བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་གཉིས་པ༽
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་གཉིས་པ༽
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་གཉིས་པ༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-07-06ལྟ་ཀློག (7036)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་གཉིས་པ༽

ཡིག་མཁན། ཨ་བུ་འབྲོང་།


༣ འཛམ་གླིང་དུ་མ་རྐང་མཐུན་གཉེར་ཁང་ཞེས་པ་ཇི་ལྟར་དར་བའི་ལོ་རྒྱུས་དང་དེ་དག་གི་ནུས་པ་བཤད་པ།

  སྤྱིར་བཤད་ཚུལ་མང་བོ་ཞིག་ཡོད་མོད་ཡོངས་གྲགས་སུ་འཛམ་གླིང་དུ་ཐོག་མར་དར་བ་ནི་མ་རྐང་ཚད་ཡོད་ལམ་ལུགས་ཀྱི་མཐུན་གཉེར་ཁང་རེད། མ་རྐང་ལམ་ལུགས་ཞེས་པ་ནི་རྒྱ་སྐད་ཀྱིས་(股份制)ཞེས་པ་དེ་ཡིན་ཞིང་། ཡིན་རྒྱུ་ནི་མ་རྐང་མང་བོ་ཕྱོགས་ཕྱོགས་ནས་བསྡུ་རུབ་བྱས་ཏེ་མི་མང་བོའི་སྟོབས་ཤུགས་དང་རྒྱུ་ནོར་གྱི་སྟོབས་ཤུགས། བསམ་བློའི་སྟོབས་ཤུགས་སོགས་ཚང་མ་མཉམ་དུ་བཀོལ་ནས་འགྲོ་བ་མིའི་རིགས་སམ་རང་གི་རྒྱལ་ཁབ། རང་གི་ས་གནས་དང་བཅས་པ་གཅིག་གྱུར་ངང་འཕེལ་རྒྱས་གཏོང་བའི་ལམ་ལུགས་ཞིག་ཡིན། དེ་ན་འཛམ་གླིང་གི་མ་རྐང་ལམ་ལུགས་འདི་དུས་ནམ་ཞིག་ལ་དར་བ་རེད་ཅེ་ན།  ཆེས་སྔ་བ་ནི་སྤྱི་ལོ་༡༥༨༥ལོར་གསར་དུ་བཙུགས་པའི་དབྱིན་ཇིའི་༼ཤར་རྒྱ་གར་མཐུན་གཉེར་ཁང་༽ཞེས་པ་དེ་ཡིན་པར་བཤད།༼ འདི་ནི་ཡོངས་གྲགས་ལྟར་བཤད་པ་ལས་ཐག་ཆོད་མ་ཡིན་ཏེ་དེའི་ཡར་སྔོན་དུའང་མིང་དུ་མ་གྲགས་པའི་མཐུན་གཉེར་ཁང་གཞན་པ་ཡོད་སྲིད་དོ་ཟེར་རོ། །༽

  མཐུན་གཉེར་ཁང་དེ་ཅིའི་ཕྱིར་བཙུགས་པ་རེད་ཟེར་ན། སྤྱི་ལོ་༡༥༩༩ལོར་དབྱིན་ཇིའི་རྒྱལ་ཁབ་ཀྱི་རྒྱལ་ས་ལོན་ཏོན་ན་ཕོ་བ་རིས་༼རྒྱ་སྐད་ཀྱིས་(胡椒)ཟེར།༽ཞེེས་པའི་བྲོ་རྫས་དེ་ཧ་ཅང་གི་རྒྱུག་ཆེ། དེ་བས་ཧི་ལན་ཏྲི་རྒྱལ་ཁབ་ཀྱིས་ཕོ་བ་རིས་ཀྱི་ཚོང་རྫས་དེ་ཁོ་རང་ཚོས་སྒེར་བདག་དང་དབང་འཛིན་བྱས་ཤིང་རིན་གོང་ཇེ་མཐོར་བཏང་། སྐབས་དེར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ན་ཕོ་བ་རིས་རྒྱ་མ་གང་ལ་ཨིན་སྒོར་༣རེ་ཡིན་ནའང་ཧི་ལན་པ་ཚོས་ཚོང་གི་ཐབས་ཇུས་སྣ་ཚོགས་ལ་བརྟེན་ནས་ཕོ་བ་རིས་རྒྱ་གང་གི་རིན་གོང་དེ་གློ་བུར་ཨིན་སྒོར་༨ལ་འཕར། འདི་ནི་དབྱིན་ཇི་ལ་མཚོན་ན། རང་གི་རྒྱལ་ས་ནས་ཚོང་གི་ཁེ་དབང་གཞན་གྱིས་དབང་འཛིན་བྱས་པ་ཞིག་ཡིན་ནའང་། མི་དམངས་ལ་མི་ཉོ་རང་དབང་མེད་དེ། ཁོ་ཚོ་ཕོ་བ་རིས་ཀྱི་བྲོ་རྫས་ལ་གོམས་ཤིང་ལོབས་ཡོད་པ་དང་། དེ་མེད་ན་ཟ་མར་བྲོ་བ་ཅི་ཡང་མེད་པ་ལྟ་བུར་ཆགས་ཡོད་པས་སྔར་ལྟར་ཉོ་བཞིན་བསྡད།  ཐབས་ཤིག་ཡོད་པ་ནི་དེ་ལ་ངོ་རྒོལ་དང་འགྲན་རྩོད་བྱ་རྒྱུ་དེ་རེད་མོད། ཡིན་ནའང་དབྱིན་ཇིའི་མི་དམངས་ཀྱིས་དེར་འགྲན་རྩོད་བྱེད་མི་ཐུབ་ལ་སྲིད་གཞུང་གིས་ཀྱང་མི་ཐུབ། ཐབས་ཉག་ཅིག་ཡོད་པ་ནི་ཡིན་གཅིག་མིན་གཉིས་ཀྱིས་མཐུན་གཉེར་ཁང་བཙུགས་ཏེ་ཁོ་ཚོར་འགྲན་རྩོད་བྱས་ནས་རང་གི་ཚོང་ར་རང་གིས་དབང་བསྒྱུར་རྒྱུ་དེ་རེད། དེ་བས་དབྱིན་ཇི་གཞུང་གི་སྤྱི་ཁྱབ་ཆེན་མོ་ཞིག་གིས་གོང་གི་ཧི་ལན་ཏྲིའི་ཚོང་རའི་དབང་སྒྱུར་ལ་ཡིད་མི་རངས་པ་དང་ཁོང་ཁྲོ་ལངས་པ། དེ་ཉིད་དབྱིན་ཇི་ལ་གཉའ་གནོན་དུ་ལྟ་ཤིང་དེ་ལ་ངེས་པར་ངོ་རྒོལ་བྱ་དགོས་པར་འདོད་པའི་སྒེར་གྱི་ཁེ་ལས་པ་༨༠བསྡུས་ཏེ་ང་ཚོ་མི་གཅིག་གིས་ངོ་རྒོལ་བྱེད་པ་ནི་ཧ་ཅང་དཀའ་མོད། མི་མང་གིས་ལྷན་དུ་འགྲན་རྩོད་བྱེད་པ་ནི་སླའོ། །  རྒྱལ་ཁབ་གཞུང་གིས་ཀྱང་ཁྱེད་ཅག་ལ་རྒྱབ་སྐྱོར་བྱའོ་ཞེས་སྐུལ་མ་བྱས་པ་བཞིན། ཚོང་བ་ཚང་མས་མཉམ་རུབ་སྒོས་མ་དངུལ་བསྡུས་ཏེ་མ་རྐང་ཚད་ཡོད་ལམ་ལུགས་ཀྱི་མཐུན་གཉེར་ཁང་ཞིག་བཙུགས་ཤིང་མིང་ལ་༼དབྱིན་ཇིའི་ཤར་རྒྱ་གར་མཐུན་གཉེར་ཁང་༽ཞེས་བཏགས། དུས་དེར་མ་རྐང་བསྡུ་རུབ་ལ་སྐབས་དེའི་དབྱིན་ཇིའི་སྒོར་མོ་༧༢༠༠༠འཛོམས་ཤིང་དེ་ཉིད་དེང་གི་ཨ་སྒོར་ལ་བཀུག་ན་ཨ་སྒོར་༣༥༠༠༠༠༠༠རིན་ཐང་ཡོད་འདུག་ཟེར། དེ་ནས་མ་རྐང་འདི་བཟུང་ནས་མཚོ་གྲུར་བསྡད་དེ་རྒྱ་མཚོའི་ཕ་རོལ་དུ་ཚོང་གཉེར་ལ་སོང་། དེར་འགྲོ་དོན་ནི་ལོན་ཏོན་གྱི་ཚོང་ར་ཡོད་ཚད་གཞན་གྱིས་དབང་སྒྱུར་བྱས་པས་དེར་ཚོང་ལས་གཉེར་བའི་གནས་མེད་ལ། ཐོག་དང་བོར་ས་ཆ་གཞན་དུ་སོང་ནས་ཚོང་ལས་ཀྱི་གཞི་རྒྱ་བསྐྱེད་ཅིང་རིམ་ཀྱིས་ཕ་རོལ་བོ་རྣམས་དབང་དུ་བསྒྱུར་བའི་འཆར་གཞི་ཡིན། སྐབས་དེར་ཧི་ལན་ཏྲིའི་ཚོང་གྲུ་ཆེན་མོའང་མཚོ་འགག་གི་ཕར་ཚུར་དུ་བགྲོད་ཀྱིན་ཡོད་ལ་ད་བར་དུ་ཁོ་ཚོ་ལས་བགྲོད་མཁན་སུ་ཡང་མེད། ཡིན་ནའང་དབྱིན་ཇིིའི་ཤར་རྒྱ་གར་མཐུན་གཉེར་ཁང་གི་ཚོང་ལས་ཀྱི་ཡོ་ལང་དྲག་པོ་དེས་ཁོ་ཚོར་གནོན་ཤུགས་ཆེན་པོ་སྤྲད་པར་མ་ཟད་རིམ་གྱིས་ལོན་ཏོན་ཡང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པར་གྱུར།

    སྐབས་འདིའི་ཤར་རྒྱ་གར་ཞེས་པ་ནི་དེང་གི་བྱང་ཨ་མེ་རི་ཀའི་ཕྱོགས་དེ་ལ་གོ  དེ་ལ་ཅིའི་ཕྱིར་ཤར་རྒྱ་གར་ཞེས་འབོད་པ་ཡིན་ཞེ་ན། སྔོན་འཛམ་གླིང་གི་ས་ཆ་མང་བོར་ཞིབ་འཇུག་བྱེད་མཁན་གྱི་མི་གྲགས་ཅན་ཞིག་ཡོད་པ་དེ་ཐོག་དང་བོར་མཚོ་གྲུར་བསྡད་ནས་འཛམ་གླིང་གི་གླིང་ཕྲན་ཧ་ཅང་མང་བོར་ཉུལ། ཁོང་གི་མིང་ལ་ཀི་ལོང་པུས་ཟེར་ཞིང་། སྤྱི་ལོ་༡༤༩༢ལོའི་ཟླ་༨པར་ཁོང་ཡོ་རོབ་གླིང་ནས་མཚོ་གྲུར་བསྡད་དེ་ལམ་ལ་ཆས་ཤིང་། ཟླ་༡༠བའི་ཚེས་༡༢ཉིན་དེང་གི་བྱང་ཨ་མེ་རི་ཀའི་ས་ཆར་ཐོན། ས་དེ་ནས་ཁོང་གིས་གླིང་ཕྲན་མང་བོ་རྙེད་པར་མ་ཟད་དེར་ས་སྟོང་མང་ཞིང་གཏེར་ཁ་སྣ་ཚོགས་ཡོད་པ་ཤེས། དེ་བས་ཁོང་གིས་གླིང་ཕྲན་དེ་དག་ནི་ཤར་རྒྱ་གར་དུ་ངོས་འཛིན་བྱས་ཤིང་མི་མང་བོར་བསྒྲགས། སྤྱིར་འདི་ནི་ངོས་འཛིན་ནོར་བ་ཞིག་ཡིན་ནའང་དུས་དེ་ནས་བཟུང་ཡུལ་དུས་དེའི་མི་རྣམས་ཀྱིས་ཡུལ་དེར་ཤར་རྒྱ་གར་ཞེས་འབོད་པ་ཡིན་ནོ། ། དེ་ཡང་ཁག་མེད་དེ་གནའ་སྔ་མོར་རྒྱ་གར་ནི་ཆབ་སྲིད་དང་རིག་གནས་གང་གི་ཆ་ནས་ཀྱང་འཛམ་གླིང་ན་ཧ་ཅང་གཞི་རྒྱ་ཆེ་ཞིང་སྐད་གྲགས་ཆེ་བའི་དུས་ཡིན་པས་སྐབས་དེའི་མི་རྣམས་ཀྱི་སྣང་ངོར་རྒྱ་གར་ཞེས་པ་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། སྔོན་ང་ཚོར་ས་མགོ་ལོག་དང་གནམ་མགོ་ལོག་ཅེས་འབོད་པ་ལྟར། སྐབས་དེར་རྒྱ་གར་ཡང་ས་རྒྱ་གར་དང་གནམ་རྒྱ་གར། ནུབ་རྒྱ་གར་དང་ཤར་རྒྱ་གར་ཡིན་པ་ལྟ་བའི་འདུ་ཤེས་ཆགས་ཡོད་ལ་ཤར་རྒྱ་གར་མཐུན་གཉེར་ཁང་ཞེས་པའི་མིང་གི་བཏགས་དོན་ཡང་དེ་ལ་ཐུག་ཡོད་དོ། ། དེའི་རྒྱུ་མཚན་གྱིས་ད་ལྟ་འཛམ་གླིང་ན་ཀི་ལུང་པུས་ཀྱི་དུས་ཆེན་ཟེར་བ་ཞིག་ཡོད་པ་དེའང་ཟླ༡༠བའི་ཚེས་༡༢ཉིན་ཏེ་ཁོང་ཤར་གྱི་གླིང་ཕྲན་ལ་ཐོག་དང་བོར་ཐོན་པའི་ཉིན་མོ་ཡིན་ལ་དེ་ནི་ཁོང་གིས་དཔལ་འབྱོར་དར་རྒྱས་ཀྱི་ལམ་བུ་དང་ས་རྒྱ་འཚོལ་བ་སོགས་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་ཡིན་ནོ། །

     འཕྲོས་དོན་ཅུང་ཟད་བཤད་ནས་དཀྱུས་ལ་འཇུག་པ་ནི། མདོར་ན་དབྱིན་ཇའི་ཤར་རྒྱ་གར་གྱི་མཐུན་གཉེར་ཁང་དེ་རྒྱ་མཚོ་ཆེན་མོར་བསྐྱོད་པ་ནས་ཧི་ལན་ཏྲིའི་ཚོང་ཚོགས་ཀྱིས་ཡང་བསྐྱར་རང་ཉིད་དབྱིན་ཇིས་དབང་སྒྱུར་ལ་གཡོལ་ཆེད་ཚོང་ལས་རྒྱ་བསྐྱེད་ཀྱི་འཆར་གཞི་འཐེན་དགོས་བྱུང་ཞིང་། ཁོ་ཚོའི་གྲོས་ཚོགས་ཆེན་མོའི་གྲོས་དཔོན་གྱིས་དབུ་མཛད་དེ་ཧི་ལན་ཏྲིའི་མཐུན་གཉེར་ཁང་ཆེན་མོ་དྲུག་ཕྱོགས་གཅིག་ལ་བསྡུས་ཤིང་༼ཧི་ལན་ཏྲིའི་ཤར་རྒྱ་གར་མཐུན་གཉེར་ཁང་༽ཞེས་པ་གསར་དུ་བཙུགས། དེ་ལ་མ་དངུལ་ཤིན་ཏུ་འབོར་ཆེན་བསྡུ་རུབ་བྱས་པ་ནི། སྔོན་དབྱིན་ཇིས་ནི་ཚོང་བ་སོ་སོ་ནས་མ་རྐང་བསྡུ་རུབ་བྱས་པ་ཡིན་ལ། སྐབས་འདིར་དེ་ལས་རྣམ་པར་རྒྱལ་ཆེད་ཧི་ལན་ཏྲིའི་གྲོང་ཁྱེར་གྱི་མི་ཡོད་ཚད་ཀྱིས་མ་རྐང་གཞག་ཆོག་པར་བྱས་ཏེ་རྐང་སྐལ་ལམ་ལུགས་ཀྱི་མཐུན་གཉེར་ཁང་བཙུགས་ཤིང་དེའི་ནང་དུ་ཞུགས་མཁན་ཀྱི་མི་རེ་རེར་རྐང་འཛིན་བྱིན། ༼རྐང་འཛིན་ཞེས་པ་ནི་རྐང་སྐལ་གྱི་འཛིན་ཡིག་སྟེ་རྐང་དངུལ་གྱི་ཐོབ་ཐང་འཛིན་ཡིག་ཡིན་ལ་རྒྱ་སྐད་ཀྱིས་(股票)ཟེར་བ་དེ་ཡིན། དེས་སྒོར་མོའི་གོ་ཆོད་ཅིང་ཚོགས་མི་རྣམས་ཀྱིས་དེ་ཉིད་སྒོར་མོའི་ཚབ་ཏུ་བཀོལ་སྤྱོད་བྱ་ཆོག་པ་དེ་འདྲ་ཡིན།༽དེའི་རྒྱུ་མཚན་གྱིས་ཧི་ལན་ཏྲིའི་མང་ཚོགས་ཧ་ཅང་མང་བོ་ལམ་ལུགས་དེའི་ནང་དུ་ཞུགས་ཤིང་ཁོ་ཚོའི་རྐང་འཛིན་དེ་ཁྲོམ་ར་ལ་འགྲེམ་སྤེལ་བྱས། ༼འདི་ལ་དེང་རབས་བོད་སྐད་དུ་ཁྲོམ་འགྲེམ་ཟེར་ཞིང་། རྒྱ་སྐད་དུ་(上市)ཟེར་བ་དེ་རེད།༽ སྐབས་དེར་རྐང་དངུལ་འཇོག་མཁན་གྱི་རྐང་མི་༡༡༤༣ཡོད་ཅིང་། དེའི་ནང་དུ་གྲོང་ཁྱེར་ནང་གི་ཚོང་བ་དང་ལས་བཟོ་བ། གྲུ་བ་དང་འཕྲུལ་ལས་ལག་རྩལ་བ། ད་དུང་གྲོང་ཁྱེར་གྱི་མགོ་བའི་ཞལ་ཏ་མ་སོགས་ལས་རིགས་མི་གཅིག་པའི་མི་སྣ་མང་བོ་འཛོམས་ཡོད། དེ་བས་ཧི་ལན་ཏྲིའི་ཤར་རྒྱ་གར་མཐུན་གཉེར་ཁང་གི་རྐང་དངུལ་བསྡུ་རུབ་ཀྱི་ཚད་དེ་དབྱིན་ཇིའི་ཤར་རྒྱ་གར་མཐུན་གཉེར་ཁང་གི་རྐང་དངུལ་ལས་ལྡབ་བཅུས་མང་བར་གྱུར་ཅིང་། མང་ཚོགས་མང་བོ་མཉམ་དུ་རུབ་སྟེ་ཚོང་རྒྱ་ཆེན་པོ་བརྒྱབ་པས་ཧི་ལན་ཏྲིའི་རྒྱལ་ཁབ་དེ་གློ་བུར་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པར་གྱུར། དེར་མ་ཟད་མི་རེ་རེས་དཔལ་འབྱོར་ལ་དོ་སྣང་དང་མཐུན་གཉེར་གྱི་ལམ་ལུགས་ལ་མ་རྐང་འཇོག་པའི་འདུན་པ་སོགས་བསྐྱེད་སྲིང་བྱས་ཤིང་། མ་རྐང་འཇོག་པ་དང་མཐུན་གཉེར་གྱི་ལམ་ལུགས་ལ་ཞུགས་པ་ནི་ས་གནས་དང་མི་རིགས་སྤྱི་སོགས་ཡོད་ཚད་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ལམ་ལུགས་ཤིག་ཡིན་པར་ངེས་ཤེས་རྙེད་པར་གྱུར་ཏོ། །

       དེ་ནས་རིམ་གྱིས་རིམ་གྱིས་ཧི་ལན་ཏྲིའི་ཚོང་གྲུ་ཆེན་མོ་མང་བོ་ཞིག་རྒྱ་མཚོའི་ཕ་རོལ་བརྒལ་ཏེ་དེང་གི་བྱང་ཨ་མི་རི་ཀར་ས་ཆེན་པོ་བཟུང་ཞིང་མི་སེར་སྤེལ་ཡུལ་སོགས་བཙུགས། དེའི་དབང་གིས་དབྱིན་ཇིའི་ཤར་རྒྱ་གར་མཐུན་གཉེར་ཁང་གིས་ཀྱང་མ་དངུལ་གཞན་ལས་ཉུང་ནའང་རང་གི་ཚོང་ལས་དེ་ཧ་ཅང་རྒྱ་ཆེན་པོར་བསྐྱེད་པས། སྤྱི་ལོ་༡༦༠༩ལོར་དབྱིན་ཇིའི་རྒྱལ་མོའི་རྒྱབ་སྐྱོར་འོག་མཐུན་གཉེར་ཁང་དག་ལ་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲད། ཐོབ་ཐང་ཅི་ཞིག་སྤྲད་ཅེ་ན། དབྱིན་ཇིའི་རྒྱལ་ཁོངས་ཀྱི་མཐུན་གཉེར་ཁང་ཞིག་ཡིན་ཕྱིན་བཀག་འགོག་ཅི་ཡང་མེད་པར་ས་གང་དུའང་ཚོང་ལས་གཉེར་ཆོག་པར་བྱས་ཤིང་། ཐ་ན་དུས་ཚོད་ཀྱི་ཚད་བཀག་ཀྱང་མེད་པའི་ཐོབ་ཐང་སྟེ་དེང་གི་སྐད་དུ་ཆེད་ཕན་༼རྒྱ་སྐད་ཀྱིས་(专利)ཟེར།༽གྱི་ཐོབ་ཐང་སྤྲད། དེའི་རྗེས་སུ་སྤྱི་ལོ་༡༦༧༠ལོར་དབྱིན་ཇིའི་རྒྱལ་བོ་ཐྲ་ལིས་ཀྱིས་ཁེ་ལས་དར་རྒྱས་གོང་འཕེལ་དུ་སོང་ན་རྒྱལ་ཁབ་ལ་སྟོབས་འབྱོར་ཆེ་ཞིང་ཁེ་ལས་མ་དར་ན་རྒྱལ་ཁབ་ཀྱང་དར་རྒྱས་མི་འོང་བར་དགོངས་ཏེ་དབྱིན་ཇིའི་ཤར་རྒྱ་གར་མཐུན་གཉེར་ཁང་ལ་ཐུན་མོང་མ་ཡིན་པའི་ཐོབ་ཐང་དང་ཁྲིམས་ཀྱི་ཁེ་དབང་ཆེན་མོ་ལྔ་སྤྲད་ཅིང་ཁེ་ལས་གཞན་རྣམས་ལ་སྔོན་དབྱིན་ཇིའི་རྒྱལ་མོའི་སྐབས་ཀྱི་ཆེད་ཕན་གྱི་ཐོབ་ཐང་དག་སྤྲད། ཡིན་ནའང་བསྟུད་མར་ལོ་གསུམ་གྱི་རིང་ལ་ཁེ་ལས་ལ་ཡོང་འབབ་ཅི་ཡང་མེད་པར་གྱོང་རེག་ཚེ་ཐོབ་ཐང་དེ་ཕྱིར་འཐེན་བྱ་རྒྱུ་བྱས། དེ་ན་ཤར་རྒྱ་གར་མཐུན་གཉེར་ཁང་ལ་སྤྲད་པའི་ཐོབ་ཐང་ལྔ་བོ་གང་དག་རེད་ཟེར་ན། ༡ རྒྱལ་ཁབ་ཀྱི་ཚབ་བྱས་ནས་ས་གང་དུའང་ས་ཆ་བཙན་བཟུང་དང་བདག་པོ་བརྒྱག་ཆོག་པ། ༢ རྒྱལ་ཁབ་ཀྱི་དངུལ་སྒོར་དཔར་ཆོག་པ། ༣ བཙན་རྫོང་དང་དམག་དཔུང་ལ་བཀོད་འདོམས་བྱ་ཆོག་པ། ༤ ས་གནས་དང་རྒྱལ་ཁབ་གཞན་ལ་མཛའ་མཐུན་གྱི་འབྲེལ་བ་འཛུགས་པ་དང་ཞི་བདེའི་ཆིངས་ཡིག་གཞག་ཆོག་པ། ༥ རང་གིས་བདག་བཟུང་བྱས་པའི་ས་ཆ་ནས་དམངས་དོན་དང་ཉེས་དོན་གྱི་ཞུ་གཏུག་གང་བྱུང་ཡང་འདྲི་གཅོད་བྱེད་པའི་ཁེ་དབང་ཡོད་པ་བཅས་འདི་ལྟ་བའི་ཐོབ་ཐང་ཆེན་པོ་ལྔ་སྤྲད། འདི་ནི་ཁེ་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། རྒྱལ་ཁབ་སྟོབས་འབྱོར་དང་ལྡན་པ། རྒྱབ་ཁབ་ཀྱིས་ག་ས་གང་དུ་ས་འཛིན་ཐུབ་པ་སོགས་དགོས་མཁོ་མང་བོ་ཞིག་ལ་དམིགས་པ་ཡིན་ནོ། །

    དེ་རྗེས་སྤྱི་ལོ་༡༨༨༠ལོར་མཐུན་གཉེར་ཁང་འདིས་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་དུས་ཚོད་ཐུང་ཐུང་ནང་དྲག་ཆས་དམག་དཔུང་རྩ་འཛུགས་བྱས་ཤིང་། སྐབས་དེར་དམག་མི་༣༠༠༠ལྷག་ཕྱི་ནས་གླས་ཏེ་གླ་ཕོགས་སྤྲད་ཅིང་དེའི་ཁར་རང་གི་རྒྱལ་ཁབ་ཀྱི་དམག་དཔུང་བསྣན་པས་ཁྱོན་བསྡོམས་སྐྱ་དམག་ཁྲི་༢དང་རྐང་དམག་ཁྲི་༥ཡོད་པར་གྱུར། དེ་ནས་དམག་དཔུང་ཁྲིད་དེ་རང་གི་རྒྱལ་ཁབ་དང་མི་རིགས་དར་རྒྱས་ཀྱི་ཆེད་དུ་ལམ་ལ་ཆས་ནས་ས་ཆ་མང་བོ་བཙན་འཕྲོག་བྱས་ཤིང་དབང་དུ་བསྡུས། འདི་དག་ནི་དཔལ་འབྱོར་གྱི་འཐབ་འཁྲུག་ཡིན་ལ་ཆབ་སྲིད་ཀྱི་འཐབ་འཁྲུག་ཀྱང་ཡིན། མདོར་ན་དུས་དེ་ནས་བཟུང་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་མགོ་བསླངས་ཤིང་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་ཡང་ཡ་ང་བ་བྱུང་ཡོད་དོ། ། འདི་དག་གི་རྐྱེན་པས་སྐབས་དེ་ལ་དབྱིན་ཇི་ནི་འཛམ་གླིང་གི་ཁྲོད་དུ་ཧ་ཅང་གི་སྟོབས་ཤུགས་དང་ལྡན་པར་གྱུར་ཅིང་། རྒྱལ་ཁབ་རྒྱ་བསྐྱེད་པའི་ཆེད་དུ་ཕྱོགས་སོ་སོར་བཙན་འཛུལ་བྱས་ཤིང་ས་ཆ་མང་བོ་བཙན་བཟུང་བྱས།  དེ་བས་ཀྲུང་གོའི་རྒྱལ་ཁབ་ལ་མཚོན་ནའང་དབྱིན་བཙན་རྒྱལ་རིང་ལུགས་པའི་འཇིགས་པ་མང་དུ་མྱོང་ཡོད་དེ། དཔེར་ན་པེ་ཅིན་གྱི་ཡོན་མེས་ཡན་གཏོར་བཅོམ་བྱེད་མཁན་ཡང་དབྱིན་ཇིའི་དམག་དཔུང་ཡིན་ནོ། །

        ཁྱད་པར་སྐབས་དེ་ཤེད་དུ་ཨ་མི་རི་ཀའི་ས་ཆ་བིར་ཅེས་ནེ་ཡ་(佛吉尼亚)༼ས་ཆ་འདི་ནི་ཧ་ཅང་གི་ས་ཆ་སྤྲོ་མོ་ཉམས་དགའ་བ་ཞིག་ཡིན་ཏེ། རྒྱལ་བོ་བཞུགས་ས་ནི་རི་བོ་ཤིན་ཏུ་མཐོ་བའི་སྤོ་ན་ཡོད་ཅིང་། ཕྱོགས་གཅིག་ཞིང་ས་སོགས་ཀྱིས་བརྒྱན་ལ་ཕྱོགས་གཞན་དེ་ནགས་ཚལ་གྱིས་བརྒྱན་པ།  རི་བོའི་ཤོད་དུ་གྲོང་ཁྱེར་ཆགས་ཡོད་པ་དེ་འདྲ་ཞིག་ཡིན། ས་ཆ་དེར་ང་སོང་མྱོང་ལ་དེ་རུ་བོད་ཀྱི་གསོ་རིག་གི་སློབ་གླིང་ཆེན་མོ་ཞིག་ཀྱང་ཡོད།༽རུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཐོག་དང་བོ་བཙུགས་ཤིང་ཨ་མི་རི་ཀའི་གླིང་ཆེན་གྱི་ཆུ་བོ་ཧྲ་ཅ་ཏཱའི་འགྲམ་དུ་གཏེར་གྱི་རི་བོ་ཧ་ཅང་ཆེན་པོ་ཞིག་བདག་བཟུང་བྱས། ཡིན་ནའང་ཕྱིས་སུ་གཞན་གྱིས་ཕྱིར་འཕྲོག  དེའི་རྒྱུ་མཚན་གྱིས་རྒྱལ་ས་ལོན་ཏོན་དུ་ཡང་བསྐྱར་མཐུན་གཉེར་ཁང་མང་བོ་མཉམ་དུ་འབྲེལ་ཏེ་ཚོང་ལས་ཚོགས་ཁག་༼རྒྱ་སྐད་ཀྱིས་(商业集团)ཟེར།༽བཙུགས་ཤིང་དེའི་སྟོབས་ཤུགས་ལ་བརྟེན་ནས་སྔར་གྱི་མི་སེར་སྤེལ་ཡུལ་དེ་གཏན་དུ་འཛིན་ཐུབ་པར་གྱུར། སྐབས་དེར་ཡང་ཧི་ལན་ཏྲིས་སྔར་གྱི་ཤར་རྒྱ་གར་མཐུན་གཉེར་ཁང་གི་སྟོབས་ཤུགས་ལ་བརྟེན་ནས་༼ནུབ་རྒྱ་གར་མཐུན་གཉེར་ཁང་༽ཞེས་པ་ཞིག་གསར་དུ་བཙིགས་ཏེ་བྱང་ཨ་མེ་རི་ཀའི་ཕྱོགས་ལ་དབང་བསྒྱུར་བའི་སྟ་གོན་བྱས་ཤིང་མེ་གླིང་དུ་སོང་ནས་མཱ་ཧ་ཏོན་ཞེས་པའི་གླིང་ཕྲན་དེ་བདག་ཏུ་འཛིན་པའི་འཆར་གཞི་འཐེན། སྐབས་དེར་ཡུལ་དེ་ལ་འཚོ་བ་རོལ་མཁན་ནི་ཨ་མེ་རི་ཀའི་གདོད་མའི་མི་རིགས་ཏེ་ཨིན་དིའི་མི(印第安人)ཡིན་ལ་མི་རིགས་ཧ་ཅང་དབུལ་བོ་ཡིན། དེ་བས་ཧི་ལན་ཏྲིའི་ནུབ་རྒྱ་གར་མཐུན་གཉེར་ཁང་གིས་གླིང་ཕྲན་དེར་དེང་གི་ཨ་རིའི་སྒོར་མོ་༢༤བྱིན་ནས་ཉོས་ཤིང་། དེའང་སྒོར་མོ་ངོ་མ་མ་སྟེར་བར་དེའི་རིན་དོད་ཀྱི་དངོས་པོ་བྱིན་ཏེ། མདོར་ན་ཨ་རིའི་སྒོར་མོ་༢༤རིན་གྱི་དངོས་པོ་དང་གླིང་ཕྲན་དེ་གཉིས་བརྗེས་པ་རེད། དཔེར་ན་དེང་སྐབས་རང་རེའི་ས་འདིར་ཁྱིམ་ཚང་གཅིག་གི་ཁ་གསོ་ཆེད་སྒོར་དུང་ཕྱུར་མང་བོའི་རིན་གྱི་གཏེར་ཁ་འཚོང་གིན་ཡོད་པ་དེ་ལྟ་བུ་རེད། ཡིན་ནའང་ཨ་སྒོར་༢༤དེ་དུས་སྐབས་དེར་མཚོན་ན་རིན་ཐང་ཆེན་པོ་ཡིན་པས་དེའི་རིན་གྱི་དངོས་པོའང་འབོར་ཆེན་ཞིག་ཡོད་ངེས་རེད། དེ་ནས་ཧི་ལན་ཏྲིས་གླིང་ཕྲན་དེ་ལ་ཁོ་རང་ཚོའི་རྒྱལ་ས་གསར་བ་ཞེས་མིང་བཏགས། ཡིན་ནའང་ཡུན་རིང་མ་འགོར་བར་དབྱིན་ཇིའི་ཤར་རྒྱ་གར་མཐུན་གཉེར་ཁང་གི་སྟོབས་འབྱོར་ཆེ་ཆེར་སོང་སྟེ་གླིང་ཕྲན་དེ་ཧི་ལན་ཏྲིའི་ལག་ནས་ཕྱིར་འཕྲོག་པར་མ་ཟད་དེ་ལ་ཉོས་ཡོག་(纽约)ཅེས་པའི་མིང་བཏགས་ཤིང་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གྱི་ལྟེ་གནས་སུ་གྱུར་ཡོད་པ་དེ་རེད།

    དེ་ལྟར་འདང་བརྒྱབ་ན་ངས་གོང་དུ་བཤད་པ་བཞིན་རྒྱལ་ཁབ་དང་མི་རིགས་གང་ལའང་དཔལ་འབྱོར་དང་རིག་གནས་གཉིས་ཀྱི་རྐང་བ་དེ་མེད་དུ་མི་རུང་བ་དང་ལྷག་ཏུ་དཔལ་འབྱོར་ལ་མཚོན་ན་མི་རིགས་གང་ཡིན་ཡང་མཐུན་གཉེར་ཁང་གི་ལམ་ལུགས་དེ་ངེས་པར་དང་ལེན་དང་ལག་བསྟར་བྱ་དགོས་པ་དེ་འདྲ་རེད།  རྒྱུ་མཚན་དེའི་དབང་གིས་སྤྱི་ལོ་༡༨༣༠ལོར་ཨ་མེ་རི་ཀ་ན་མཐུན་གཉེར་ཁང་༨༠༠༠ལ་ཉེ་བ་ཡོད་ཅིང་དེ་ནས་སྤྱི་ལོ་༡༨༦༠བར་ཏེ་ལོ་༣༠རིང་ལ་ཨ་མེ་རི་ཀར་མཐུན་གཉེར་ཁང་༢༥༠༠ལྷག་གིས་ཇེ་མང་དུ་སོང་ཡོད་འདུག  དེ་བས་ཨ་མེ་རི་ཀ་ནི་འཛམ་གླིང་སྟེང་གི་ཆེས་ཐོག་མའི་མཐུན་གཉེར་རང་བཞིན་གྱི་རྒྱལ་ཁབ་༼རྒྱ་སྐད་ཀྱིས་(公司化国家)ཟེར༽ ཡིན་ལ་དེའི་རྐྱེན་གྱིས་དེང་གི་སྐབས་འདིར་ཡང་ཨ་མེ་རི་ཀ་ནི་ད་རུང་འཛམ་གླིང་འཔལ་འབྱོར་གྱི་ལྟེ་གནས་དང་འཛམ་གླིང་གི་དཔལ་འབྱོར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཡིན་པ་དེ་འདྲ་རེད་དོ། །

   ངས་འདི་འདྲའི་མང་བོ་ཞིག་བཤད་དོན་ནི་མཐུན་གཉེར་ཁང་དང་མཉམ་སྒྲུབ་ཚོང་སྡེ། ཁེ་ལས་དང་མ་རྐང་བསྡུ་རུབ་ཀྱི་ནུས་པ། གཞན་དཔལ་འབྱོར་གྱི་འདུ་ཤེས་སོགས་ནི་རང་རེ་རྣམས་ལ་ངེས་པར་མཁོ་ཞིང་མེད་དུ་མི་རུང་བས་ན་དེ་དག་གི་གལ་ཆེན་རང་བཞིན་སོགས་གཅིག་བཤད་པ་ཡིན་ནོ། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེསརབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549835
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།