རང་སེམས་ཐུལ་ན་འཆམ་མཐུན་ཕྱྭ་གཡང་འཁོར།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
སུ་དང་གང་གི་ཚེ་སྲོག་ལ།།
གནོད་པའི་མདའ་མཚོན་མ་བཟུང་བར།།
བྱམས་དང་སྙིང་རྗེས་བདུད་སྡེ་ཀུན།།
ཕམ་མཛད་ཐུབ་དབང་གཙུག་གིས་མཆོད།།
ཚན་རིག་འཕྲུལ་གྱིས་ཤར་ནུབ་ཀུན།།
ཡུལ་གྱིས་བསྐལ་བ་བསལ་བྱས་ཀྱང་།།
སེམས་དང་སེམས་པའི་བར་དག་ལ།།
མི་བཟད་ཁྲོ་ཆུའི་ཡུར་བ་དྲངས།།
རྒྱུ་འབྱོར་རྒྱ་མཚོའི་ཀློང་ཡངས་ན།།
སེམས་པ་དབུལ་བོའི་སྡུག་བསྔལ་མྱོང་།།
སྔོན་ཐོན་མཐའ་མེད་མཁའ་དབྱིངས་སུ།།
སེམས་ཁོང་དོག་པའི་འོ་དོད་འབོད།།
སྣ་ཚོགས་འཕྲུལ་གྱི་ལྟད་མོ་དེས།།
མི་ཡི་རང་གཤིས་ཡོངས་སུ་བསྣུབས།།
ཤེས་རིག་དར་བའི་འོད་དཀྱིལ་ན།།
རང་སེམས་བོར་བའི་སྡུག་བསྔལ་མྱོང་།།
རང་དབང་འདྲ་མཉམ་གསར་བཏོད་སོགས།།
འུད་ཆེན་སྒྲོགས་པའི་མེ་དཔུང་གིས།།
ངོ་ཚ་ཁྲེལ་ཡོད་བརྩེ་སེམས་ཀྱི།།
ཙནྡན་ནགས་མའི་ཚང་ཚིང་སྲེག།
སྟོང་གསུམ་ཕྱི་རོལ་འཇིག་རྟེན་གཤིས།།
ཞིབ་འཇུག་བྱེད་ལ་བྲེལ་ཆེ་བས།།
རང་སེམས་ཉོན་མོངས་དུག་མཚོ་ལ།།
བྱིང་བའང་འདོན་པའི་ལོང་མ་བྱུང་།།
ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ལ།།
གཙང་སྦྲ་བྱེད་པའི་བྲེལ་འཚུབ་ཀྱིས།།
རང་སེམས་དྲི་མས་ཆེར་སྦགས་པ།།
བསལ་བའི་གོ་སྐབས་མེད་པར་གྱུར།།
སློབ་གྲྭ་ཆུང་འབྲིང་ཆེ་གསུམ་སོགས།།
ཤེས་རིག་འཚོལ་བའི་གླིང་གར་ཡང་།།
ཕྲག་དོག་འགྲན་སེམས་གཡོ་སྒྱུ་སོགས།།
ཇི་ལྟར་འཁྲབ་ཚུལ་གཙོར་བཏོན་པས།།
དུས་རབས་གསར་བའི་སྐྱེད་ཚལ་འདིར།།
བདེ་སྐྱིད་མེ་ཏོག་བཞད་པའི་དཔལ།།
འཇོམས་བྱེད་ཕྲག་དོག་འགྲན་སེམས་སོགས།།
འཇིགས་རུང་གཡུལ་གྱི་སད་སེར་རྒོད།།
ཁྲི་འབུམ་དམག་དཔུང་གཞོམ་པའི་མཐུ།།
དཔའ་ངར་རྩལ་གྱིས་སྙེམས་ན་ཡང་།།
རང་སེམས་ཕྲ་མོ་མ་ཐུལ་བས།།
དཔའ་བོའི་མིང་ལ་དོན་གྱིས་དབེན།།
ཤར་ནུབ་རིག་པའི་འགལ་འདུའི་སྤྲིན།།
ཤེས་རབ་རླུང་གིས་སེལ་ནུས་ཤིང་།།
བྱམས་དང་བརྩེ་བའི་འོད་ཞགས་ཀྱིས།།
གཅིག་ཏུ་བསྒྲིལ་ནུས་མཁས་པའི་ཕུལ།།
སྔོན་ཚེ་དམག་དཔོན་ནཱ་ཕོ་ལོན་གྱིས་ཤར་ཕྱོགས་མ་ཧཱ་ཙི་ན་འདི།།
གཉིད་དུ་ཡུར་བའི་སེང་གེ་ཉིད་མཚུངས་ནམ་ཞིག་སད་པར་གྱུར་པ་ན།།
དྲག་ཏུ་ཁྲོས་པའི་ང་རོ་གཅིག་གིས་གླིང་བདུན་ནོར་འཛིན་བུ་མོའི་སྙིང་།།
འཇིགས་བསྐྱེད་ཡོམ་ཡོམ་འདར་བར་འགྱུར་ཞེས་ལུང་བསྟན་བཞིན་དུ་བཤད་པ་ལ།།
བདེན་ནོ་བདེན་ནོ་དེ་ལྟ་ཉིད་དེ་སེང་གེ་ད་ལྟ་སད་ནས་ཡོད།།
འོན་ཀྱང་འདི་ནི་ཞི་བདེ་ལ་དགའ་བྱམས་དང་བརྩེ་བའི་རང་བཞིན་ཅན།།
ཚུར་ལ་མ་གཙེ་ཕར་ལ་མི་རྒོལ་འཆམ་མཐུན་གཡུ་རལ་ཅན་ཞིག་ཅེས།།
ད་ལྟའི་གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཟླུམ་གཟུགས་གོ་ལའི་ཁྱོན་ལ་བསྒྲགས།།
ཁབ་ཤུལ་སྐུད་པས་མནོན་པ་དང་།།
ཁ་བཤད་དོན་ལ་གནས་འདོད་ན།།
ལས་འབྲས་མི་བསླུ་བྱམས་སྙིང་རྗེ།།
སྙིང་བོ་ཅན་གྱི་ཀུན་སྤྱོད་གལ།།
དེ་ཡང་མང་མོད་མདོར་དྲིལ་ན།།
རང་སེམས་བསྲུང་ལས་གཞན་ཅི་ཡོད།།
དེ་ཡང་རྒྱ་ཆེ་ཚུར་བསྡུས་ན།།
སེམས་དཔའི་སྤྱོད་འཇུག་ཆེན་མོ་ལས།
མཁས་པས་སྡུག་བསྔལ་བྱུང་ཡང་ནི།།
སེམས་ཀྱི་རབ་དྭངས་རྙོག་མི་བྱ།།
ཉོན་མོངས་རྣམས་དང་གཡུལ་འགྱེད་ལ།།
གཡུལ་འགྱེད་ཚེ་ན་གནོད་པ་མང་།།
སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས།།
ཞེ་སྡང་ལ་སོགས་དགྲ་འཇོམས་པ།།
དེ་དག་རྒྱལ་བྱེད་དཔའ་བོ་སྟེ།།
ལྷག་མ་རོ་ལ་གསོད་པའོ།།
ཞེས་སོགས་གདམས་ངག་བདུད་རྩིའི་བཅུད།།
གཞིབས་ན་སེམས་ཀྱི་ནད་སེལ་ཞིང་།།
འཆམ་མཐུན་ངང་བ་དཀར་མོའི་གཡང།།
ངང་གིས་འདུ་བ་སུ་ཡིས་འགོག།
ས་སྟེང་ཐམས་ཅད་ཀོས་གཡོག་ཏུ།།
དེ་སྙེད་ཀོ་བས་ག་ལ་ལོངས།།
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།།
ས་སྟེང་ཐམས་ཅད་གཡོགས་དང་འདྲ།།
ཚུལ་དང་ཚུལ་མིན་དཔྱོད་པའི་བློ།།
ལྡན་ན་གདམས་ངག་འདི་ལོངས་དང་།།
ཕྱི་རོལ་དགྲ་ཚོགས་མ་ལུས་པ།།
རང་སེམས་ཐུལ་བས་ཐུལ་བར་འགྱུར།།
༢༠༡༦ལོའི་ཟླ་༤ཚེས་༡༩ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ནས་བྲིས་པའོ།།
|