གྲུབ་འབྲས་གཟེངས་ཐོན་བླངས་པའི་བོད་ཀྱི་ན་གཞོན་ལྷ་རིས་པ་ཞིག་ལ་བཅར་འདྲི་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »གྲུབ་འབྲས་གཟེངས་ཐོན་བླངས་པའི་བོད་ཀྱི་ན་གཞོན་ལྷ་རིས་པ་ཞིག་ལ་བ
གྲུབ་འབྲས་གཟེངས་ཐོན་བླངས་པའི་བོད་ཀྱི་ན་གཞོན་ལྷ་རིས་པ་ཞིག་ལ་བཅར་འདྲི་བྱས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-07-03ལྟ་ཀློག (15396)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །གྲུབ་འབྲས་གཟེངས་ཐོན་བླངས་པའི་བོད་ཀྱི་ན་གཞོན་ལྷ་རིས་པ་ཞིག

 ( ངེད་དྲ་བའི་གསར་འགོད་པ་བོད་ཀྱི་ཐང་གའི་སྒྱུ་རྩལ་ལས་ཀརྨ་སྒར་བྲིས་ལུགས་ཀྱི་ལྗོངས་རིམ་པའི་དཔེ་མཚོན་རྒྱུན་འཛིན་པ་བློ་གྲོས་དཔལ་བཟང་མདུན་དུ་གནས་ཚུལ་རྒྱུས་ལོན་དང་བཅར་འདྲིར་ཕྱིན་པ། )
གསར་འགོད་པ། གླིང་བུའི་སྙེ་མ།
 དཔྱིད་ཀྱི་བུ་མོའི་མགྲིན་གླུ་གངས་ལྗོངས་ས་མཐོའི་ཁོར་ཡུག་ཀུན་ཏུ་རྣམ་པར་སྒྲོག་ཅིང་། མཐོངས་ཡངས་ཨ་སྔོན་གྱི་དབྱིངས་ནས་ཀྱང་ས་བཅུད་གསོ་བའི་དངུལ་གྱི་ཐིགས་པ་རེ་རེ་རང་བྱུང་ཁམས་ཀྱི་པང་དུ་ག་ལེར་གཏོར་བ་དང་ལྷན། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་ཡང་། རེ་བ་དང་གྲུབ་འབྲས་ཡིད་ཆེས་བཅས་ཀྱིས་ཡོངས་སུ་ཕྱུག་པའི་ན་གཞོན་ལྷ་རིས་པ་བློ་གྲོས་དཔལ་བཟང་མཆོག་ལ་བཅར་འདྲི་ཞུ་བར་ཕྱིན་པ་ཡིན། ང་རང་ཁོང་གི་སར་བཅར་འདྲི་བྱེད་པར་འབྱོར་དུས་ཁོང་ཉིད་དེ་འདྲའི་མི་ཁོམ་པའི་སྐབས་ཤིག་དང་ཁེལ་ཡོད་པ་འདྲ་མོད། ཁོང་གིས་ང་རང་སྣེ་ལེན་མཛད་ཅིང་ཁ་བརྡ་གསུངས་སོང་ལ། ཕྲན་གྱིས་རང་ཉིད་ད་རེས་ཆེད་དུ་སྐུ་ཉིད་ལ་བཅར་འདྲི་ཞུ་བར་ཡོང་ཚུལ་སོགས་བཤད་པར། ཁོང་ལྟ་བུར་བཀུར་འོས་ཀྱི་ཡོན་ཏན་དང་གྲུབ་འབྲས་གང་ཡང་མེད་པས་བཅར་འདྲི་བྱེད་རིན་མེད་ཚུལ་དང་། ལྷག་པར་ཤེས་རིག་ནོར་བུའི་སློབ་གླིང་ལྟ་བུའི་བོད་ཀྱི་སྐད་ཡིག་འདེགས་པའི་དུས་རབས་ཀྱི་ཀ་བ་ལྟ་བུའི་སློབ་གྲྭ་ཆེན་པོ་ཞིག་གི་དྲ་བའི་བཅར་འདྲི་བྱེད་ཡུལ་དུ་དེ་ལས་ཀྱང་མི་རན་པར་གསུངས་ནས་བཅར་འདྲི་དང་ལེན་མི་མཛད་པར་འདུག །སྐབས་དེར་གུས་པས་ཀྱང་ད་ལྟ་ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པས་དམིགས་བསལ་ཆེད་ལས་ཀྱི་ཤེས་འཇོན་ལྡན་པའི་ན་གཞོན་མདུན་ལམ་ཅན་དག་ཕན་ཚུན་འབྲེལ་འདྲིས་ཇེ་ཟབ་དང་། ཁོང་ཚོ་རང་རང་གི་སེམས་སུ་འཇགས་མེད་སྤོབས་པའི་རང་སྒྲ་དང་ལྷན་དུ་འཁྱིལ་བའི་ཕུགས་བསམ་གྱི་ལམ་བུ་དང་། འདས་པའི་བརྒྱུད་རིམ། ད་ལྟའི་ལས་ཀ་སོགས་ཡོངས་ལ་མཉམ་རོལ་བྱེད་པའི་མཐུན་རྐྱེན་བསྒྲུབ་རྒྱུ་ནི་ད་ལྟའི་དྲ་ཚིགས་རྣམས་ཀྱི་འོས་འགན་ཞིག་ལགས་པས་ཁྱེད་ཀྱིས་ད་རེས་ཀྱི་བཅར་འདྲི་དང་ལེན་བྱེད་རོགས་ཞེས་ཨུ་ཚུགས་བྱས་པས། ཁོང་གིས་གཞི་ནས་ཐེངས་འདིའི་བཅར་འདྲི་དང་ལེན་བྱས་ཏེ་ད་རེས་ང་ཚོའི་བགོ་སྐལ་དུ་སྨིན་ཐུབ་པ་བྱུང་།
 དང་བོ། རྒྱུས་ལོན།
 ༼ ༡ ༽
 བོད་ཀྱི་ལྷ་བྲིས་ཀྱི་ལུགས་ཆེན་བཞིའི་ཡ་གྱལ་སྒར་བྲིས་ལུགས་ནི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ཡར་སྟོད་ནམ་མཁའ་བཀྲ་ཤིས་ཀྱིས་སྨན་ལུགས་ཀྱི་རི་མོར་སྦྱངས་པ་དཔྱིས་ཕྱིན་མཛད་དེ་རྗེས་སུ་ལྷ་སྐུའི་ཆ་ཚད་དང་ཚུགས་ཀ་སྨན་ལུགས་སོར་བཞག་ཐོག །མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཀརྨ་པ་སྐུ་ཕྲེང་ལྔ་པ་ནན་ཅིང་དུ་གདན་ཞུ་གནང་ནས་ཡུལ་དེར་ཆོས་ཀྱི་ཕྲིན་ལས་སྐྱོང་སྐབས་ངོ་མཚར་བའི་ལྟས་མང་དུ་བྱུང་བའི་མཛད་པ་རྣམས་རྒྱ་ནག་གི་ཞིབ་བྲིས་རི་མོའི་མཁས་དབང་ཞིག་གིས་རི་མོར་བཀོད་པའི་ཉིན་ཐང་ཡུག་དྲིལ་ཆེན་མོ་ཞེས་པ་སྒར་པའི་ནང་རྟེན་དུ་བཞུགས་ཡོད་པ་དེར་དངོས་སུ་གཟིགས་རྒྱུའི་གོ་སྐབས་ཐོབ་པར་བརྟེན། དེ་ལས་ཡུལ་ལྗོངས་ཀྱི་བཀོད་པ་དང་། ཁང་བཟང་། སྲོག་ཆགས། ཚོན་མདངས་སོགས་ཀྱི་ལེགས་ཆ་བླངས་ཤིང་། ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསར་བཏོད་ཀྱིས་ཟུར་བརྒྱན་ཏེ་ཁྱད་འཕགས་ཀྱི་བརྩམ་བྱ་མང་པོ་གསར་བཞེངས་དང་། ཕུལ་བྱུང་གི་རྒྱུན་འཛིན་པ་གྲངས་མང་གསོ་སྐྱོང་གནང་བས་སྙན་གྲགས་ཆེས་ཆེར་རྒྱས། ཁོང་ནི་རྒྱལ་དབང་ཀརྨ་པའི་སྒར་ཆེན་ནང་གི་སྐུ་བཅར་རི་མོ་བ་ཞིག་ཡིན་པས། ཁོང་དང་ཁོང་གི་བུ་སློབ་རྣམས་ཀྱི་འབྲི་རྒྱུན་དེར་སྒར་བྲིས་ལུགས་ཞེས་པའི་མིང་ཐོགས་པ་དང་ད་ལྟ་རི་མོའི་ལུགས་འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམས་གྲངས་ནང་ཚུད་ཡོད།
༼ ༢ ༽
  ཐེངས་འདིའི་བཅར་འདྲི་ཞུ་ཡུལ་ལྗོངས་རིམ་པའི་སྒར་བྲིས་ལུགས་ཀྱི་དཔེ་མཚོན་རྒྱུན་འཛིན་པ་བློ་གྲོས་དཔལ་བཟང་ནི ༡༩༨༣ ལོར་བོད་ལྗོངས་ཆབ་མདོ་རྫ་རྒྱུད་ཀརྨ་ཡུལ་ཤོག་གི་ཁོངས་གཏོགས་འཇམ་ཆུང་ཚང་ཞེས་པའི་རི་མོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། འཇམ་ཆུང་ཚང་ནི་ཀརྨ་སྒར་བྲིས་ཀྱི་བརྒྱུད་འཛིན་པ་དབུ་ཆེན་བདུད་འདུལ་ལྷ་སྲུང་གི་ཁྱིམ་རྒྱུད་ཀྱི་ལྷ་བྲིས་བརྒྱུད་འཛིན་པ་ཡིན་སྟབས། ཁོང་ཉིད་ལོ་ན་བདུན་དུ་སོན་པ་ནས་ཡབ་ཀརྨ་དགེ་འདུན་གྱི་མདུན་ནས་སྒར་ལུགས་རི་མོའི་ལག་ལེན་དང་གཞུང་ལུགས་སོགས་མི་ལོ་བཅུ་གཅིག་ལ་ཆེད་སྦྱོང་བྱས། སླར་ཡང་སྤྱི་ལོ་༢༠༠༡ ལོར་རི་མོའི་ཆུ་ཚད་གོང་མཐོར་གཏོད་ཆེད་སྒར་ལུགས་སློབ་དཔོན་བསམ་འགྲུབ་ནོར་བུའི་དྲུང་དུ་བཅར་ཏེ་མི་ལོ་གཉིས་རིང་རི་མོའི་སློབ་སྦྱོང་ཞུས། ཁོང་ཉིད་ལོ་ན ༡༩ སོན་པ་ན་ཡབ་དམ་པས་ལྷ་ས་མཚུར་ཕུའི་ཆོས་སྒར་གོང་མར་བཀའ་བརྒྱུད་གསེར་ཕྲེང་འབྲི་བ་དང་ཁེལ་བས་དེ་དག་འབྲི་རིམ་ལ་དམིགས་བསལ་ཞིབ་སྦྱོང་བྱས་པར་མ་ཟད།  ཚོན་སྦྱོར་སོགས་ཀྱི་ཤེས་བྱ་རྣམས་ལ་བགྲང་བྱ་གཅིག་དང་ཕྱེད་ཀྱི་རིང་སློབ་སྦྱོང་མཐར་ཕྱིན་པ་བྱས་ཏེ། སྤྱི་ལོ ༡༩༩༩ ལོར་རང་ཡུལ་གྱི་ཀརྨ་ལྷ་སྟེང་དགོན་གཙོས་པའི་ཉེ་འཁོར་གྱི་དགོན་སྡེ་འགའ་ལ་བླ་མ་རྣམས་ཀྱི་ཞལ་བཀོད་ལྟར་ཞལ་ཐང་ཁ་ཤས་བྲིས། ༢༠༠༣ ལོར་གནས་རྟེན་དགོན་དུ་གྲུབ་ཆེན་བརྒྱད་ཅུ་དང་རྒྱན་དྲུག་སོགས་ཀྱི་ཞལ་ཐང ༣༠ ལྷག་ཙམ་བྲིས། དེ་ནས ༢༠༠༩ ལོར་ཟི་ཁྲོན་རྒྱལ་རོང་དགོན་དུ་མཛད་བཅུ་དང་། མཚན་བརྒྱད། གནས་བཅུ། རྗེ་འབངས་ཉེར་ལྔ། སྲུང་མའི་སྐོར་ཀྱི་ལྡེབས་རིས་བཅས་བྲིས། དེའི་རྗེས་སུ ༢༠༡༡ ལོར་རྒྱ་ནག་ཁྲིང་ཏུའུ་སྤྲིན་དཀར་དགོན་པ་དང་། དྲིན་གསོ་དགོན་པ་གཉིས་སུ་སྟོན་པའི་མཛད་རྣམ་གྱི་ལྡེབས་རིས་བྲིས་པ་དང་། ༢༠༡༡ ལོའི་སྐབས་གཉིས་པའི་བོད་ཀྱི་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམས་ཚོགས་སྐབས་རིམ་པ་གཉིས་པའི་ཐང་གའི་སྒྱུལ་རྩལ་མཁན་པོའི་མཚན་སྙན་ཐོབ་ཅིང་། ༢༠༡༡ ལོའི་སྐབས་དང་པོའི་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འགྲེམས་སྟོན་ཆེན་མོར་མཉམ་ཞུགས་བྱས། ༢༠༡༢ ལོར་གདན་ས་ཆེན་མོ་ལྷ་སའི་སེ་ར་དགོན་པར་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུའི་ཞལ་ཐང་གྲངས ༢༩ འབྲི་མགོ་བརྩམས། ༢༠༡༢ ལོར་པེ་ཅིན་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དང་ཐིན་ཅིན་གྱི་མཛེས་རྩལ་ཁང་མཉམ་འབྲེལ་གྱིས་གཉེར་བའི་(ཀྲུང་གོའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན ) དུ་མཉམ་ཞུགས་དང་། སྐབས་དང་པོའི་ཀྲུང་གོའི(黄山) དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་བཟོ་རྩལ་འགྲེམས་ཚོགས་སྐབས་དངུལ་གྱི་གཟེངས་རྟགས་ཐོབ།  ༢༠༡༣ ལོར་སྐབས་བརྒྱད་པའི་ཀྲུང་གོ་པེ་ཅིན་རྒྱལ་སྤྱིའི་རིག་གནས་བཟོ་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ཆེན་མོ་དང་། ༢༠༡༣ ལོའི་སྐབས་དགུ་པ་དང་བཅུ་པའི་ཀྲུང་གོའི(深圳)རྒྱལ་སྤྱི་རིག་གནས་ཐོན་ལས་སྟོན་ཚོགས་ཆེན་མོ་བཅས་སུ་ཞུགས། ༢༠༡༤ ལོར་ (སོར་མོའི་འཁྱུག་འགྲོས) ཞེས་པའི་ཀརྨ་སྒར་ལུགས་ཀྱི་དཔེ་མཚོན་རྒྱུན་འཛིན་པའི་ཕུལ་བྱུང་བརྩམ་བྱ་འགྲེམས་སྟོན་དུ་ཞུགས། ༢༠༡༤ ལོར་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སུ་ཞུགས།  ༢༠༡༤ ལོར་རྒྱལ་ཁབ་རིག་གནས་པུའུ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱིས་གཙོ་གཉེར་བྱས་པའི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སུ་ཞུགས། ༢༠༡༤ ལོར་པེ་ཅིན་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་(ཀྲུང་གོའི་དེང་རབས་མཛེས་རིས་བཟོ་རྩལ་ཀྱི་ལོ་གཉིས་ཐེངས་རེའི་འགྲེམས་སྟོན་)དུ་ཞུགས། ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྒྱུན་འཛིན་པར་བདམས་ཐོན་བྱུང་བ་དང་། སྐབས་དེ་དག་གི་འགྲེམས་སྟོན་སྐབས་སུ་ཁོང་གི་བརྩམ་བྱ་ཁག་ལ་གཟི་བརྗིད་ཆེ་ལ་མཚན་སྙན་འབར་བའི་དཔང་ཡིག་ཐོབ་པར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་། པེ་ཅིན་ཉིན་རེའི་ཚགས་པར། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཀྱིས་བཅར་འདྲི་དང་ཁོང་གི་ངོ་སྤྲོད་བརྩམ་བྱ་བཅས་འོས་སྦྱོར་ཞུས་མྱོང་། ༢༠༡༥ ལོའི་ཟླ་བཞི་བའི་ནང་བོད་ཀྱི་ཐང་གའི་འབྲི་རྒྱུན་ཀརྨ་སྒར་བྲིས་ལུགས་ཀྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་མཚོན་རྒྱུན་འཛིན་པ་བློ་གྲོས་དཔལ་བཟང་གི་ཕུལ་བྱུང་བརྩམ་བྱ་འགྲེམ་སྟོན་སོར་མོའི་འཁྱུག་འགྲོས་ཞེས་པ་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་གྱིས་སྤེལ་ཅིང་། ༢༠༡༥ དང ༢༠༡༦ སྟེ་དུས་ཡུན་ལོ་གཉིས་ཀྱི་རིང་མདོ་ཁམས་འདན་ཡུལ་ཆོས་སྡེ་འོད་གསལ་དགོན་དུ་ལྡེབས་རིས་མཛད་བརྒྱ་དཔག་འཁྲི་ཤིང་བཞེངས་ཏེ་ད་ལོའི་དབྱར་སྟོད་ལ་ལེགས་པར་མཇུག་གྲུབ། ད་ལྟ་ཁོང་གིས་བོད་ལྗོངས་ཀརྨ་སྒར་ཆེན་ཐང་གའི་སྒྱུ་རྩལ་དར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་དབུ་ཁྲིད་དང་། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་ལྟེ་གནས་ཆབ་མདོའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་རྩལ་གླིང་གི་གཙོ་འགན་པ་དང་དགེ་རྒན་གཅིག་ལྕོགས་ཀྱི་འགན་བཞེས་ཡོད།

ཁོང་གི་ཉེ་པར།

ཁོང་གི་ཐང་གའི་བརྩམས་ཆོས་ལས་གྲུབ་བརྒྱའི་མངའ་བདག་མི་ལ་ཐོས་པ་དགའ།

ཁོང་གི་ཐང་གའི་བརྩམས་ཆོས་ལས་བཅོམ་ལྡན་གདུགས་དཀར་མོ།

ཁོང་གི་ཐང་གའི་བརྩམས་ཆོས་ལས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ།

ཁོང་གི་ཐང་གའི་བརྩམས་ཆོས་ལས་རྗེ་བཙུན་སྒྲོལ་མ་ལྗང་མོའི་སྐུ་སྟོད།

ཁོང་གི་ཐང་གའི་བརྩམས་ཆོས་ལས་ས་སྐྱའི་ལམ་འབྲས་བླ་བརྒྱུད་སྐོར།

ཁོང་གི་ཐང་གའི་བརྩམས་ཆོས་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མའི་དབུ་བརྙན།


ཁོང་གི་ཐང་གའི་བརྩམས་ཆོས་ལས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཞལ་ཐང་།

ཁོང་གི་ཐང་གའི་བརྩམས་ཆོས་ལས་གྲུབ་ཆེན་ཏེ་ལོ་པ།


ཁོང་གི་ཐང་གའི་བརྩམས་ཆོས་ལས་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་མར་པ་རྗེ།

ཁོང་གི་ཐང་གའི་བརྩམས་ཆོས་ལས་གྲུབ་ཆེན་བརྒྱད་ཅུའི་གྲས་ཀུཀྐུ་རི་པ།

 ཁོང་གིས་མདོ་ཁམས་འདན་ཡུལ་ཆོས་སྡེ་འོད་གསལ་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོར་བཞེངས་པའི་ལྡེབས་རིས་མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་ཟུར་ཞིག

ཁོང་གིས་བརྩམ་བྱ་འགྲེམས་སྟོན་སྐབས་དྲྭ་ལམ་ཁག་གི་གསར་འགོད་མི་སྣའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

ཁོང་གི་བརྩམ་བྱ་འགྲེམས་སྟོན་སྐབས་དབུ་ཁྲིད་དང་ཆེད་ལས་མཁས་པ་བཅས་ཀྱི་མཉམ་དུ་བསྒྲོན་པའི་པར།

ཁོང་གི་བརྩམ་བྱ་འགྲེམས་སྟོན་ལ་ཆེད་ལས་མཁས་པས་གཟིགས་ཞིབ་གནང་བཞིན་པ།

ཁོང་གི་ཁྱིམ་ཚང་གིས་གཉེར་བའི་ཀརྨ་སྒར་ཆེན་ཐང་གའི་སྒྱུ་རྩལ་དར་སྤེལ་གླིང་གི་དགེ་སློབ་མཉམ་པར།

རིམ་པ་སོ་སོ་ནས་ཁོང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་སྣ་ཚོགས་ཀྱི་དཔང་ཡིག
 གཉིས་པ། བཅར་འདྲི།
༡ ༽ དྲི་བ། སྐུ་ཞབས་བློ་གྲོགས་དཔལ་བཟང་ལགས། བཀྲ་ཤིས་བདེ་ལེགས། སྐུ་ཉིད་ཐང་ག་འབྲི་བའི་ལས་ལ་ཞུགས་ནས་ལོ་ངོ་ག་ཙམ་འགོར་སོང་། ཁྱེད་ཀྱིས་རང་གི་ཆེད་ལས་ལྷ་བཟོའི་བྱ་བར་ལྟ་ཚུལ་ཅི་འདྲ་ཞིག་བཟུང་ཡོད། ཆེས་ཐོག་མར་ཐང་ག་བྲིས་ནས་མཇུག་གྲུབ་པའི་ཚོར་བ་དེ་ད་ལྟ་དྲན་སོས་ཀྱི་འདུག་གམ།
ལན། ལགས་སོ། །བཀྲ་ཤིས་བདེ་ལེགས། ཁྱེད་རྭ་རྒྱའི་སློབ་གླིང་གི་གསར་འགྱུར་ཚན་པས་གུས་པ་ལ་བཅར་འདྲི་གནང་བར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ཐང་ག་འབྲི་བའི་མགོ་བརྩམས་ནས་ལོ་ངོ་ཉེར་དྲུག་ལྷག་འགོར་ཡོད། ཆུང་དུས་ནས་རང་ཉིད་ད་ལྟའི་ཆེད་ལས་རི་མོ་འབྲི་བར་མཐུན་རྐྱེན་དང་དགའ་ཕྱོགས་གཉིས་ཆར་ཚོགས་ཤིང་། ལྷག་པར་སྒར་ལུགས་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་སྲོལ་འདི་ནི་སྲོལ་བཟང་གི་བྱུང་རབས་དང་། དེང་དུས་འཚོ་བའི་ཁྲོད་ནས་གདེང་འཇོག་ཆེན་པོ་ཡོད་པས་ན་ལས་འདིར་དང་དོད་དང་སྤྲོ་བ་ཆེན་པོ་ཡོད། ངེད་ཀྱིས་ཐོག་མར་བྲིས་པའི་ཐང་ག་དེ་ནི་གུ་རུ་རྒྱ་གར་མ་ཞིག་ཡིན་ལ། སྐྱ་རིས་ཁོ་ནར་ཟླ་བ་རེ་ཟུང་དང་། ཚོན་མདངས་ལ་ཡང་ཟླ་བ་འགའ་ཤས་འགོར་སོང་། དེ་ལེགས་གྲུབ་བྱུང་རྗེས་ཀྱི་ཚོར་བ་ད་ལྟ་གསལ་བོར་དྲན་སོས་ཀྱི་འདུག་ལ། སྐབས་དེའི་དགའ་སྣང་ལྟ་བུ་ཞིག་ཕྱིས་ཀྱི་ཐང་ག་གཅིག་ཀྱང་མཇུག་གྲུབ་སྐབས་བྱུང་མ་མྱོང་ཞེས་བཤད་ཆོག །དེ་ནི་སྐབས་དེར་དགེ་རྒན་གྱིས་བསྟོད་བསྔགས་ལེགས་པོ་ཐོབ་ཅིང་། ལོ་ན་ཆུང་ལ་རི་མོར་ལྷན་སྐྱེས་ཀྱི་དགའ་བ་ཡོད་པས་ཀྱང་ཡིན་པ་འདྲ།
༢ ༽ དྲི་བ། ད་ལྟའི་བར་ཁྱེད་ཀྱིས་བྲིས་པའི་ཐང་ག་དང་ལྡེབས་རིས་སོགས་བསྡོམས་ན་ཅི་ཙམ་ཡོད་པ་དང་། དེ་དག་ལས་ལེགས་གྲུབ་བྱུང་ཆེ་ཤོས་ལ་གང་འཇོག་བཞིན་ཡོད་པ་དང་རྒྱུ་མཚན་ཅི་ཡིན།
ལན། ངོས་ཀྱིས་བྲིས་པའི་ཐང་ག་དང་ལྡེབས་རིས་ཡོད་ཚད་བསྡོམས་ན་གྲངས་ཀ་བརྒྱ་ལྷག་ཙམ་ཡོད་ལ། དེའི་ནང་གི་སྤུས་ཚད་ཆེ་ཤོས་དེ་སྤྱི་ལོ་༢༠༡༦ ལོའི་དབྱར་ཁར་ལེགས་གྲུབ་བྱུང་བའི་མདོ་ཁམས་འདན་ཡུལ་ཆོས་སྡེ་འོད་གསལ་དགོན་གྱི་ལྡེབས་རིས་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ཞེས་པ་དེ་ཡིན། རྒྱུ་མཚན་ཐང་ག་དང་ལྡེབས་
རིས་འབྲི་བའི་ཉམས་མྱོང་རང་ལ་ལྟོས་ན་གོང་འཕེལ་རན་ཙམ་སོང་རྗེས་བྲིས་པ་ཡིན་ཞིང་། ལྡེབས་རིས་དེ་ཉིད་ཀྱང་དང་ཐོག་སྟ་གོན་སྐབས་ཀྱི་འཆར་གཞི་ནང་ལྟར་ལེགས་གྲུབ་བྱུང་བའི་ཚད་ཀྱང་ཤིན་ཏུ་མཐོ་བས་ཡིན།
༣ ༽ དྲི་བ། བོད་ཀྱི་ལྷ་བཟོ་ཚད་ལྡན་ཞིག་འཁྱོངས་དགོས་ན་བསམ་བློའི་འདུ་ཤེས་ཅི་འདྲ་ཞིག་འཛིན་དགོས་པ་དང་། དུས་དང་མཐུན་པའི་སྒོ་ནས་བོད་ཀྱི་ལྷ་རིས་ལག་རྩལ་དར་སྤེལ་དུ་གཏོང་དགོས་ན་ཇི་ལྟར་བྱ་དགོས།
ལན། དང་ཐོག་བསམ་བློའི་ཀུན་སློང་ཤེས་འདོད་ཡོད་པ་དང་། བར་དུ་བརྩོན་འགྲུས་ལྷོད་གཡེང་མེད་པ། མཐར་སེམས་ཤུགས་རྒྱུན་ལྡན་ཡོད་པ་ཞིག་བཅས་ཚང་དགོས། སྔར་གྱི་ཐིག་རྩ་དང་། རི་མོ། ཚོན་མདངས་བཅས་གཞིར་བཟུང་གིས་དེའི་སྟེང་དུ་དུས་རབས་འདི་ཡང་འཛམ་གླིང་གི་ཤེས་རིག་སྤྱི་ཡོངས་ནས་དར་བའི་རྩེར་སོན་པའི་དུས་ཤིག་ཡིན་པས། བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱིས་ཀྱང་དར་རྒྱས་ཀྱི་དབུ་རྩེར་སོན་པའི་འཛམ་གླིང་སྒྱུ་རྩལ་གྱི་རྗེས་ཆོད་དགོས་ན། ལེགས་ཆ་ཚུར་ལེན། སྔ་སྲོལ་གོང་སྤེལ། མན་ངག་རྒྱུན་འཛིན་བཅས་ཀྱི་སྒོ་ནས་རི་མོའི་སྒྱུ་རྩལ་དང་ཚོན་མདངས་བཅས་མཉམ་དུ་ཡར་རྒྱས་གཏང་ཐུབ་ན་དེ་མཚུངས་ཀྱིས་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་ཡངས་སུ་འགྲོ་བའི་ཚོད་དཔག་དང་རེ་བ་འཆང་བཞིན་ཡོད།
༤ ༽ དྲི་བ། ཁྱེད་ཀྱིས་བྲིས་པའི་ཐང་ག་དག་ལས་དཔྱད་བརྗོད་པ་དང་། གཟིགས་མོ་བ་དག་གིས་དམིགས་བསལ་དགའ་བསུ་འཐོབ་སའི་ཐང་ག་དེ་གང་ཡིན་པ་དང་། དེར་དེ་འདྲའི་དམིགས་བསལ་དགའ་བསུ་ཐོབ་པའི་རྒྱུ་མཚན་གང་རེད་འདུག་སྙམ།
ལན། དམིགས་བསལ་འདི་དང་འདི་ཞེས་རིགས་དགར་དགོས་ན་ཅུང་དཀའ་མོད། ངོས་ཀྱིས་བྲིས་པའི་ཐང་གའི་རི་མོ་བོད་མི་བྱིངས་ཀྱིས་མཐོང་མྱོང་མིན་ཙམ་ལས། ཚང་མར་ངའི་བརྩམས་ཆོས་དངོས་སུ་མཐོང་མྱོང་བའི་རྒྱལ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣ་སྣ་ཚོགས་དང་། བླ་སྤྲུལ་མཁས་དབང་མང་བོས་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་ཐོབ་མྱོང་། རྒྱུ་མཚན་ནི་སྲོལ་རྒྱུན་གྱི་རི་མོ་ཚད་ལྡན་ཡིན་པ་དང་། རང་གིས་ཀྱང་གནས་སྐབས་ཀྱི་བྱ་བའི་ཁྲལ་སོད་ཐབས་ཙམ་དང་། དངུལ་གྱི་ཡོང་སྒོ་བཅས་ལ་མ་བལྟས་པར་ལག་རྩལ་ལ་གཟབ་ནན་བྱས་པ་དང་། ད་རུང་བོད་ཀྱི་སྲོལ་རྒྱུན་ལྷ་རིས་པའི་འདུ་ཤེས་མ་བོར་བས་ཡིན་ངེས།
༥༽ དྲི་བ། ཁྱེད་ཀྱི་གཟིགས་ཚུལ་ལྟར་ན་བོད་ཀྱི་ཐང་གའི་རི་མོ་ལ་རི་མོ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་དག་ཡོད་པ་དང་། སྐུ་ཉིད་ཀརྨ་སྒར་བྲིས་ཀྱི་དཔེ་མཚོན་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་ལྷ་བཟོ་གཞན་དག་ལ་ཆེས་ཞུ་འདོད་པའི་རེ་བ་དེ་གང་རེད།
ལན། བོད་ཀྱི་ཐང་གའི་རི་མོ་འདི་རི་མོ་གཞན་ལས་ལྷག་པའི་རྒྱུ་མཚན་ནི་དད་པའི་རྟེན་དང་། སྲོལ་རྒྱུན་གྱི་སྒྱུ་རྩལ་ཡོད་པ། ད་རུང་རིན་ཐང་ལྡན་པའི་རྒྱུ་ཆས་གྲུབ་པས་ཡིན་པར་སྙམ་ལ། ངོས་རང་སྒར་བྲིས་རི་མོའི་རྒྱུད་འཛིན་པ་ཞིག་ཡིན་པའི་ངོས་ནས་ལྷ་བྲིས་གཞན་པར་བསམ་འཆར་དང་རེ་ཞུ་གང་ཡོད་ཟེར་ན། དེང་སང་སྒོར་མོའི་ཡོང་སྒོ་དང་གནས་སྐབས་རང་གི་ཁེ་ཕན་ཙམ་གཙོ་བོར་གཉེར་ཏེ་སྲོལ་རྒྱུན་རི་མོ་ལ་སྣང་མེད་དང་། དད་རྟེན་གྱི་སྐུ་གཟུགས་ལ་མཐོང་ཆུང་། སྔོན་བྱོན་མཁས་པ་ཚོའི་རི་མོའི་སྲོལ་ལུགས་ཆེན་མོ་གང་རུང་གི་རྒྱུན་འཛིན་པའི་མི་རྣམས་ཀྱིས་ཀྱང་མིང་དང་གོ་ས་ཙམ་གཉེར་བ་ལས། ཐིག་རྩ་དང་། རི་མོ། ཚོན་མདངས་བཅས་སྣང་མེད་དུ་བཏང་དང་གཏོང་བའི་གནས་ཚུལ་དང་ཉེན་ཁ་འདུག་པ་འདི་དང་། ཡང་ཕྱོགས་གཅིག་ནས་གསར་གཏོད་བྱེད་ཀྱི་ཡོད་ཟེར་ནས་སྲོལ་རྒྱུན་རི་མོ་ནག་བསུབ་གཏོང་བའི་སྦྱོར་བ་ཡང་སྤེལ་བཞིན་འདུག་པ་དེ་དག་མཚམས་འཇོག་བྱས་ཏེ། རང་གཞན་ཀུན་གྱིས་རྒྱལ་སྤྱི་དང་རྒྱལ་ནང་ཀུན་ན་དགའ་དད་ཆེ་ཞིང་། རིན་ཐང་གིས་ཡོངས་སུ་ཕྱུག་པའི་སྲོལ་རྒྱུན་གྱི་རི་མོ་འདི་མིང་དོན་མཚུངས་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐབས་ལ་འབད་དགོས་པའི་སྐུལ་མ་སྙིང་ཁོང་རུས་པའི་གཏིང་ནས་ཞུ་རྒྱུ་ཡིན།
༦༽ དྲི་བ། ཉིད་ཀྱིས་གཟིགས་ན་སྔོན་དང་དེང་སང་གི་ཐང་ག་འབྲི་སྟངས་དང་འབྲི་མཁན་བར་གྱི་ཁྱད་པར་ཆེ་ཤོས་དེ་གང་ཡིན་པ་དང་། འདིའི་བར་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ལས་གང་ཆེ་བར་དགོངས་བཞིན་ཡོད།
ལན། ངེད་ཀྱི་ལྟ་ཚུལ་ལ་སྔོན་གྱི་ཐང་ག་འབྲི་སྟངས་དང་། དེང་གི་འབྲི་སྟངས་བར་ཁྱད་པར་ཆེན་པོ་འདུག་བསམ། རྒྱུ་མཚན་ནི་སྔོན་གྱི་རི་མོ་འབྲི་མཁན་མཐའ་དག་གིས་དགེ་རྒན་བཟང་བོར་བསྟེན་ཏེ། དང་ཐོག་རྒྱུ་མཚན་ཤེས་པའི་སྟེང་རི་མོ་ཚད་ལྡན་མཐར་ཐུག་པར་སྦྱངས་ནས་དགེ་རྒན་དེའི་རི་མོའི་རྒྱུན་འཛིན་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། དེང་དུས་རི་མོ་འབྲི་མཁན་མང་ཆེ་ཤོས་ཀྱིས་སྲོལ་རྒྱུན་ལྷ་བཟོའི་རིག་པར་སྦྱངས་པ་ཆེན་པོ་སྔོན་དུ་མ་སོང་བར་རི་མོའི་ལུགས་གསར་གཏོད་བྱེད་ཁུལ་དང་། སྔོན་བྱོན་མཁས་པ་ཚོའི་རྒྱུད་འཛིན་ཁུལ་བྱེད་བཞིན་ཡོད་རེད། དེ་བས། དེ་གཉིས་བསྡུར་ན་ལེགས་ཆ་སྔར་གྱི་རི་མོ་བ་རྣམས་ཆེ་བར་འདོད། རྒྱུ་མཚན་གཞན་ནི་དེང་དུས་ཀྱི་རི་མོ་བ་ཕལ་ཆེ་བས་སྲོལ་རྒྱུན་རི་མོར་རྨ་ཁ་དང་། མི་རབས་རྗེས་མ་ཚོ་ལ་སྲོལ་རྒྱུན་གྱི་རི་མོ་དེ་རྩིས་སྤྲོད་བྱ་ཐབས་བྲལ་བའི་ལས་ཀ་སྤེལ་ཏེ། རིག་གཞུང་རིན་ཐང་ཅན་འདི་ཡང་ཉེན་ཁའི་འོབས་སུ་འཕེན་བཞིན་ཡོད་པས་ཡིན་ལགས།
༨ ༽ དྲི་བ། མཐར་ངེད་དྲྭ་ཚིགས་ཀྱིས་ཁྱེད་ཀྱི་བྱ་བཞག་ཐམས་ཅད་སྔར་ལས་གོང་འཕེལ་ཡོང་བ་དང་། སྐུ་ཉིད་ཀྱིས་བོད་ཀྱི་ལྷ་རིས་རིག་པར་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་སྨོན་འདུན་དང་། བཅར་འདྲི་དང་ལེན་གནང་བར་ཡང་སྙིང་ནས་ཐུགས་རྗེ་ཆེ་ཞུ། སྐུ་ཚེ་རིང་།


ལན། ལགས་སོ། །ལགས་སོ། །ཁྱེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱ་བོད་དབྱིན་གསུམ་གྱི་དྲ་ཚིགས་ཀྱང་སྔར་ལས་གོང་འཕེལ་ཡོང་བ་དང་། དམན་པ་བདག་ལྟ་བུ་ཡང་སྲོལ་རྒྱུན་རིག་གནས་ལས་རིག་ཚན་ཞིག་གི་རྒྱུན་འཛིན་པའི་གྲལ་དུ་བཞག་སྟེ། དམིགས་བསལ་བཅར་འདྲི་ངོ་བཅར་གནང་བར་ཡང་བཀའ་དྲིན་དང་ཐུགས་རྗེ་ལེགས་འབུལ་ཞུ། བཀའ་དྲིན་ཆེ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505421
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།