ཆོས་སྐྱོང་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར་ལས་སྤྲེའུ་དང་བྲག་སྲིན་མོ་ལ་བརྟེན་ནས་བོད་ཀྱི་མི་རྣམས་སྤེལ་བའི་མཛད་པ་བཞུགས་སོ།།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »ཆོས་སྐྱོང་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོ
ཆོས་སྐྱོང་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར་ལས་སྤྲེའུ་དང་བྲག་སྲིན་མོ་ལ་བརྟེན་ནས་བོད་ཀྱི་མི་རྣམས་སྤེལ་བའི་མཛད་པ་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-07-22ལྟ་ཀློག (1713)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅།།ཆོས་སྐྱོང་བའི་རྒྱལ་བོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར་ལས་སྤྲེའུ་དང་བྲག་སྲིན་མོ་ལ་བརྟེན་ནས་བོད་ཀྱི་མི་རྣམས་སྤེལ་བའི་མཛད་པ་བཞུགས་སོ།།

རྒྱལ་བོ་སྲོང་བཙན་སྒམ་པོ།

   ཨོཾ་མ་ཎི་པདྨེ་ཧཱུཾ།     

སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ།། 

ཕྱག་སྟོང་ཉོན་མོངས་སྐྱོབ་པའི་ཕྱག། 
སྤྱན་སྟོང་ཤེས་རབ་འོད་གསལ་བ།། 
འགྲོ་དོན་མཛད་ལ་ཕྱག་འཚལ་ལོ།།
   ལྷ་ཇོ་བོ་ཐུགས་རྗེ་ཆེན་པོའི་བཞུགས་གནས་ལྷ་ས་འཕྲུལ་སྣང་གི་གཏེར་ཆོས་འདི་ལ་གཉིས། མཛད་པའི་ལོ་རྒྱུས་ཀྱི་སྐོར་དང་། གསུང་སྒྲོས་མན་ངག་གི་སྐོར་རོ།། མཛད་པ་ལོ་རྒྱུས་ཀྱི་སྐོར་ལ་གཉིས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པའི་ལོ་རྒྱུས་དང་། སངས་རྒྱས་གཞན་གྱི་བསྟན་པ་ལ་མཛད་པའི་ལོ་རྒྱུས་སོ།། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པའི་ལོ་རྒྱུས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བཀའ་སྩལ་བ། བོད་ཁ་བ་ཅན་ཞེས་བྱ་བའི་རྒྱལ་ཁམས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུའི་ཞབས་ཀྱིས་མ་བཅགས། གསུང་གི་འོད་ཟེར་གྱིས་མ་ཁྱབ། ཐུགས་ཀྱིས་བྱིན་གྱིས་མ་རླབས་པ་དེ། བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འདུལ་བར་འགྱུར་བས། ཐོག་མར་འགྲོ་བ་མི་སྤེལ་ཏེ།  དེ་ནས་ཟང་ཟིང་དང་ཆོས་ཀྱི་སྦྱིན་པས་བསྡུས་ལ་དེ་དག་གི་རྒྱུད་སྨིན་པར་གྱིས་ཤིག དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། སངས་རྒྱས་སྣང་བ་མཐའ་ཡས་ལ་མཉན་ཏེ། རི་བོ་པོ་ཏ་ལའི་རྩེ་མོ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཁང་བར་བྱོན་ཏེ། བོད་ཁ་བ་ཅན་གྱི་གདུལ་བྱ་ལ་གཟིགས་པས། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་པར་ངན་སོང་ནས་ཐར་ས་མེད་པར་གཟིགས་ནས། ཕྱག་མཐིལ་གཡོན་པ་ལས་འོད་ཟེར་གཅིག་འཕྲོས་པས། སྤྲེའུ་བྱང་ཆུབ་བྱང་ཆུབ་སེམས་དཔའ་གཅིག་ཏུ་གྱུར་ཏེ་བོད་ཁ་བ་ཅན་གྱི་ནགས་ཁྲོད་དུ་འདུག་ནས་བསམ་གཏན་སྒོམ(༡༦༠ན)པར་བྱེད་དོ།།
     འཕགས་མ་སྒྲོལ་མས་ཀྱངཁ་བ་ཅན་དུ་མི་སྤེལ་བའི་ཆེད་དུ་བྲག་སྲིན་མོ་ཞིག་ཏུ་སྤྲུལ་ལོ།། དེའི་ཚེ་སྟོད་གཡའ་དང་གངས་ཀྱིབར་ན་གཅན་ཟན་དང་རི་དྭགས། བར་ནགས་དང་བྲག་གི་གསེབ་ན་སྤྲེའུ་དང་བྲག་སྲིན། སྨད་ཐང་དང་ཆུ་ལ་གླང་བོ་ཆེ་དང་བྱ་སྣ་ཚོགས་ཀྱིས་དབང་བྱས་ཏེ། སེམས་ཅན་མི་བྱ་བའི་མིང་ཡང་མེད་པ་ལ། དུས་ཅིག་གི་ཚེ་བྲག་སྲིན་མོ་ཅིག་འདོད་ཆགས་ཀྱིས་གདུང་པས་སྤྲེ་མོའི་ཆ་བྱད་དུ་བྱས་ཏེ། ཞག་བདུན་གྱི་བར་དུ་སྤྲེའུའི་དྲུང་དུ་འོངས་ནས།  འདོད་པ་སྤྱོད་ཅིག་པའི་བརྡ་བྱས་ཀྱང་། སྤྲེའུ་དེ་འདོད་པས་སེམས་གཡོས་པར་མ་གྱུར་ཏོ།། དེ་ནས་བྲག་སྲིན་མོ་དེས་ཡང་སྤྲེའུའི་གན་དུ་འོངས་ནས་སྨྲས་པ། བདག་ཁྱོད་དང་ཁྱིམ་ཐབས་བྱའོ།། སྤྲེའུས་སྨྲས་པ།  བདག་ཁྱོད་དང་ཁྱིམ་ཐབས་བྱར་མི་རུང་ངོ་།། བྲག་སྲིན་མོས་སྨྲས་པ། སྤྲེའུའི་རྒྱལ་བོ་བདག་ལ་དགོངས་ཤིང་གསོན། བདག་ནི་ལས་ཀྱི་དབང་གིས་སྲིན་པོར་སྐྱེས། འདོད་པའི་དབང་གིས་ཁྱོད་ལ་ཞེན་ཅིང་ཆགས། ཆགས་པའི་དབང་གིས་ཁྱོད་ལ་འཁོར་ཞིང་གསོལ། ཁྱོད་ཀྱིས་བདག་ལ་ཁྱིམ་ཐབས་མ་བྱས་ན། བདག་ནི་སྲིན་པོ་དག་དང་འགྲོགས་པར་བྱེད།།སྲིན་པོའི་ཕྲུ་གུ་དཔག་མེད་སྐྱེས་གྱུར་ན།། ནང་མ་རེ་ལ་སྲོག་ཆགས་སྟོང་སྟོང་ཟ།། ཉི་མ་རེ་ལ་སྲོག་ཆགས་ཁྲི་ཁྲི་གསོད།། ཁ་བ་ཅན་གྱི་ཡུལ་ཕྱོགས་འདི་དག་ཉིད།། སྲིན་པོའི་རང་བཞིན་ཅན་དུ་གྱུར་ནས་ཀྱང་།། སྲོག་ཆགས་གཞན་དག་སྲིན་པོས་ཟ་བར་འགྱུར།། བདག་ནི་ལས་ཀྱིདབང་གིས་ཤི་ནས་ཀྱང་།། སེམས་ཅན་དམྱལ་བ་ཆེན་པོས་གནས་སུ་ལྷུང་།། དེ་ཕྱིར་བདག་ལ་དགོངས་ཏེ་ཐུགས་རྗེས་ཟུངས།། དེ་ནས་སྤྲེའུ་དེས་ཆགས་པ་སྙིང་རྗེས་ཀུན་ནས་བསླངས་ཏེ། འཕགས་པ་ལ་གསོལ་བ་བཏབ་པ། ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན།། བདུད་ཀྱི་རིགས་ཀྱི་སྲིན་མོ་ཆགས་ཅན་ཞིག། བདག་ལ་མཐོ་འཚམ་བར་ཆད་བྱེད་དུ་བྱུང་།། དེ༼༡༦༠བ༽ལ་བདག་གིས་ཇི་ལྟར་བགྱི་བ་སྩོལ།། འཕགས་པས་བཀའ་སྩལ་བ། བྲག་སྲིན་མོ་དང་ཁྱིམ་ཐབས་ཀྱིས་ཤིག  ཁྱོད་ཀྱི་བུ་ཚ་རིགས་རྒྱུད་འཕེལ་ཏེ། མཐར་མིར་གྱུར་ནས་ཆོས་ཀྱི་རྟེན་དུ་འགྱུར་རོ།། 


     དེ་ནས་སྤྲེའུ་དེས་འཕགས་པའི་བཀའ་ལས་མཉན་ཏེ། སྲིན་མོ་དང་ཁྱིམ་ཐབས་བྱས་པས་རིགས་དྲུག་ལས་ཚེ་འཕོས་པའི་བུ་དྲུག་བཙས་ཏེ། གཅིག་ལྷ་ལས་ཚེ་འཕོས་པས་དལ་བ་གཡུང་བ་དང་རྒྱུད་འཇམ་པ། གཅིག་ལྷ་མ་ཡིན་ལས་ཚེ་འཕོས་པས་ཁོང་ཁྲོ་ཆེ་བ་རྩུབ་པ། གཅིག་མི་ལས་ཚེ་འཕོས་པས་འདོད་པ་དང་སྲེད་པ་ཆེ་བ། གཅིག་དུད་འགྲོ་ལས་ཚེ་འཕོས་པས་གོ་བ་དང་ཤེས་རིག་ཆུང་བ། གཅིག་ཡི་དྭགས་ལས་ཚེ་འཕོས་པས་ལྟོ་ལ་ངན་པ་སེར་སྣ་ཆེ་བ། གཅིག་དམྱལ་བ་ལས་ཚེ་འཕོས་པས་གཏུམ་པ། སྡུག་སྲན་ཆེ་བ་ཅིག་བྱུང་། བུ་དེ་རྣམས་ཀྱང་ཕ་སྤྲེའུ་ཡིན་པས་ལུས་སྤུས་གང་བ། གདོང་དམར་བ། མ་བྲག་སྲིན་མོ་ཡིན་པས་མཇུག་མ་མེད་པ་ཤ་ཁྲག་ལ་དགའ་བ། སྐྲ་ཡོད་པ་སྨྲ་ཤེས་པ། ཕ་སྤྲེའུ་དེས་བུ་རྣམས་ལྷོ་ཕྱོགས་ཀྱི་ནགས་རྨ་བྱ་ཚོགས་ཅན་ཞེས་བྱ་བར་སྤྲེའུ་ཡོད་པའི་ཟླ་ལ་བསྐྱལ་ཏེ། རིང་ཞིག་ལོན་ནས་བལྟར་ཕྱིན་ཙ་ན། སྤྲེའུ་ཡང་མ་ཡིན། མི་ཡང་མ་ཡིན་པ་མང་དུ་འཕེལ་ནས་འདུག་གོ། དེ་རྣམས་ཀྱང་ཁ་ཅིག་ནི་ཕའི་རིགས་སུ་གྱུར་ཏེ། དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཆེ་བ། དགེ་བའི་རྩ་བ་ཆུང་དུས་མི་ངོམས་པ། བྱང་ཆུབ་སེམས་དཔའི་རིགས་ཅན་དུ་གྱུར་ཏོ།། ཁ་ཅིག་ནི་མའི་རིགས་སུ་གྱུར་ཏེ། སྲོག་གཅོད་དང་ཤ་ཁྲག་ལ་དགའ་བ། ལུས་སྟོབས་དང་སྙིང་སྟོབས་ཆེ་བ། རྐང་ལག་གིས་འདུག་མི་ཚུགས་པ་གནོད་སྦྱིན་ཤ་ཟའི་རིགས་སུ་གྱུར་ཏོ།། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྤྲེའུ་ལ་ནོར་བུ་དང་འབྲུ་སྣ་ལྔ་གནང་སྟེ། ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ཀྱི་ཟས་སྐལ་གྱིས་ཤིག ཁྱོད་ཀྱི་རིགས་རྒྱུད་རྣམས་མིར་གྱུར་༼༡༦༡ན༽པའི་ཚེ། མཐར་རིན་པོ་ཆེ་གསེར་དངུལ་ལ་སོགས་པས་ཀྱང་འཚོ་ཞིང་། རིན་པོ་ཆེའི་འབྱུང་ཁུངས་ཀྱང་དུས་སུ་ཁ་འབྱེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏེ། ས་གཞི་རིན་པོ་ཆེའི་འབྱུང་ཁུངས་སུ་བྱིན་གྱིས་རླབས་སོ།། དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་བོད་ཁ་བ་ཅན་གྱི་ཡུལ་དབུས་སུ་འབྲུ་དེ་དག་བཏབ་ནས་སྨིན་པ་དང་། སྤྲེ་ཕྲུག་རྣམས་བཀུག་ནས་འདི་ལ་ཟོ་དང་སྨྲོས་པས། ཡུལ་དེ་ལ་ཟོ་ཐང་དུ་གྲགས་སོ།། དེ་དག་ནི་ཟང་ཟིང་གིས་བསྡུས་པའོ།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་གཡས་པའི་མཐིལ་ནས་འོད་ཟེར་སྤྲོས་པ་ལས། འོད་ཟེར་དེ་ཁྱེའུ་མཚན་དང་དཔེ་བྱད་དུ་ལྡན་པ་ཅིག་ཏུ་གྱུར་ནས། སྤྲེ་ཕྲུག་རྣམས་ཀྱི་ཁྲོད་དུ་ཕྱིན་པ་དང་དེ་དག་གིས་སྨྲས་པ། ཁྱོད་ཀྱི་གཟུགས་མཛེས་པ་འདི་ཅི་ལས་བྱུང་། ཁྱེའུས་སྨྲས་པ། བདག་གི་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་སྤྱད་པ་ལས་བྱུང་ངོ་།། དེ་དག་གིས་སྨྲས་པ། ཁྱོད་ཀྱི་དེ་བདག་ཅག་རྣམས་ལ་ཡང་སློབས་ཤིག ཁྱེའུ་དེས་དེ་དག་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་མི་དགེ་བ་བཅུ་སྤྱད་ན། ངན་འགྲོ་ལོག་པར་ལྟུང་ཞིང་དེ་ལས་བཟློག་སྟེ། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་དགེ་བ་བཅུ་སྤྱད་པས་བདེ་འགྲོ་མཐོ་རས་ཀྱི་མི་རྣམས་དང་སྐལ་བ་མཉམ་པར་འགྱུར་རོ་ཞེས་ཆོས་བསྟན་ཏེ་དེ་དག་གིས་ཀྱང་། དེ་བཞིན་དུ་བྱས་པས་རིམ་གྱིས་མི་ལས་བཟང་བོར་གྱུར་ཏེ། དེ་དག་ནི་ཆོས་ཀྱིས་བསྡུས་པའོ།། སྤྲེའུ་དང་བྲག་སྲིན་མོ་ལ་བརྟེན་ནས་བོད་ཀྱི་མི་རྣམས་སྤེལ་བའི་མཛད་པའོ།།  །།  

 བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་མཛད་པ།
    དེའི་ཚེ་བོད་ན་རྗེ་འབངས་ཀྱི་རྣམ་དབྱེ་མེད་པས། ཤཱཀྱའི་རིགས་ལ་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙ་བྱི་དང་། ཤཱཀྱ་རི་བྲགས་པ་དང་གསུམ་ལས། ཐ་མ་ལ་རྒྱལ་བོ་སྐྱབས་སེང་ཞེས་བྱ་བའི་བུ་ཆུང་བ་ཅིག་དཔུང་གི་ཚོགས་དང་བཅས་པ་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས། བོད་ཡུལ་དུ་སླེབས་ནས་ཡར༼༡༦༡བ༽ལུང་ལྷ་རི་རོལ་བའི་རྩེ་ནས། ལྷ་སྐས་ལས་ཙན་དན་སྒོ་བཞིར་བབས་པ་དང་། གནམ་ནས་འོང་བའི་བཙན་པ་ཅིག་འདུག་པས་རང་ཅག་རྣམས་ཀྱི་རྗེར་ཞུའོ་ཟེར་ནས་གཉའ་བར་ཁྲི་ལ་བཏེག་སྟེ་རྒྱལ་བོར་བཀུར་བས་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ།། བོད་ཀྱི་རྒྱལ་བོ་ལ་སྔ་བ་དེ་ཡིན་ནོ།།  དེའི་བརྒྱུད་པ་རིམ་པ་བཞིན་དུ། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབས་ཁྲི་བཙན་པོ་སྟེ་གནམ་ལ་ཁྲི་བདུན་ནོ།། དེའི་སྲས་གྲི་གུམ་བཙན་པོ། དེའི་སྲས་པུ་དེ་གུང་རྒྱལ་ཏེ། སྟོད་ཀྱི་སྟེངས་གཉིས་སོ།། དེ་ནས་ཨི་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོམ་ཤོར་ལེགས། ཤེར་ལེགས་ཏེ་ལེགས་དྲུག་གོ། 
     དེ་ནས་ཟིན་མ་ཟིན་ལྡེ། ལྡེ་འཕྲུལ་ནམགཞུང་བཙན། སེ་སྣོལ་ནམ་ལྡེ། སེ་སྣོལ་བོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་བོ། ལྡེ་རྒྱལ་བོ། ལྡེ་སྲིན་བཙན་ཏེ། ས་ལ་ལྡེ་བརྒྱད་དོ།། དེ་ནས་རྒྱལ་བོ་ཏོ་རེ་ལོང་བཙན། ཁྲི་བཙན་ནམ། ཁྲི་དགྲ་དཔུང་བཙན། ཁྲི་ཐོག་རྗེ་ཐོག་བཙན། ལྷ་ཐོ་ཐོ་རིའི་གཉན་བཙན་ཏེ་བཙན་ལྔའོ།། རྒྱལ་བོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་རིན་པོ་ཆེའི་གའུ་ཁ་སྦྱར་གྱི་ནང་དུ། ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་ཅིག་དང་། བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་ཅིག་དང་། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང་། སྤང་སྐོང་ཕྱག་བརྒྱ་བ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་། དགེ་བ་བཅུའི་མདོ་དང་བཅས་པ་བཅུག་ནས་ཉི་མའི་ཟེར་དང་འགྲོགས་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་། ད་སྟེ་གདུང་རབས་ལྔ་བ་ནས་འདིའི་དོན་ཤེས་པརའགྱུར་རོ་ཞེས་ནམ་མཁའ་ནས་སྒྲ་བྱུང་ངོ་།། དེ་རྒྱལ་བོས་ཁ་ཕྱེ་བས་ཆོས་དང་བོན་གང་ཡིན་མ་མཁྱེན་ཡང་། ངོ་མཚར༼༡༦༢ན༽བར་གཟིགས་ནས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། འཁོར་དང་བཅས་པའི་ཕྱག་འཚལ། མཚན་མོ་མར་མེ་ཕུལ། ཉིན་རེ་བཞིན་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད། མཚན་གཉེན་པོ་གསང་བ་ཞེས་བྱ་བར་བཏགས་སོ།། དེ་ལ་མཆོད་པའི་བྱིན་རླབས་ཀྱིས་རྒྱལ་བོ་བགྲེས་པ་སྐུ་གཞོན་ནུར་གྱུར་ཏེ། དགུང་ལོ་བརྒྱ་ཉི་ཤུ་ཐུབ་བོ།། ཞལ་ཆེམས་ལ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ལུས་སེམས་ལ་བདེ་སྡུག་ཅི་བྱུང་ཡང་། ངའི་གཉན་པོ་གསང་བ་ལ་མཆོད་པ་ཕུལ་ལ་གསོལ་བ་ཐོབ་ཅིག་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་གསུངས་ཏེ། རྒྱལ་བོ་འདིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ། འཕགས་པ་ཀུན་ཏུ་བཟང་བོའི་སྤྲུལ་བར་གྲགས་སོ།། བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་མཛད་པའོོ།།  །།


རྩོམ་ཡིག་ཕབ་བཤུ་བ།   སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན།  



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870603
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号