རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་བྱ་ཚུལ་མདོར་བསྡུས་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་བྱ་ཚུལ་མདོར་བསྡུས་བཞུ
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་བྱ་ཚུལ་མདོར་བསྡུས་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-06-03ལྟ་ཀློག (12459)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་བྱ་ཚུལ་མདོར་བསྡུས་བཞུགས་སོ།།

 ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད། 
 གྲངས་མེད་རྒྱལ་བས་འདུལ་བར་མ་ནུས་པའི།།
 རབ་རྨོངས་རྩོད་པའི་དུས་ཀྱི་འགྲོ་རྣམས་ལ།།
 ལྷག་པར་བརྩེ་བའི་སྟོན་པ་ཐུགས་རྗེ་ཅན།།

 འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ་བོར་འདུད།།


 ཐུབ་བསྟན་སྙིགས་མར་གྱུར་བའི་དུས་ཀྱི་མཐར།།

 བྱང་གི་ཕྱོགས་འདིར་རྒྱལ་བསྟན་སྤེལ་བ་ལ།།
 རྒྱལ་བ་ཉིད་དང་མཚུངས་པའི་ཐུགས་རྗེ་ཅན།།
 འཇམ་མགོན་བླ་མའི་ཞབས་ལ་གུས་པས་འདུད།།

 བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།།
 རྒྱལ་བ་གཉིས་པའི་བསྟན་པ་སྤེལ་སླད་དུ།།
 བསམས་བཞིན་དགེ་བའི་བཤེས་གཉེན་སྐུར་བསྟན་པ།།
 སྐྱབས་མགོན་བླ་མའི་ཞབས་ལ་སྙིང་ནས་འདུད།།

 རྟེན་འབྱུང་གནས་ནི་ཟབ་ཅིང་ཤིན་ཏུ་ཕྲ།།
 བདག་གི་རྣམ་དཔྱོད་ཤིན་ཏུ་དམན་གྱུར་པས།།
 རྟེན་འབྲེལ་གནས་ཚུལ་ཇི་བཞིན་བཤད་དཀའ་ཡང་།།
 གྲོགས་ཀྱི་བསམ་པ་རྫོགས་ཕྱིར་ཅུང་ཟད་བྲི།།

    དེ་ཡང་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་ཆེད་འབའ་ཞིག་ཡིན་ལ། མངོན་མཐོ་སྒྲུབ་པའི་ཐབས་ནི་ངན་འགྲོའི་རྟེན་འབྲེལ་བཅུ་གཉིས་ཀྱི་ལྡོག་འཇུག་བསམས་པས་ཡིད་ཆེས་རྙེད་ནས་ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་སྡིག་སྤོང་དགེ་སྒྲུབ་ལ་འབད་པ་ཉིད་ཡིན་ཞིང་། ངེས་ལེགས་སྒྲུབ་པའི་ཐབས་དམ་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བདེན་བཞིའི་སྒོ་ནས་འཁོར་བར་འཇུག་པ་དང་དེ་ལས་ལྡོག་པའི་ཚུལ་བསམས་ཏེ་ཐར་འདོད་བསྐྱེད་ནས་ལམ་བསླབ་པ་གསུམ་ལ་སློབ་པ་ཉིད་ཡིན་ལ། བདེན་བཞིའི་བླང་དོར་གྱི་ཚུལ་མདོར་བསྡུས་ལོགས་སུ་བྲིས་ནས་ཡོད་ཅིང་། འདིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་གི་ཚུལ་ཅུང་ཟད་བྲི་བ་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་བྱ་བ་ནི་འདི་དག་སྟེ། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་སོ།།

དེ་དག་སོ་སོའི་ངོས་འཛིན་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་བོ་འཁོར་བའི་རྩ་བ་མ་རིག་པ་འདི་ལ་འཇོག་ཚུལ་མང་དུ་སྣང་ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་གང་ཟག་དང་ཕུང་བོ་བདེན་འཛིན་འཁོར་བའི་རྩ་བ་མ་རིག་པར་བཤད། སློབ་དཔོན་ཆོས་ཀྱི་གྲགས་པས་ནི་འཇིག་ལྟ་འཁོར་བའི་རྩ་བ་མ་རིག་པར་བཤད། སྤྱིར་མ་རིག་པ་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། གནས་ལུགས་ཀྱི་དོན་ལ་རྨོངས་པའི་མ་རིག་པ་གཉིས་སུ་ཡོད་དོ།། 

འདུ་བྱེད་ནི། ལས་ཡིན་ལ་དེ་ལ་ཡང་ངན་འགྲོ་འཕེན་པའི་བསོད་ནམས་མིན་པའི་ལས་དང་འདོད་ཁམས་ཀྱི་བདེ་འགྲོ་འཕེན་པའི་བསོད་ནམས་ཀྱི་ལས་དང་ཁམས་གོང་མའི་བདེ་འགྲོ་འཕེན་པའི་མི་གཡོ་བའི་ལས་གསུམ་ཡོད་དོ།། 

རྣམ་པར་ཤེས་པ་ནི། ཡིད་ཀྱི་ཤེས་པ་ཡིན་ལ། དེ་ལ་རྒྱུ་དུས་ཀྱི་རྣམ་པར་ཤེས་པ་དང་། འབྲས་དུས་ཀྱི་རྣམ་པར་ཤེས་པ་གཉིས། དང་བོ་ནི། ལས་གང་གསོག་ཀྱང་དེའི་བག་ཆགས་བསྒོས་པའི་ཚེ་འདིའི་རྣམ་ཤེས་སོ།། གཉིས་པ་ནི། ལས་དེའི་འབྲས་བུ་སྐྱེ་གནས་གང་དུ་སྐྱེས་པ་དེར་ཉིང་མཚམས་སྦྱར་བའི་རྣམ་པར་ཤེས་པའོ།།   

མིང་དང་གཟུགས་ལ་མིང་ནི། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཞིའོ།། གཟུགས་ནི། མངལ་དུ་ཆགས་མ་ཐག་གི་མེར་མེར་པོ་ནས་བཟུང་གཟུགས་ཕུང་ཇི་ལྟར་གྲུབ་པ་དང་། གཟུགས་མེད་དུ་སྐྱེས་པ་རྣམས་ལ་གཟུགས་ཀྱི་ས་བོན་ཙམ་ཞིག་འཇོག་གོ། 

སྐྱེ་མཆེད་དྲུག་ནི། མིག་ནས་ཡིད་ཀྱི་བར་དྲུག་གོ། 

རེག་པ་ནི། ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ཡོངས་སུ་གཅོད་པའོ།། ཚོར་བ་ནི། བདེ་སྡུག་བཏང་སྙོམས་གསུམ་མྱོང་བའོ།། 

སྲེད་པ་ནི། བདེ་བ་བྱུང་ན་མི་འབྲལ་བར་སྲེད་པ་དང་། སྡུག་བསྔལ་བྱུང་ན་འབྲལ་བར་སྲེད་པའོ།། སྲེད་པ་ལ་དབྱེ་ན། ཁམས་གསུམ་གྱི་སྲེད་པ་གསུམ་ཡོད་ཅིང་། རྣམ་འགྲེལ་ལས། འདོད་སྲེད། འཇིག་སྲེད། སྲིད་སྲེད་གསུམ་དུ་ཡོད་པར་བཤད་དོ།། 

ལེན་པ་ནི། འདོད་ཡོན་སོགས་ཆགས་ཡུལ་ལ་འདུན་ཞིང་ཆགས་པའོ།། ལེན་པ་ལ་དབྱེ་ན། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་རྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་ཡོད་དེ། གཟུགས་སོགས་འདོད་ཡོན་ལ་ཆགས་ཤིང་འདུན་པའི་འདོད་པ་ཉེ་བར་ལེན་པ་སོགས་བཞི་ཡོད་དོ།། 

སྲིད་པ་ནི། སྔར་གྱི་འདུ་བྱེད་སྲེད་ལེན་གྱིས་གསོས་བཏབ་པས་ནུས་པ་མཐུ་ཅན་དུ་གྱུར་པའོ།།

སྐྱེ་བ་ནི། སྐྱེ་གནས་སུ་ཉིང་མཚམས་སྦྱར་བའོ།། 

རྒ་ཤི་ལ་རྒ་བ་ནི། ཕུང་བོ་སྨིན་ཅིང་ན་ཚོད་འགྱུར་བའོ།། ཤི་བ་ནི། ཚེ་འདིའི་ཕུང་བོ་དོར་བའོ།། 

    རྟེན་འབྲེལ་བཅུ་གཉིས་ཀྱི་གནད་འགག་བསྡུ་ན་བཞི་སྟེ། འཕེན་པའི་ཡན་ལག་དང་། འཕངས་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། མངོན་པར་གྲུབ་པའི་ཡན་ལག་གོ།འཕེན་པའི་ཡན་ལག་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ་རྣམས་ཡིན་ནོ།།འཕངས་པའི་ཡན་ལག་ནི། མིང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ་རྣམས་སོ།། མངོན་པར་འགྲུབ་བྱེད་ཀྱི་ཡན་ལག་ནི། སྲེད་པ་ལེན་པ་སྲིད་པ་གསུམ་མོ།།མངོན་པར་འགྲུབ་པའི་ཡན་ལག་ནི། སྐྱེ་བ་དང་རྒ་ཤི་གཉིས་སོ།། རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ཚུལ་ཇི་ལྟ་བུ་ཞེ་ན། དེ་ལ་གཉིས་ལས། ངན་སོང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ཚུལ་ནི། ལས་འབྲས་ལ་རྨོངས་པའི་མ་རིག་པའི་དབང་གིས་བསོད་ནམས་མིན་པའི་ལས་བསགས་ནས་ལས་དེའི་བག་ཆགས་རྒྱུ་དུས་ཀྱི་རྣམ་ཤེས་ལ་བཞག དེ་ཉིད་སྲེད་པ་དང་ལེན་པ་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ལས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་བ་ན་འབྲས་བུ་ངན་སོང་གསུམ་དུ་ཉིང་མཚམས་སྦྱར་ཏེ་ཡིད་དུ་མི་འོང་བའི་རྣམ་སྨིན་གྱི་ཕུང་བོ་གྲུབ་ནས་ཚ་གྲང་དང་བཀོལ་སྤྱད་སོགས་སྡུག་བསྔལ་དྲག་ལ་རྩུབ་ཅིང་བཟོད་པར་དཀའ་བ་ལས་དེ་ཉིད་མ་ཟད་ཀྱི་བར་དུ་མྱོང་ནས། ལས་དེ་ཉིད་ཟད་པ་ན་འཆི་བའི་དུས་བྱེད་ཅིང་། ཡང་སྐྱེ་གནས་གཞན་དུ་སྐྱེས་ནས་སྡུག་བསྔལ་ཟོ་ཆུན་གྱི་ཁྱུད་མོ་ལྟར་དུ་རྒྱུན་མར་མྱོང་ཞིང་འཁོར་རོ།།

    བདེ་འགྲོ་ཡན་ལག་བཅུ་གཉིས་འཁོར་ཚུལ་ནི། བདག་མེད་ཀྱི་གནས་ལུགས་ལ་རྨོངས་པའི་མ་རིགཔའི་དབང་གིས་འདོད་ཁམས་ཀྱི་བདེ་འགྲོ་འཕེན་པའི་བསོད་ནམས་ཀྱི་ལས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་སོགས་དང་། ཁམས་གོང་མའི་བདེ་འགྲོ་འཕེན་བྱེད་ཏིང་ངེ་འཛིན་སྒོམ་པ་སོགས་མི་གཡོ་བའི་ལས་ཅི་རིགས་བསགས་པ་ལ་བརྟེན་ནས་བདེ་འགྲོའི་རྟེན་དུ་སྐྱེ་ཞིང་། མིར་སྐྱེ་བ་ལྟ་བུ་ལ་མཚོན་ན། བདག་མེད་ཀྱི་གནས་ལུགས་ལ་རྨོངས་པའི་མ་རིག་པའི་དབང་གིས་བསོད་ནམས་ཀྱི་ལས་བསགས། ལས་དེའི་བག་ཆགས་རྣམ་ཤེས་ལ་བཞག དེ་ཉིད་སླར་སྲེད་པ་དང་ལེན་པ་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ནུས་པ་མཐུ་ཅན་དུ་སོང་བ་ན་མའི་མངལ་དུ་ཉིང་མཚམས་སྦྱོར་ཞིང་མིང་གཟུགས་ཀྱི་ཕུང་བོ་གྲུབ། དེ་ཉིད་ལ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་རིམ་གྱིས་ཆགས། རེག་པ་དང་ཚོར་བ་སོགས་རིམ་གྱིས་འགྲུབ་ཅིང་། དེ་ཡང་དང་བོར་མེར་མེར་པོ་ནས་བཟུང་ལུས་ཀྱི་དབང་བོ་རིམ་གྱིས་ཆགས་ནས་ཟླ་བ་བཅུའི་ངོ་མཐོང་ཙམ་ན་ཕྱི་རོལ་ཏུ་བཙལ་ཞིང་སྡུག་བསྔལ་བཟོད་དཀའ་བ་དཔག་ཏུ་མེད་པ་མྱོང་དགོས་པར་གསུངས།

    དེ་ནས་རིམ་གྱིས་ན་ཚོད་རྒྱས་ནས་ཀྱང་ཆགས་སྡང་རྨོངས་གསུམ་གྱི་དབང་གིས་ལུས་སེམས་ལ་སྡུག་བསྔལ་སྣ་ཚོགས་འཕེལ། དགེ་སྡུག་གི་ལས་དུ་མ་ཞིག་གསར་དུ་བསགས་ནས་ཕུང་བོ་རིམ་བཞིན་སྨིན་ཅིང་སྔར་གྱི་ལས་དེ་ཉིད་ཟད་པ་ན་ཚེ་འདིའི་ཕུང་བོ་འདོར་བའི་འཆི་བ་འབྱུང་། ཡང་དགེ་སྡིག་གི་ལས་སྔ་མ་རྣམས་རིམ་གྱིས་གསོས་བཏབ་སྟེ་འགྲོ་བ་དྲུག་ཏུ་སྐད་ཅིག་ཀྱང་ངལ་གསོ་མེད་པར་སྡུག་བསྔལ་གསུམ་པོ་ཅི་རིགས་པ་རྒྱུན་མི་འཆད་དུ་མྱོང་དགོས་པར་གསུངས་སོ།།

    འོ་ན་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཇི་ཙམ་ཞིག་ལས་ཡིན། ཇི་ཙམ་ཞིག་ཉོན་མོངས་ཡིན། ཇི་ཙམ་ཞིག་སྡུག་བསྔལ་ཡིན་སྙམ་ན། འདི་ལྟ་སྟེ། འདུ་བྱེད་དང་། སྲིད་པ་གཉིས་ལས་ཡིན། མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་ནི་ཉོན་མོངས་པ། རྒྱུ་དུས་དང་འབྲས་དུས་ཀྱི་རྣམ་ཤེས། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྐྱེ་བ། རྒ་ཤི་རྣམས་ནི་སྡུག་བསྔལ་ལོ།།
    འོ་ན་རྟེན་འབྲེལ་ཡནལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་པ་འདི་ཐེག་པ་ཆེ་ཆུང་གི་ཆོས་སྐོར་དུ་འདུ་སྙམ་ན། འདི་ནི་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐམས་ཅད་ཀྱི་བསམ་པར་བྱ་རྒྱུའི་ཉམས་ལེན་གྱི་གནད་ཁྱད་པར་ཅན་ཞིག་ཡིན་ནོ།། དེ་ཡང་ཐེག་པ་དམན་པ་རྣམས་ཀྱིས་ནི་རང་གཅིག་པུ་འཁོར་བ་ལས་ཐར་བའི་ཕྱིར་དུ་འཁོར་བའི་འཇུག་རིམ་འདི་ལྟར་དུ་བསམས་ནས་འཁོར་བའི་རྩ་བ་གཅོད་པར་བྱེད་པ་ཡིན་ལ། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ནི་རང་ཉིད་འཁོར་བར་འཇུག་པའི་རིམ་པ་ལ་ངེས་པ་བརྟན་པོ་རྙེད་པ་ན། རང་གི་ཉམས་ལ་དཔགས་ནས་སེམས་ཅན་ཐམས་ཅད་ཀྱང་རིམ་པ་འདི་ལྟ་བུའི་སྒོ་ནས་འཁོར་བར་འཁོར་བའི་ཚུལ་ལ་བསམས་ནས་མི་བཟོད་པའི་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་འཁོར་བ་ནས་འདོན་པའི་ཕྱིར་དུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་ནོ།།
    རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པ་ལ་ཚེ་དུ་དགོས་སྙམ་ན། མྱུར་ན་ཚེ་གཉིས་ལ་རྫོགས་པ་ཞིག་འོང་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྒྱུ་དུས་ཀྱི་རྣམ་ཤེས་དང་། སྲེད་པ། ལེན་པ། སྲིད་པ་རྣམས་ལ་ཚེ་གཅིག་དང་། མིང་གཟུགས་སོགས་རྟེན་འབྲེལ་ལྷག་མ་རྣམས་ཚེ་གཅིག་ལ་རྫོགས་པ་འོང་བའི་ཕྱིར། ཇི་ལྟར་བུལ་པའམ་འགྱངས་ཀྱང་ཚེ་གསུམ་ལས་མི་འགྱངས་ཏེ། མ་རིག་པ། འདུ་བྱེད། རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ལ་ཚེ་གཅིག་དང་། སྲེད་ལེན་སྲིད་པ་གསུམ་ལ་ཚེ་གཅིག མིང་གཟུགས་སོགས་ལྷག་མ་རྣམས་ལ་ཚེ་གཅིག་སྟེ། ཚེ་གསུམ་ལ་ངེས་པར་རྫོགས་ནུས་པའི་ཕྱིར། འདི་དག་ཇི་ལྟར་རྫོགས་པའི་ཚུལ་རྣམས་ཞིབ་ཏུ་འབྲི་དགོས་ནའང་། འདིར་ཡི་གེ་མང་བས་འཇིགས་ནས་འབྲི་མཐུབ་པས། རྒྱལ་བ་ཙོང་ཁ་བ་ཆེན་པོའི་གསུང་རབ་རྣམས་ལ་ཞིབ་ཏུ་བལྟས་ནས་ཤེས་པར་བྱའོ།། དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཇུག་ལྡོག་གི་རིམ་པ་ཚུལ་བཞིན་དུ་བསམ་པ་ནི་གནད་ཤིན་ཏུ་ཆེ་ཞིང་། ལྷག་པར་བཤེས་གཉེན་ཆེན་པོ་ཕུ་ཐུང་བ་ནི་ཚུལ་འདིའི་སྒོ་ནས་ཉམས་ལེན་གཙོ་བོར་མཛད་དེ། དེ་ཡང་ངན་འགྲོའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་པ་ནི་སྐྱེས་བུ་ཆུང་ངུའི་སྐོར་དང་། བདེ་འགྲོ་ལྷ་མིའི་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་སེམས་པ་ནི་སྐྱེས་བུ་འབྲིང་གི་སྐོར་དང་།
རང་ཉམས་ལ་དཔགས་ནས་སེམས་ཅན་ཐམས་ཅད་ཀྱང་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་བའི་ཚུལ་ལ་བསམས་ནས་བྱམས་སྙིང་རྗེ་བྱང་སེམས་ཀྱི་སྒོ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ཆ་ཚང་བ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའི་སྐོར་དུ་མཛད་དོ།། མདོར་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལ་སློབ་པར་མཛད་པ་ནི་བཀའ་གདམས་གོང་མ་རྣམས་དང་རྗེ་ཡབ་སྲས་ཀྱི་རྣམ་པར་ཐར་བ་ལགས་པས། རྒྱལ་བ་དགྱེས་པའི་རྣམ་ཐར་བཟང་བོ་འདི་དག་གི་རྗེས་སུ་ཞུགས་ནས་མང་དུ་ཐོས་པ་དོན་དང་ལྡན་པར་མཛོད་ཅིག།
                   
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།
 བརྩེ་བ་ཆེན་པོས་ལེགས་པར་འདོམས་མཛད་པ།།
 བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་ལ།།
 སླར་ཡང་འདུད་དོ་བརྩེ་བས་བསྐྱང་དུ་གསོལ།།

 མཁས་ཤིང་གྲུབ་པའི་རྗེ་དང་མཇལ་གྱུར་ཀྱང་།།
 འདི་ནང་སྣང་ཤས་གདོན་གྱི་དབང་གྱུར་བས།།
 དོན་མེད་འཇིག་རྟེན་རྒན་པོའི་ལུགས་སྐྱོང་བ།།
 རབ་རྨོངས་བདག་ལ་གཟིགས་ཤིག་བླ་མ་རྗེ།།

 སྙིགས་མ་ལྔ་བོ་ཆེས་ཆེར་བདོ་དུས་འདིར།།
 བཤད་པས་གཞན་ལ་ཕན་པ་དཀའ་ན་ཡང་།།

 ཆུང་ནས་འདྲིས་པའི་གྲོགས་ཀྱི་བསམ་པ་དང་།། 

བསྟུན་ནས་རྟེན་འབྲེལ་བསམ་ཚུལ་མདོར་བསྡུས་བཀོད།།


ཆོས་མིན་བསྟན་པའི་ཉེས་པ་ཆེས་ལྕི་བས།།
ཚུལ་འདིར་ཉེ་བར་བཤད་པ་ཅི་མཆིས་པ།།
སྒྲིབ་མེད་གཟིགས་པའི་སྤྱན་ལྡན་ཐམས་ཅད་ལ།།
སྙིང་ནས་བཤགས་སོ་བདག་ལ་སྒྲིབ་མེད་མཛོད།།

འདི་ལ་ལེགས་ཆ་ཅུང་ཟད་མཆིས་གྱུར་ན།།
 ཚེ་རབས་ཀུན་ཏུ་དམ་པའི་བཤེས་གཉེན་གྱིས།།
རྗེས་སུ་བཟུང་སྟེ་འཁྲུལ་མེད་ལམ་བཟང་དང་།།
སྐད་ཅིག་ཙམ་ཡང་འབྲལ་བ་མེད་གྱུར་ཅིག།།

ཅེས་པ་འདི་ནི་གཞུང་ལུགས་སྨྲ་བ་དཀའ་ཆེན་ཡེ་ཤེས་འབྱུང་གནས་ཀྱིས་འདི་ལྟ་བུ་ཞིག་ཅིས་ཀྱང་དགོས་ཞེས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། རྒྱལ་ཁམས་པ་ཡེ་ཤེས་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་མོ་བཀྲ་ཤིས་ལྷུན་པོར་སྦྱར་བའོ།། །།

རྩོམ་ཡིག་ཕབ་བཤུ་བ།  སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528746
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།