ཁོ་རང་གིས་ཡ་གླིང་གི་ཆེས་མཛེས་ཤིང་ཡིད་དུ་འོངས་པའི་བུ་མོ་དེ་ཆུང་མར་བསུས་ནའང་། འཆི་ཁ་མར་ལྷན་འཛོམས་ཀྱི་སྐལ་བས་དབེན་སོང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཁོ་རང་གིས་ཡ་གླིང་གི་ཆེས་མཛེས་ཤིང་ཡིད་དུ་འོངས་པའི་བུ་མོ་དེ་ཆུ
ཁོ་རང་གིས་ཡ་གླིང་གི་ཆེས་མཛེས་ཤིང་ཡིད་དུ་འོངས་པའི་བུ་མོ་དེ་ཆུང་མར་བསུས་ནའང་། འཆི་ཁ་མར་ལྷན་འཛོམས་ཀྱི་སྐལ་བས་དབེན་སོང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-07-04ལྟ་ཀློག (4355)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁོ་རང་གིས་ཡ་གླིང་གི་ཆེས་མཛེས་ཤིང་ཡིད་དུ་འོངས་པའི་བུ་མོ་དེ་ཆུང་མར་བསུས་ནའང་། འཆི་ཁ་མར་ལྷན་འཛོམས་ཀྱི་སྐལ་བས་དབེན་སོང་།

                     2016-06-23

དུས་རྒྱུན་མི་རྣམས་ཀྱིས་བཤད་དོན། ལེགས་འགྲུབ་བྱུང་བའི་སྐྱེས་པ་སུ་ཞིག་ཡིན་ནའང་། ཁོ་རང་ལ་མི་མངོན་པར་བློས་གཏོང་བྱེད་སྤོབས་པའི་ཆུང་མ་རེ་ཡོད་ངེས་ཟེར། དོན་དངོས་སུ། ཕུལ་དུ་བྱུང་བའི་བུད་མེད་ལའང་འཇམ་ཐིང་ངེར་ཁོ་མོར་བློས་གཏོང་གིས་རྒྱབ་སྐྱོར་གནང་མཁན་གྱི་རང་གི་ཁྱོ་ག་རེ་ཡོད་སྲིད། མེ་ཁི•ཨ་ལེ་སི་ནི་ཁྱོ་ག་དེ་ཚོའི་ཁྲོད་ཀྱི་གཅིག་ཡིན་ཏེ། ཁོ་རང་གིས་ཡ་གླིང་གི་ཆེས་ཡིད་དུ་འོངས་པའི་བུད་མེད།འབར་མའི་འཚེ་མེད་ཞི་བའི་ལས་འགུལ་གྱི་དབུ་ཁྲིད་དང་ནོར་པེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུའུ་ཁེ་ཆུང་མར་བླངས་ནའང་། ཁོ་རང་འཆི་ཁར་ཁྱོ་ཤུག་གཉིས་ཡང་བསྐྱར་ལྷན་འཛོམས་བྱུང་ཐུབ་མེད།མེ་ཁི་དང་ཨང་སན་གཉིས་ཀྱིས་དུས་མཉམ་དུ་ཉིའུ་ཅིན་སློབ་ཆེན་དུ་སློབ་གཉེར་བྱས་པ་དང་། མེ་ཁིས་ཏཱ་ལ་མཱོ་སློབ་གླིང་དུ་ལོ་རྒྱུས་རིག་པར་སློབ་སྦྱོང་བྱེད་སྐབས། ཐེངས་དང་བོར་ཁོ་མོ་མཐོང་བ་དང་དེ་དུས་ཁོ་མོའི་ཤར་ཕྱོགས་བུ་མོའི་འཇོ་སྒེག་གིས་ཡིད་ཀྱི་བརྟན་པ་འཕྲོག་པ་དང་། ཕྱི་ཚུལ་འཇམ་ཞིང་ནང་རྒྱུད་རྣོ་ལྕགས་ལྟར་སྲ་བའི་བུ་མོ་འདི་ལ་སེམས་པ་ཤོར།

འབྲུག་ཡུལ་གྱི་གངས་རི་དཀར་བོ་ཞིག་གི་འདབས་རོལ་ནས། ཁོས་སྤོབས་པ་བསྐྱེད་དེ་ཁོ་མོར་རང་གི་བསམ་ཚུལ་བཤད་དེ་གཉེན་སྒྲིག་འདོད་པའི་རེ་འདུན་བཏོན། ཡིན་ནའང་ཁོ་མོས་ཆ་རྐྱེན་ཞིག་བཏོན་པ་ནི། རང་གི་མེས་རྒྱལ་ལ་ཁོ་མོ་མཁོ་བའི་དུས་སུ་ཁོ་མོ་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་དགོས་པ་དེ་རེད། ཁོ་རང་གིས་རང་གི་མ་འོངས་པའི་ཆུང་མ་ནི་འབར་མའི་དཔའ་རྒོད་དམག་སྤྱི་ཨང་སན་གྱི་བུ་མོ་ཡིན་པ་ཤེས་ཡོད་པ་དང་། ཁོ་མོ་སྐྱེས་མ་ཐག་ནས་མེས་རྒྱལ་ལ་དྲིན་གཟོ་བའི་འདུན་པ་དྲག་པོ་ཡོད་པ་རྟོགས་ཡོད། དེ་བས་ཁོ་རང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆ་རྐྱེན་དེ་ཁས་ལེན་བྱས་པ་དང་རང་ཉིད་ཀྱི་ཚེ་སྨད་ཀྱིས་དམ་བཅའ་འདི་ལ་དོན་དངོས་ཀྱི་བརྩི་སྲུང་བྱས་ཡོད།

སྤྱི་ལོ་1972ལོར། མེ་ཁི་དང་ཨང་སན་སུའུ་ཁེ་གཉིས་གཉེན་བསྒྲིགས་ཤིང་མཉམ་དུ་ཉིའུ་ཅིན་དུ་ལྷིང་འཇགས་ཀྱི་འཚོ་བ་རོལ། ཡུན་རིང་མ་འགོར་བར། ཁོ་རང་གཉིས་བྱིས་པ་ཐོག་མ་དེ་སྐྱེས་པ་དང་མིང་ལ་ཡ་ལེ་ཧྲན་ཏ་ཞེས་བཏགས་པ་རེད། ཡང་ལོ་ཤས་རྗེས་སུ་བུ་གཉིས་པ་ཅིན་སྐྱེས་པ་རེད། དེ་རྗེས་ཀྱི་བགྲང་བྱ་བཅོ་ལྔའི་ནང་དུ། འབར་མ་ནས་ཡིད་སྐྱོ་བའི་གཏམ་ངན་ཐོས་རག་བར་དུ་ཨང་སན་གྱིས་ཁྱོ་བོ་བཀུར་ཞིང་བུ་ཕྲུག་ལ་བྱམས་པའི་ངང་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ།

སྤྱི་ལོ་1988ལོའི་ཟླ་3པའི་ཞི་འཇམ་གྱི་མཚན་མོ་ཞིག་ལ། རྣ་བར་གཟན་པའི་ཁ་པར་གྱི་འབོད་བརྡ་ཞིག་གིས་ཁྱིམ་ཚང་འདིའི་ལྷིང་འཇགས་ཡོངས་སུ་དཀྲོགས། ཨང་སན་སུའུ་ཁེ་ལ་འབར་མ་ནས་ཨ་མའི་ནད་གཞི་གློ་བུར་དུ་ཇེ་སྡུག་དུ་ཕྱིན་པའི་ཛ་དྲག་གི་ཁ་པར་ཞིག་འབྱོར་བ་དང་ཁོ་མོ་ལམ་སང་འབར་མ་རུ་ཡུམ་ཆེན་གྱི་གམ་དུ་ལོག་དགོས་པའི་རེ་འདུན་བཤད། མེ་ཁིས་ཆུང་མའི་གདོང་མདོག་ཤོར་ཡོད་པ་ཤེས་པ་དང་ཅང་མ་འགོར་བར་ཁོ་མོས་ཅ་དངོས་གྲ་སྒྲིག་བྱས་ཏེ་འབར་མར་ལོག་རྩིས་བྱེད་པ་མཐོང་སོང་། དེ་ཡང་ཁོ་རང་གི་སེམས་ཚོར་ཞིག་ལ་ཆུང་མ་སོང་རྗེས་ཁྱིམ་ཚང་འདི་ལ་སྔར་བྱུང་མ་མྱོང་བའི་དོན་རྐྱེན་ཞིག་འབྱུང་བ་ཤེས་ཚོར་བྱུང་མོད། ཡིན་ནའང་ཁོ་རང་གིས་ཆུང་མ་འགྲོ་བར་བཀག་འགོག་གཏན་ནས་མ་བྱས།


  རང་གཤིས་རྡོ་ལྟར་སྲ་བའི་བུ་མོ་འདིས་བློ་བརྟན་འགྱུར་མེད་ཀྱིས་འཕྲིན་ཡིག་ནང་འདི་འདྲ་ཞིག་བྲིས་ཡོད་པ་ཁོས་སྔར་བཞིན་སེམས་ལ་བཟུང་ཡོད་དེ། "དོན་ཞིག་ངས་ཁྱེད་ལ་རེ་བ་ཞུ་དགོས། གལ་སྲིད་མ་འོངས་པར་བདག་གི་མེས་རྒྱལ་གྱི་མི་དམངས་ལ་དགོས་མཁོ་ཡོད་ཚེ། ཁྱེད་ཀྱིས་བདག་ལ་འགན་འཁྲི་དོན་འཁྱོལ་འོང་བར་རོགས་རམ་བྱེད་རོགས།" "བརྩེ་དུངས་དང་བསམ་ཤེས་ནི་མཐར་ཀུན་ལས་རྣམ་པར་རྒྱལ་ངེས་"ཟེར། རྒྱལ་ཁབ་དང་ཁྱིམ་ཚང་གཉིས་བར་གྱི་གདམ་གསེས་དེས་ཁོ་མོར་སྡུག་བསྔལ་ཚད་མེད་བཟོས་ཡོད་པ་དང་། ཁོ་རང་ལའང་གཅིག་མཚུངས་ཀྱི་སྡུག་བསྔལ་བར་བྱས། ཡིན་ནའང་ཁོ་རང་གིས་ངེས་པར་དུ་དམ་བཅའ་སྲུང་བརྩི་བྱས་ཏེ་ཁོ་མོ་འགྲོ་རུ་བཅུག་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་ཐེངས་འདིར་ཁ་བྲལ་བ་ནི་ལོ་ངོ་བགྲང་ལས་འདས་པ་ཞིག་གི་གྱེས་བྲལ་དུ་གྱུར་ཡོད།

ཆུང་མ་ཕྱིར་རང་རྒྱལ་དུ་ལོག་པ་དང་བསྟུན། ཡུན་རིང་མ་འགོར་བར་ཁོ་རང་གིས་བུ་གཉིས་ཁྲིད་དེ་ཡང་བཀང་ལ་རྨོ་མོར་འཕྲད་པར་བསྐྱོད་པ་རེད། ཡིན་ནའང་འབར་མའི་གནས་བབ་ཤིན་ཏུ་མི་ལེགས་པ་དང་། རྒྱལ་ནང་གི་དམངས་དབང་ལས་འགུལ་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་སླད། ཁོ་རང་གི་ཆུང་མས་བློ་བརྟན་འགྱུར་མེད་ཀྱིས་འབར་མ་རུ་སྡོད་པ་སེམས་ཐག་བཅད་ཡོད། ཐེངས་འདིར། ཁོ་རང་ཡང་སྡོད་མ་ཐུབ་པ་རེད། ཆུང་མས་དམངས་དབང་ལས་འགུལ་ཐེངས་ཤིག་གི་འདུ་ཚོགས་སུ་གཏམ་བཤད་སྤེལ་སྐབས་ཁོ་རང་ཆུང་མའི་རྒྱབ་ཏུ་འགྱུར་མེད་ངང་གྲོང་ངེར་འགྲེངས་ནས་བསྡད། རྗེས་སུ། ཁོ་རང་གིས་བུ་ཆུང་གཉིས་ཁྲིད་དེ་ཕྱིར་དབྱིན་ཇིར་ལོག་པ་དང་ཆུང་མར་བུ་གཉིས་ལ་བདག་སྐྱོང་བྱེད་པར་ཁས་ལེན་བྱས། མ་གཞི་ཐེངས་འདིའི་གྱེས་བྲལ་ནི་ལོ་ངོ་བདུན་རེད།

ཕྱིར་དབྱིན་ཇིར་ལོག་རྗེས་མེ་ཁིས་ཉིན་མཚན་ལྟོས་མེད་ངང་འབར་མ་རུ་ཡོད་པའི་ཆུང་མའི་གནས་ཚུལ་ལ་ཉན་ཅིང་། ཉིན་རྒྱུན་གྱི་འཚོ་བ་ཧ་ཅང་གཟབ་ནན་ཡིན་པ་དང་ཁོ་རང་གིས་འབར་མའི་དབང་སྒྱུར་བས་བྱེད་ཐབས་སྣ་ཚོགས་བཀོལ་ཏེ་ཆུང་མས་དམངས་དབང་ལས་འགུལ་འཕེལ་རྒྱས་གཏོང་བར་བཀག་འགོག་བྱེད་པ་རྟོགས་སོང་། སྐད་ཅིག་མ་དེར་ཁོ་རང་ཆུང་མའང་ཁོ་མོའི་ཡབ་ཆེན་ནང་བཞིན་ལྐོག་གསོད་ཐེབས་པར་སེམས་ཁྲལ་ཚད་མེད་བྱས། དེ་རྗེས་ཆུང་མ་བཟང་བཙོན་ལ་བཀག་ཉར་བྱས་པ་ཤེས་ཏེ་ཁོ་རང་དབྱིན་ཇི་དང་ཡང་ན་རྒྱལ་ཁབ་གཞན་གྱི་མཐོ་རིམ་བྱ་བའི་ཁྲོད་དུ་མྱུལ་ཞིབ་རེ་ཞུ་བྱེད་པར་བསྐྱོད་པ་དང་། ཆུང་མ་ལ་རྒྱལ་སྤྱིའི་མཚན་སྙན་ཡོང་བར་རོགས་རམ་བྱེད་པའི་རེ་འདུན་བཅངས་ཤིང་། ནུས་ཤུགས་གང་ཡོད་བཏོན་ནས་འབར་མའི་དབང་འཛིན་པས་རྒྱལ་སྤྱིའི་གནོན་ཤུགས་འོག་ཁོ་མོར་ཁྲིམས་ཆད་ལྕི་མོ་མི་ཕོག་པར་བྱས།

ཆུང་མར་འབར་མ་རྒྱལ་ནང་གི་དམག་འཛིན་སྲིད་གཞུང་དང་དམངས་གཙོ་མི་སྣའི་བསམ་བློའི་ནད་དུག་མི་ཕོག་པའི་ཆེད། སྐབས་རེར་ཁོ་རང་གིས་རང་ཉིད་ནི་ཨང་སན་སུའུ་ཁེ་ཁྱོ་ག་ཡིན་པ་སྦ་གསང་བྱས་པ་རེད། ཡང་ཕྱོགས་གཞན་ཞིག་ནས། ཁོ་རང་གཅིག་པུས་བུ་གཉིས་ལ་གཉོར་སྐྱོང་གནང་བ་དང་སྤུས་ཚད་ལེགས་པའི་སློབ་གསོ་ཐོབ་པར་བྱས། བུ་དེ་གཉིས་ཀྱི་ཡུམ་ཆེན་ནི་རླབས་ཆེ་བའི་མ་ཡུམ་ཞིག་ཡིན་ཏེ། སྤྱི་ལོ་1991ལོར། ཁོ་རང་གིས་བུ་གཉིས་ཁྲིད་དེ་རང་གི་ཆུང་མའི་ཚབ་བྱས་ཏེ་འཛམ་གླིང་ནོར་པེལ་ཞི་བདེའི་གཟེངས་རྟགས་བླངས། ཆུང་མས་སྒྲུབ་པ་ཡོད་ཚད་ལ་ཁོ་རང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཤིང་ཆུང་མའི་སླད་དུ་སྤོབས་སེམས་བླ་མེད་སྐྱེས།



སྤྱི་ལོ་1995ལོར། བསམ་ཡུལ་ལས་འདས་པ་ཞིག་ལ་མེ་ཁིས་རང་ཉིད་འབར་མར་ཆུང་མར་བལྟ་བར་བསྐྱོད་པ་ནི་ཆེས་མཐའ་མཇུག་པ་ཡིན་པ་རྟོགས་པ་དང་། ཁོ་རང་མགོ་བོར་སྐྲ་དཀར་སྐྱེས་པ་དང་ཆུང་མའི་དཔྲལ་བར་ཡང་གཉེར་མ་བབས་ཡོད། བུ་ཆུང་གཉིས་ཀྱང་ད་ནི་ན་གཞོན་དུ་གྱུར་ནས་ཡོད། ཉི་མ་དེ་ནི་ཁོ་ཚོ་མཇལ་འཛོམས་ཀྱི་ཆེས་མཐའ་མཇུག་གི་དུས་ཚོད་ལ་གཏན་ཁེལ་བྱས་ཟིན།
 ལོ་གསུམ་གྱི་རྗེས་སུ། ཁོ་རང་ལ་བཅོས་ཐབས་བྲལ་བའི་འབྲས་སྐྲན་གྱི་ནད་བྱུང་ཡོད་པ་བརྟག་དཔྱད་བྱས་ནས་ཤེས་པ་དང་། ཁོས་དོན་དེ་ཆུང་མར་བཤད་ནའང་འབར་མ་སྲིད་གཞུང་གིས་ཁོ་རང་འབར་མར་འོང་དུ་བཅུག་མེད་པ་དང་། ཐ་ན་ཁོ་ཚོས་དེ་ནི་ཨང་སན་འབར་མ་དང་བྲལ་ནས་ཕྱིར་དབྱིན་ཇིར་ལོག་པའི་གོ་སྐབས་ཤིག་ལ་བལྟས་པ་རེད། ཁོའི་སེམས་སུ་འདི་ལ་གདམ་གསེས་ཀྱི་ལམ་ཁ་མེད་པ་དང་། ཁོ་མོ་འབར་མ་དང་ཁ་འབྲལ་མི་རུང་། ཁོ་མོ་རང་གི་མི་དམངས་དང་ཁ་འབྲལ་མི་རུང་སྙམ་པའི་བསམ་བློ་ལྡོག་ཏུ་མེད་པ་སྐྱེས་པ་དང་། དེ་བས་ཁོ་རང་ནི་ཆུང་མར་རྒྱབ་སྐྱོར་བྱེད་པའི་སྙིང་སྟོབས་ཀྱི་སྲོག་ཤིང་དུ་གྱུར་བ་རེད།
 དེ་བས། ཁོ་རང་གིས་འཆི་ཁ་མརའང་རང་གི་ཆུང་མ་མཐོང་ཐབས་བྲལ། ཡིན་ནའང་ཁོས་སྔོན་མར་རང་ཁྱིམ་དུ་ཨ་མ་ན་ནས་ཉེན་ཁའི་གནས་སུ་ལྷུང་བའི་ཁ་པར་འབྱོར་སྐབས་ཁོ་མོས་བལྟ་ཀློག་བྱེད་བཞིན་པའི་དཔེ་དེབ་དེ་སྔར་བཞིན་ཉར་ཚགས་བྱས་ཡོད་པ་དང་། མལ་ཁྲིའི་སྔས་མགོར་ཨང་སན་སུའུ་ཁེ་འདྲ་པར་ཆེན་པོ་ཞིག་བཀལ་བ་རེད། 

ཡིག་སྒྱུར་བ་དང་གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532392
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།