིག་དྲ་ཚིགས་googleདང་འདྲ་བའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལྟ་བུའི་དྲ་ཚིགས་དེས་བོད་ཡིག་གི་ལམ་ནས་ཆ་འཕྲིན་སྣ་ཚོགས་འཚོལ་བཤེར་ཐུབ་པ་དེས་ནི་བོད་ཡིག་གི་ཆ་འཕྲིན་ཐད་ཀྱི་ཁ་སྐོང་ཆེན་པོ་ཞིག་སྐོང་ཐུབ་པ་དེ་བཞིན་འདིར་ཕེབས་ཀྱི་གྲོགས་རིག་པ་སྨྲ་བ་དང་དྲ་རྒྱའི་ལས་རིགས་སྟེང་གི་ལས་གྲོགས་ཡོངས་ཀྱིས་བོད་ཀྱི་ཆ་འཕྲིན་ཐད་ཀྱི་དགོས་མཁོ་ཆ་ཚང་སྐོང་ཐུབ་པའི་བོད་ཡིག་འཚོལ་བཤེར་མ་ལག་ད་དུང་གཅིག་ལས་གཅིག་ལྷག་གི་ཚད་ལྡན་རེ་འབྱུང་བར་ཕྱར་བ་གྲུ་འདེགས་ཀྱི་དཔེ་བཞིན་ཕན་ཚུན་ལ་མཐུན་སྒྲིལ་དང་རྒྱབ་སྐྱོར། མཉམ་ལས་དང་རོགས་འདེགས་ཡོང་བར་རེ་འབོད་ཞུས་པ་ཡིན།

མཇུག་གི་རེ་འདུན་གཙང་མ།

      རྫ་སེལ་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་སྒོ་འབྱེད་འདིས་བོད་ཁུལ་གྱི་རིག་གནས་རྒྱས་སྤེལ་བྱེད་པ་གཞིར་བྱས་ཏེ།  ཕྱོགས་ཡོངས་དང་དངོས་ཡོད་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་བརྒྱུད་སྒྲོག་དང་།  སྤྱི་ཚོགས་སྣང་བརྙན་གསལ་བསྒྲགས། ཡ་རབས་འབྲེལ་འདྲིས་བྱ་བར་ཡར་སྐུལ་བཅས་བྱེད་ཐོག   སེར་ཤུལ་ས་ཆའི་རིག་གནས་དང་དཔལ་འབྱོར།  ལྗོངས་རྒྱུ་སོགས་ལ་ཆ་འཕྲིན་གྱི་སྟེགས་བུ་ཞིག་བསྐྲུན་པ་ཡིན་སྟབས།   ཆ་འཕྲིན་རྒྱུས་ལོན་བྱེད་པའི་ཚོང་གཉེར་རང་བཞིན་མ་ཡིན་པའི་དྲ་བ་འདིས་རྒྱལ་ཁབ་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་སྔོན་འགོག་བྱེད་རྒྱུའི་རེ་བ་དང་། དྲ་བ་འདིས་ཀྱང་བརྒྱུད་འགོད་བྱས་པའི་ཆ་འཕྲིན་རྣམས་ལ་ཡིད་སྟོན་རུང་བའི་འབྱུང་ཁུངས་ཡོད་པར་བྱས་ཐོག་རྒྱ་ཆེའི་སྨྱུག་ཐོགས་པ་དང་ཀློག་པ་པོ་མི་སྒེར་དང་ཚོགས་པ་གང་ཡིན་ཡང་དྲ་ཚིགས་འདི་ཀློག་འདོན་དང་ཕབ་ལེན། པར་འདེབས། བརྒྱུད་འགོད་སོགས་བྱེད་དུས་ངེས་པར་དུ་རྫ་སེར་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་ཀྱི་ཆོག་མཆན་མ་ཐོབ་པར་རང་སྒེར་གྱིས་དྲ་བ་འདིའི་ཆ་འཕྲིན་ནང་དོན་བཀོལ་སྤྱོད་བྱས་ཏེ་རང་ཉིད་ཀྱི་ཁེ་ཕན་མི་བསྒྲུབ་རྒྱུའི་རེ་བ་དང་།   གལ་ཏེ་དྲ་བ་འདིའི་ཆ་འཕྲིན་བརྒྱུད་འགོད་བྱེད་ན།   ངེས་པར་དུ་ཆ་འཕྲིན་དེའི་འབྱུང་ཁུངས་དང་རྩོམ་པ་པོའི་མིང་སོགས་གསལ་བོར་འགོད་དགོས་པ་ནི་དྲ་རྒྱའི་བདག་དབང་ལ་བརྩི་བཀུར་གྱི་རྣམ་པ་ཞིག་ཀྱང་ཡིན་པས་དྲ་རྒྱའི་ལས་རིགས་གཉེར་བའི་དྲ་བདག་དང་འཕྲིན་སྟེགས་དོ་དམ་པ་ཡོངས་ཀྱིས་ཕན་ཚུན་ལ་མཐུན་སྒྲིལ་མཉམ་གནས་ཡོང་ཞིང་དྲ་རྒྱའི་ཁོར་ཡུག་གིས་མིའི་རིགས་ལ་གདུག་རྩུབ་རྙོག་འཛིང་མི་བཟོ་བར་འདས་པའི་ལོ་རྒྱུས་ཀྱི་གནད་བརྟོལ་ཐུབ་ཅིང་།  ད་ལྟའི་གནས་བབ་ཀྱི་དགེ་སྐྱོན་ཡོ་བསྲང་ཐུབ་པ།   མ་འོངས་བདེ་སྐྱིད་རྫོགས་ལྡན་བསུ་བའི་བཤུལ་ལམ་ཞིག་བསྐྲུན་ཐུབ་པར་རེ་བསྐུལ་ཞུས་པ་ལགས།

     མ་འོངས་པར་རྫ་སེལ་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་རྩོམ་སྒྲིག་ཁང་གི་ངོས་ནས་ཀྱང་ང་ཚོ་བོད་མི་རིགས་ཀྱི་ཆོས་དང་རིག་གནས་ཡ་མ་བྲལ་བར་གྲུབ་མཐའ་རིས་མེད་ཀྱི་ལྟ་གྲུབ་རིག་གནས་ཁྱབ་བསྒྲགས་དང་སེར་ཤུལ་ས་ཆའི་ཐུན་མིན་གྱི་རིག་གནས་སྔོག་འདོན་བྱས་ཏེ་དྲ་བ་འདི་མུ་མཐུད་དེ་བོད་ཕྱི་ནང་གཉིས་ནས་ལྟ་ཀློག་ཐུབ་པའི་ཁམས་གཙང་ཁོད་ཡངས་ཤིག་ཉར་རྒྱུར་ངས་འདི་ནས་རེ་བ་བྱེད་ཀྱིན་ཡོད། 

     མཇུག་མཐར་རྫ་སེལ་ཤུལ་དགོན་བྱང་ཆུབ་འོད་ཀྱི་དྲ་ཚིགས་དེ་རིང་ནས་མི་ཡུལ་དུ་འཁྲུངས་ཤིང་མི་ཡུལ་གྱི་ལས་དོན་རླབས་པོ་ཆེ་འགྲུབ་པའི་སྨོན་འདུན་གཙང་མས་མཚམས་སྦྱར་ཏེ་འདིར་འདུས་ཡོངས་ལ་སྐུ་བསོད་རླུང་རྟ་དར་ཞིང་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541973
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།