རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར
རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-06-02ལྟ་ཀློག (9732)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ།


ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་བརྩམས།

  དེ་ཡང་དེང་དུས་འདིར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ཏེ་སྤྱི་ཚོགས་བདེ་འཇགས་དང་མི་མང་གི་འཚོ་བ་ཡར་རྒྱས། ཚོང་ལས་དཔལ་འབྱོར་གྱི་ཚ་རླབས་འཕྱུར་ཞིང་འགྲན་རྩོད་ཀྱི་མེ་སྟག་འཚུབ་ཀྱིན་ཡོད་ལ། དེ་ལས་རྒྱ་བོད་སོག་གསུམ་དང་ཁ་ཆེ་ཕྱི་གླིང་བ་སོགས་ཚོང་ལས་ཀྱི་ཆེད་དུ་ཕྱོགས་གཅིག་ཏུ་འདུ་བ་དང་། ཡུལ་སྐོར་ལྗོངས་རྒྱུ་བྱེད་སྐབས་གནས་གཅིག་ནས་འཛོམས་པ། བོད་པ་གྲོང་ཁྱེར་དུ་སོང་ན་སྡོད་གནས་ཀྱི་དབང་གིས་མི་རིགས་གཞན་པ་རུ་སྐོར་ཁྱིམ་མཚེས་སུ་འགྱུར་བ། ཇ་ཁང་ཆང་ཁང་ཟ་ཁང་མགྲོན་ཁང་སོགས་ནས་ཕན་ཚུན་གོམས་ལོབས་སུ་འགྲོ་ཞིང་ཡིད་སེམས་འདྲིས་པར་གྱུར་བ་སོགས། གང་ལྟར་སྔོན་དུས་ཡིན་ན་མི་རིགས་གཞན་དང་འབྲེལ་འདྲིས་ཆེར་བྱུང་མ་མྱོང་བའི་བོད་པ་ཚོའང་ད་ལྟ་སྔར་གྱི་ཁོར་ཡུག་དང་སྐད་ཡིག་ལས་འགོངས་ནས་ཚོང་ལས་སྣ་ཚོགས་གཉེར་བ་དང་ལས་ཀ་འདྲ་མིན་བྱེད་པ་སོགས་མདོར་ན་དུས་རབས་གསར་བའི་དཔལ་འབྱོར་ཚ་རླབས་ཁྲོད་ཞུགས་ཏེ་སྒོར་མོའི་ཆེད་དུ་འབུངས་ཀྱིན་པ་ནི་ཤིན་ཏུ་ལེགས་མོད། ཡིན་ན་ཡང་ཕྱི་རྒྱལ་བ་རང་རྒྱལ་དུ་ཡོང་བ་དང་ཀྲུང་གོ་བ་ཕྱི་རྒྱལ་དུ་སོང་བའི་འབྲེལ་འདྲིས་ཀྱི་གོམས་སྟབས་དང་བསྟུན་ནས་མི་འདོད་པའི་ན་ཚ་ཨེ་ཛི་དང་རེག་དུག་སོགས་མཚན་མའི་འགོས་ནད་ངན་པ་སྔོན་དུས་བོད་ཁ་བ་ཅན་ལྟ་ཅི་ཐ་ན་རང་རྒྱལ་གྱི་ནང་ལོགས་སུའང་མཆེད་མ་མྱོང་བ་སྐོར་ཞིག་རིམ་གྱིས་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་མོ་དང་མི་གྲངས་མང་ས་རུ་མཆེད་ཅིང་དེ་ལས་རིམ་གྱིས་རིམ་གྱིས་མི་ཚོགས་ཀྱི་འདུ་ལོང་དང་བསྟུན་ཏེ་མཐོ་སྒང་བོད་ཡུལ་དུ་མཆེད་པའི་ཉེན་ཁ་ཧ་ཅང་ཆེ། དེས་ན་བོད་པ་ཚོ་འདིའི་ཕྱོགས་ནས་རྗེས་ལུས་ཡིན་པའི་སྟབས་ཀྱིས་ན་ཚ་འདི་འདྲ་སྔོན་འགོག་བྱེད་པའི་ཤེས་བྱ་ཏིལ་ཙམ་ཡང་དཀོན་ལ་འགོས་ནད་འདི་འདྲ་སྔོན་ཆད་མེད་པའི་སྟབས་ཀྱིས་དེ་ལ་མཉམ་འཇོག་དང་འཛེམ་དོགས་བྱེད་པའི་ལུགས་སྲོལ་དབེན་པས་ན་ཉེན་ཁ་ཧ་ཅང་ཆེ་བ་སྨོས་ཅི་དགོས། མི་ན་བར་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། ། ཞེས་དཔལ་ལྡན་རྒྱུད་བཞི་ལས་གསུངས་པ་ལྟར། སྤྱིར་ནད་གང་ལ་མཚོན་ན་ཡང་ནད་མ་བྱུང་བའི་སྔོན་ནས་འགོག་པའི་ཆོ་ག་བསྟེན་རྒྱུ་གཙོ་བོ་ཡིན་པ་བཞིན་དུ། རེག་དུག་དང་ཨེ་ཙིའི་ན་ཚ་འདི་ལ་མཚོན་ནའང་རྒྱུས་ལོན་དང་ངོ་སྤྲོད། དྲིལ་སྒྲོག་དང་སློབ་སྟོན་བཅས་བྱས་པ་བརྒྱུད་དེ་སྔ་མོ་ནས་སྔོན་འགོག་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་སྨོས་མེད་ལགས་པས་ན། གཤམ་ནས་དེ་ཇི་ལྟར་སྔོན་འགོག་བྱེད་པའི་ཐབས་ཤེས་སྤྱོད་དགོས་པའི་སྐོར་རེ་རེ་བཞིན་དུ་རང་གི་འདོད་ཚུལ་ལྟར་གླེང་བར་བྱའོ། །

གཅིག   ཐོག་མར་བོད་གངས་ཅན་པའི་བསམ་པའི་རྒྱུད་ཀྱི་སྣང་མེད་དུ་འཇོག་པའི་འཁྲིག་སྤྱོད་ཀྱི་གོམས་སྲོལ་རྒྱ་ཡན་དེ་བསྒྱུར་དགོས་པར་འདུག

    དེ་ཡང་རང་ཅག་ཚང་མས་ཤེས་གསལ་བཞིན་དུ་བོད་ཁ་བ་ཅན་གྱི་མི་རྣམས་ནི་ཁ་མཚར་བཤད་པ་དང་། གླུ་ལ་གཞས་ལེན་པར་སྤྲོ་བ། བྲོ་གར་ལ་དུང་བའི་མི་རིགས་ཤིག་ཡིན་པ་མ་ཟད།སྔ་མོ་གནའ་མིའི་དུས་ནས་ལོ་རབས་བདུན་ཅུ་བརྒྱད་ཅུ་བའི་སྐབས་སུ་ཕོ་གསར་མོ་གསར་ཚོས་རང་དགར་དུ་དགའ་རོགས་གང་འདོད་བཙལ་ཞིང་། བོད་ཁུལ་ལས་ཀྱང་ཁྱད་པར་དུ་འབྲོག་ཁུལ་ལ་མཚོན་ན་རང་ཉིད་ལའང་འདིའི་ཕྱོགས་ཀྱི་ཆ་རྒྱུས་ཧ་ཅང་ཆེ་སྟེ། དེ་དུས་གསར་བུ་ཚོ་མུན་རུབ་པ་དང་ལྷན་དུ་ལ་གཞས་ལེན་ཞིང་ལག་གློག་བཟུང་སྟེ་སྡེ་བ་གཞན་པར་སོང་ནས། རང་ཉིད་ལ་ཤ་རུས་པའི་འབྲེལ་བ་མེད་པའི་མོ་གསར་ཚོ་ཉལ་བའི་འཁྲིས་སུ་བཅར་ནས་གམ་དུ་ཉལ་ཏེ་མལ་གོས་ཀྱི་རུམ་ཁ་ནས་འཐེན་ཞིང་རུམ་ཕྱེས་ཞེས་ཁ་ཤག་འཐེན་རེས་བྱེད་པ་དང་། དེ་ལྟར་བྱས་ཚེ་མོ་གསར་རྣམས་ལའང་རྣམ་རིག་རྒྱས་ནས་ཕྱིར་རྩེད་མཚར་གྱི་ལན་འདེབས་པ་ལས། ཁོང་ཁྲོ་ལངས་པའི་གནས་ཚུལ་ཤིན་ཏུ་ཉུང་ཞིང་། དེ་ལྟར་ཡུན་གྱིས་ཕན་ཚུན་གྲོས་མཐུན་བྱུང་ན་དགའ་རོགས་སྒྲིག་པ་རེད། ད་དུང་གསར་བུ་ལ་ལས་ཞག་མ་གཅིག་ལ་སྡེ་བ་གཅིག་གི་འགོ་རྔ་མ་བརྒྱུད་དེ་གསར་མོ་གཉིས་གསུམ་ལ་འཁྲིག་པ་སྤྱོད་པའང་མཆིས་པ་རེད། དེ་ཡང་གཅིག་གི་གམ་ནས་ཆུ་ཚོད་འགའ་ཤས་ལ་བསྡད་དེ་བྱ་བ་འགྲུབ་པ་ན་ཡང་བསྐྱར་གཞན་ཞིག་གི་གམ་དུ་འགྲོ་བ་རེད། བུད་མེད་མང་པོ་ཞིག་གིས་གསར་བུ་ཚོ་དེ་ལྟར་ལོ་སར་ལ་འགྲོ་འགྲོ་བྱེད་པ་ཤེས་ན་ཡང་ཁོ་མོ་ཚོར་འཁང་ར་དང་སྡང་སེམས་མེད་པར་མོས་མཐུན་འབྱུང་བ་རེད། ཡང་བུད་མེད་སྐོར་ཞིག་ལ་གསར་བུ་རྣམས་ཀྱིས་ཁ་ཡག་མགོ་སྐོར་གྱི་སྐད་ཆ་མང་པོ་ལབ་ནས་བསླུ་བྲིད་ཐེབས་སུ་འཇུག་པ་རེད། གསར་བུ་དེ་དག་གིས་བུད་མེད་དེ་ཚོ་ཆུང་མར་ལེན་རྒྱུ་ཡིན་ཚུལ་འདྲ་འདྲ་འགྲིག་འགྲིག་མང་པོ་སྨྲ་བ་མ་ཟད།ཐ་ན་མཚན་མུན་ནག་གི་ཁྲོད་ནས་ཕན་ཚུན་གྱི་ངོ་མི་ཤེས་ན་ཡང་འུ་གཉིས་ན་ནིང་གཞེས་ནང་ཞིག་ལ་ངོ་ཤེས་ཚུལ་དགའ་རོགས་སྒྲིག་མྱོང་ཚུལ་སོགས་མནའ་བསྐྱལ་ནས་བདེན་པའི་ཚུལ་གྱིས་བསླུ་བྲིད་བྱེད་པ་རེད། འདིའི་སྐོར་ང་རང་གི་ཕ་ཡུལ་དཔལ་ཁའི་གསར་བུ་ཞིག་གིས་སྔ་མོ་ཞིག་ལ་འདི་ལྟར་བཤད་མྱོང་སྟེ། འུ་ཅག་གི་སྡེ་བའི་བུད་མེད་འདི་ཚོར་མནའ་བསྐྱལ་ན་ཡང་དེ་འདྲའི་ཡིད་ཆེས་མི་བྱེད་པ་རེད། རྩི་གོར་ཐང་གྲོང་རྡལ་འབྲོག་ཁུལ་གྱི་གསར་མོ་རྣམས་ལ་མཚན་མོ་གམ་དུ་སོང་ནས་འུ་གཉིས་ན་ནིང་དགའ་རོགས་ཡིན། མིན་ན་ཨ་མའི་ཤ་ཞེས་མནའ་བསྐྱལ་ཚེ་ཡིད་མི་ཆེས་མཁན་མི་འདུག་ཅེས་བདེན་བདེན་ཅོག་ཅོག་གིས་སྨྲས་བྱུང་ལ། དེ་བདེན་པ་ཡིན་ཚུལ་གཞན་མང་པོས་ཀྱང་ལབ་ཀྱིན་འདུག་པ་རེད། ད་དུང་ཐེངས་ཤིག་ང་རང་རྨ་ལྷོ་སོག་རྫོང་བརྒྱུད་ནས་རྩེ་ཁོག་ཏུ་ཡོང་བའི་ལམ་བར་དུ།རྩེ་ཁོག་གི་སྐྱེས་པ་ཞིག་དང་ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས་སུ་སྐྱེས་པ་དེས། སྔོན་དུས་རྩྭ་ས་བགོས་མེད་པའི་དབྱར་དུས་སུ་སོག་རྫོང་དང་རྩེ་ཁོག་གཉིས་ཀྱི་རུ་བ་ལྷན་དུ་འབབ་པས།མཚན་མོ་དེ་གའི་བུ་མོ་རྣམས་ཀྱི་གམ་དུ་མང་པོ་འགྲོ་མྱོང་ཞིང་ཁོ་མོ་ཚོར་ན་ནིང་འུ་གཉིས་དགའ་རོགས་ཡིན། མིན་ན་དཀོན་མཆོག་གསུམ། ཞེས་པ་སོགས་ཀྱི་མནའ་བསྐྱལ་བ་ཡིན་ན་དེ་མི་རློམ་མཁན་གཅིག་ཀྱང་མི་འདུག་ཅེས་ལབ་བྱུང་ལ། དཔེ་མཚོན་འདི་གཉིས་ལྟ་བུ་ནི་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད་པ་མ་ཟད། བུད་མེད་གཞུང་དྲང་མང་པོ་ཞིག་གསར་བུ་མནའ་གཟན་ཁྱུ་ཞིག་གི་གཡོ་འོག་ཏུ་ཚུད་ཡོད་པ་སྨོས་མ་དགོས་སོ། །དེ་ལས་ཁ་དཔེར། བོད་ཀྱིས་མི་ཟ་བ་མནའ་ཡིན། །ཁྱི་ཡིས་མི་ཟ་བ་ལྕགས་ཡིན། །ཞེས་པ་ལྟར་བུད་མེད་དྲང་མོ་ཚོས་མནའ་ཚིག་བསྲུང་བ་ལས། སྐྱེས་པ་འཆལ་བོ་རྣམས་ཀྱིས་མནའ་གང་འདོད་དུ་ཟོས་ནས་བུད་མེད་མང་པོ་ལོངས་སུ་སྤྱོད་པ་ལས། བོད་པའི་མནའ་མི་ཟ་ཞེས་པའི་ལོ་རྒྱུས་དེ་མགོ་རྟིང་སློག་འདུག་པ་གསལ་བས། ད་ནས་བུད་མེད་རྣམས་ཀྱིས་ཀྱང་མནའ་ལ་ཡིད་རྟོན་བྱེད་པ་བླུན་རྟགས་ཡིན་པ་ཤེས་དགོས་པར་འདུག  ཡིན་ན་ཡང་། ཁ་སང་དེ་རིང་གི་དུས་འདི་བརྡ་འཕྲིན་གྱི་དུས་རབས་ཡིན་པ་དང་། རོང་འབྲོག་པའི་བུ་བུ་མོ་སློབ་གྲྭར་ཞུགས་ཚད་ཀྱང་སྔར་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་པས། ཁོ་བོས་གོང་ནས་བཤད་པའི་གསར་བུ་གསར་མོ་རྣམས་ཀྱིས་དགའ་རོགས་སྒྲིག་ཚུལ་གྱི་རྣམ་པ་འགྱུར་ནས་ཁ་པར་བཏང་བ་བརྒྱུད་ནས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པ་དང་། ཡི་གེ་ཤེས་པ་རྣམས་ཀྱིས་ཁ་པར་ལས་འཕྲིན་ཐུང་སྐུར་པ་དང་། སྐད་འཕྲིན་ལས་སྐད་བསྐུར་ཏེ་ནང་གྲོས་བྱེད་པའི་སྣང་ཚུལ་ས་ཁུལ་མང་པོར་བྱུང་འདུག་མོད། ཡིན་ཡང་ད་ལྟ་ད་དུང་རྗེས་ལུས་མཐའ་འཁོབ་ཀྱི་འབྲོག་ཁུལ་རེ་འགའ་རུ་སྔ་མོའི་དུས་ཀྱི་སྤྱོད་སྟངས་ཇི་བཞིན་གནས་འདུག་པ་གོར་མ་ཆག་གོ །

 གང་ལྟར་ཀྱང་རྒྱ་མི་རིགས་ཀྱིས་སྐྱེས་པ་ཞིག་གིས་བུད་མེད་མང་པོར་ཆགས་སྤྱོད་བྱེད་པའི་སྣང་ཚུལ་དེ་བྱ་བ་ཐ་ཤལ་ཞིག་དང་བྱ་སྤྱོད་ངན་པ་ཞིག་ཏུ་བརྩིས་ནས་དེ་ལ་སྐྱོན་བརྗོད་དང་མཐོང་ཆུང་བྱེད་ན་ཡང་། བོད་མི་རིགས་ཀྱིས་བྱ་སྤྱོད་དེ་རྒྱུན་ལྡན་ཞིག་དང་ཁྱད་ཆོས་ཤིག་ཏུ་རློམ་པ་ལས། དེ་ལ་མཚང་འབྲུ་དང་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་བས། སྐྱེས་པ་ཚོས་ཞག་རེར་བུད་མེད་ཇི་འདྲའི་མང་པོ་ཞིག་ལོངས་སུ་སྤྱད་ན། ཕྱི་ཉིན་གསར་བུ་མང་པོའི་ཁྲོད་ནས་གཟི་བརྗིད་ཀྱིས་ལབ་གླེང་བྱེད་པ་དང་། སྐྱེས་པ་གཞན་དག་ཀྱང་ཧམ་སེམས་ཀྱིས་མཆིལ་མ་མིད་ཀྱིན་ཉན་པ་རེད། ད་དུང་བོད་ཁུལ་དུ་སྐྱེས་པ་རྣམས་ཀྱིས་རང་གི་ཆུང་མ་གཉིད་དུ་བཅུག་རྗེས་གཞན་གྱི་བུད་མེད་ཀྱི་གམ་དུ་འགྲོ་བའང་བགྲངས་ཀྱིས་མི་ལངས་པ་རེད། དེ་ལས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་ལས་མཆེད་པའི་བོད་མི་རིགས་འདི་ཕོ་མོའི་བརྩེ་དུང་རྒྱ་ཡན་ཅན། ཆགས་སྤྱོད་ངན་ལངས་ཅན། ལོག་གཡེམ་ཡུལ་སྲོལ་ཅན་ཞིག་ཡིན་པ་མངོན་སུམ་ཚད་མས་གྲུབ་པ་རེད། དེས་ན་ཁོ་བོས་རང་ཉིད་ཀྱང་འདིའི་ཁྲོད་ཀྱི་གཅིག་ཡིན་བཞིན་དུ་འདི་ལྟ་བུའི་བོད་པའི་འཁྲིག་སྤྱོད་གོམས་སྲོལ་གྱི་ངན་མཚང་འབྲུ་དོན་ཅི་ཡིན་ཞེ་ན། རྒྱུ་མཚན་གཞན་གང་ཡང་མ་ཡིན་ཏེ།དེང་དུས་བོད་ཁུལ་དུ་མཆེད་ཉེན་ཆེ་བའི་རེག་དུག་དང་ཨེ་ཙིའི་ན་ཚ་ངན་པ་འདི་སྔོན་འགོག་བྱེད་དགོས་ན། ངེས་པར་དུ་རང་རེའི་ཆགས་སྤྱོད་གོམས་གཤིས་རྒྱ་ཡན་ཅན་དེ་བསྒྱུར་དགོས་པར་འདོད་པ་དང་། ཁྱད་པར་དུ་རེག་དུག་དང་ཨེ་ཙིའི་ན་ཚས་བུད་མེད་སྦྲུམ་མ་དང་། མངལ་གནས་ཀྱི་བྱིས་པར་གནོད་པ་མི་འབྱུང་བར་བྱིས་པ་ནད་མེད་བདེ་ཐང་ཅན་རེ་བཙའ་བའི་ཆེད་དུ། ད་ནས་བཟུང་བོད་པའི་ཕོ་གཞོན་མོ་གཞོན་རྣམས་ཀྱིས་རང་རང་གི་བཟའ་ཟླ་ལས་གཞན་པའི་ཆ་རྒྱུས་ཡོད་མེད་གཉིས་ཀར་ཉལ་པོ་མི་སྤྱོད་པ། ཐེངས་ཤིག་གི་ལོངས་སྤྱོད་ལས་ཚེ་གང་གི་བདེ་ཐང་གཙོ་བོར་འཛིན་པ། ལན་ཅིག་གི་དགའ་ཚོར་ལས་ཡུན་རིང་གི་བདེ་སྐྱིད་གཙོ་བོར་བྱེད་པ། ཞག་གཅིག་གི་ཚོར་བ་ལས་ཁྱིམ་གང་པོའི་ཚེ་སྲོག་མཆོག་ཏུ་འཛིན་པ་སོགས་ཏེ། མདོར་ན།བསྐལ་བ་སར་ཆགས། བ་སོ་ཁར་ཐོགས་པ་སྟེ་བོད་ཀྱི་ཕ་མེས་ཡང་མེས་ཀྱི་རིང་ནས་བརྒྱུད་པའི་ཕོ་མོའི་བརྩེ་དུང་གི་འཁྲིག་སྤྱོད་འཆལ་བོ་དེའི་སྣང་ཚུལ་རྩ་བ་ནས་བསྒྱུར་ཏེ་རེག་དུག་དང་ཨེ་ཙིའི་ཉེར་འཚེ་སྔོན་འགོག་དང་དེ་ལ་ནམ་ཡང་གཡོལ་ཐབས་བྱེད་པའི་དམིགས་ཡུལ་ཉག་གཅིག་ལས་མ་འདས་སོ། །དེས་ན་སྔོན་གྱི་དུས་སུ་བོད་པའི་གོམས་སྲོལ་འདི་ལ་དོ་སྣང་ཆེན་པོ་བྱེད་དོན་མེད་དེ། རྒྱུ་མཚན་ནི་དེང་སྐབས་ལྟར་མ་ཡིན་པར་དེ་དུས་རེག་དུག་དང་ཨེ་ཙིའི་ན་ཚ་ཤིན་ཏུ་ཉུང་བའི་སྟབས་ཀྱིས་རེད། འོ་ན་དེང་དུས་རེག་དུག་དང་ཨེ་ཙིའི་ན་ཚ་འདི་ཅི་ལྟར་བོད་ཁུལ་དུ་འབྱུང་ཉེན་ཆེ་བ་རེད་ཟེར་ན། འདི་ནི་གཙོ་བོ་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལོ་རབས་བརྒྱད་ཅུ་བར་ལག་བསྟར་བྱས་པ་དང་བསྟུན་ནས། ཕྱི་རྒྱལ་གྱི་མི་མང་པོ་དང་ཚོང་ལས་སོགས་བྱ་གཞག་སྣ་མང་གི་འབྲེལ་འདྲིས་དང་འགྲོ་འོང་། ཕན་ཚུན་ལུས་འབྲེལ་བྱས་པ་བཅས་ཀྱི་བྱ་སྤྱོད་བརྒྱུད་དེ་ཐོག་མར་ཀྲུང་གོའི་ནང་ལོགས་སུ་འགོས་ཤིང་མཆེད་པ་དང་། དེ་ལས་རིམ་གྱིས་ནང་ལོགས་ཀྱི་མི་དང་བོད་པའི་འབྲེལ་འདྲིས་ཀྱི་གོམ་སྟབས་དང་བསྟུན་ནས། མཐོ་སྒང་བོད་ཀྱི་ཡུལ་དུ་ཤེས་མེད་ཚོར་མེད་དུ་སླེབས་པའི་ཉེན་ཁ་ཧ་ཅང་ཆེ་བ་རེད། དེའང་འགོས་ལམ་གཙོ་བོ་མི་ནས་མི་ལ་འགོས་པ་ཡིན་ཏེ། དེ་ཡང་གཅིག་ཏུ་ན། ནང་ལོགས་ཀྱི་ཚོང་དཔོན་དང་རང་བཞིན་གྱི་ཚོང་བའམ་ཡང་ན་ཨར་ལས་བཟོ་བ། ལས་ཀ་པ། གཞུང་ལམ་བཟོ་བ། ཆུ་གློག་བཟོ་བ་སོགས་རེག་དུག་སོགས་མཚན་མའི་འགོས་ནད་ཅན་ཚོས། དེ་གར་ལས་རོགས་བྱེད་པའི་བོད་མོ་རྣམས་དང་ལས་འབྲེལ་བྱས་པའི་དབང་དུ་བཏང་པ་ཡིན་ན། དེ་ལས་བོད་མོ་ཚོར་རེག་དུག་སོགས་འགོ་བའི་ཉེན་ཁ་ཧ་ཅང་ཆེ་བ་དང་། གལ་ཏེ་དེ་ལས་བོད་མོ་རྣམས་ལ་འགོས་པ་ཡིན་ན། དེ་རྗེས་བོད་མོ་དེ་དག་ཕྱིར་སྡེ་བར་སོང་སྟེ་ཤེས་མེད་ཚོར་མེད་ངང་སྡེ་བའི་གསར་བུ་རྣམས་ལ་བསྒོ། དེ་རྣམས་ཕྱིར་རང་ཁྱིམ་དུ་ཕེབས་ནས་ཆུང་མ་རྣམས་ལ་བསྒོ། ཡང་གཉིས་སུ་ན། ནང་ལོགས་ཀྱི་སྨད་འཚོང་མ་མང་པོ་བོད་ཁུལ་གྱི་ས་ཆ་ཆེ་མ་ཆུང་གསུམ་དུ་སྒོར་མོ་བཙལ་དུ་ཡོང་བ་ཡིན་པའི་དབང་དུ་བྱས་པ་ཡིན་ན། གལ་ཏེ་དེའི་སྐབས་སུ་བོད་ཀྱི་སྐྱེས་པ་མང་པོ་འགྲམ་ཆུ་ལྡང་བཞིན་སྨད་འཚོང་མ་རྣམས་ལ་འཁྲིག་པ་སྤྱད་པ་ཡིན་ཚེ་དེས་རང་ཉིད་ལ་རེག་དུག་སོགས་འགོ། དེ་ནས་སྐྱེས་པ་ཚོ་ཕྱིར་རང་ཁྱིམ་དུ་སོང་ནས་ཆུང་མ་རྣམས་ལ་བསྒོ། དེ་ནས་སྐྱེས་པ་དེ་དག་ངན་གོམས་ཀྱི་དབང་གིས་སྔར་བཞིན་སྡེ་བའི་བུད་མེད་མང་པོར་ལུས་འབྲེལ་བྱས་ཏེ་དེ་དག་ལ་བསྒོ། བུད་མེད་དེ་དག་གིས་ཀྱང་ཤེས་མེད་ཚོར་མེད་དུ་སྐྱེས་པ་མང་པོར་བསྒོ། སྐྱེས་པ་དེ་རྣམས་ཀྱིས་ལས་འབྲེལ་འཇོག་ཐུབ་ཚོད་ཀྱིས་བུད་མེད་གསར་བ་མང་པོར་བསྒོ། དེ་ལྟར་གཅིག་གིས་བཅུ་དང་། བཅུ་ཡིས་བརྒྱ། བརྒྱ་ཡིས་སྟོང་། སྟོང་གིས་ཁྲི། ཁྲི་ཡིས་འབུམ། འབུམ་གྱིས་བྱེ་བ་བཅས་ལ་མི་བསྒོ་བའི་ངེས་པ་མེད་པས། དེ་ནི་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་པ་རེད། ཡང་འགོ་ལམ་གཞན་ཞིག་ནི། བོད་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བཟང་ཞིང་སྒོར་མོའི་བམ་མཐུག་པའི་སྐྱེས་པ་མང་པོ་ནང་ལོགས་དང་ཐ་ན་ཕྱི་རྒྱལ་དུ་སོང་ནས། སྨད་འཚོང་མ་ཉོས་ཏེ་རེག་དུག་སོགས་འགོས་པ་ཡིན་ན། ཕྱིར་ཕ་ཡུལ་དུ་ཐོན་ནས་རང་གི་ཆུང་མ་གཙོ་བྱས་པའི་བུད་མེད་དགའ་མ་མང་པོར་བསྒོ། བུད་མེད་དེ་དག་གིས་ཀྱང་རང་དང་འབྲེལ་ཡོད་ཀྱི་སྐྱེས་པ་མང་པོར་བསྒོ། སྐྱེས་པ་དེ་རྣམས་ཀྱིས་ཀྱང་སླར་ཡང་བུད་མེད་མང་པོར་བསྒོ་བ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་ངེས་པ་རེད། དེ་བཞིན་དུ་བོད་ཀྱི་བུད་མེད་འཆལ་མོ་རྣམས་ཀྱང་ག་ས་གང་དུ་སོང་སྟེ་སྨད་འཚོང་གི་ལས་ཀ་གཉེར་ནས་ཨེ་ཙི་དང་རེག་དུག་སོགས་བསྣམས་ཡོང་པ་ཡིན་ན། དེས་བོད་ཁུལ་གྱི་སྐྱེས་པ་རྣམས་ལ་བསྒོ་སྲིད་པས་ན་དེ་བཞིན་དུ་ཉེན་ཁ་ཆེའོ། །གང་ལྟར་རེག་དུག་དང་ཨེ་ཙི་སོགས་ཀྱི་ན་ཚའི་འགོས་ལམ་གཙོ་བོ་འཁྲིག་སྤྱོད་ཡིན་པ་ནི་ཚད་ལྡན་གྱི་གཞུང་ལུགས་དང་ཉམས་མྱོང་དངོས་ཀྱི་སྤྱི་སྡོམ་རེད། རེག་དུག་དང་ཨེ་ཙིའི་ན་ཚ་འདི་སྔོན་འགོག་ལེགས་པོ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པ་རེད། འོ་ན་རེག་དུག་དང་ཨེ་ཙིའི་ན་ཚ་སྔོན་འགོག་བཟང་པོ་བྱ་དགོས་ན་ཁོ་བོས་གོང་ནས་བཤད་པ་ལྟར། བོད་པའི་ཆགས་པ་འཆོལ་པོར་སྤྱོད་པའི་སྤྱི་ཚོགས་ཀྱི་གོམས་གཤིས་ངན་པ་དེ། ད་ནས་བཟུང་རྩ་བ་ནས་བསྒྱུར་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་ནི་སྨོས་མེད་ཅིག་གོ །

གཉིས།   བོད་པ་ཚོ་གཉེན་སྒྲིག་དུས་དང་དགའ་རོགས་བཙལ་སྐབས་ངེས་པར་དུ་རེག་དུག་དང་ཨེ་ཙི་ཡོད་མེད་ལ་བརྟག་བཤེར་བྱེད་པའི་གོམས་སྲོལ་ཆགས་པར་བྱ་དགོས།

 གཉེན་སྡེབ་དུས་འགོས་ནད་ཡོད་མེད་ལ་སྔོན་ནས་བརྟག་བཤེར་བྱེད་པའི་གོམས་སྲོལ་ཞིག་རྒྱ་མི་རིགས་ལ་ཡོད་མེད་ཀྱང་མ་ངེས་ལ། རྒྱལ་ཁྲིམས་སུའང་དེ་ལྟ་བུ་ཞིག་ཡོད་པ་མཐོང་མ་མྱོང་བ་དང་། སྟོབས་ལྡན་རྒྱལ་ཁབ་གཞན་ལའང་རྒྱལ་ཁྲིམས་དང་ལུགས་སྲོལ་དེ་འདྲ་ཡོད་མེད་ཀྱང་མི་ཤེས་མོད། གང་ལྟར་དེང་དུས་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ནས་འདང་བརྒྱབ་པ་ལས། ཁོ་བོར་ནམ་ཡང་འདི་ལྟ་བུའི་བསམ་བློ་ཤུགས་དྲག་ཅིག་རྒྱུད་ལ་ཡང་ནས་ཡང་དུ་སྐྱེ་བ་རེད། དེ་བས་ད་ཐེངས་ཡིག་ཐོག་ཏུ་ཕབ་པ་ཡིན། གཞོན་སྐྱེས་ཕོ་མོ་རྣམས་གཉེན་སྒྲིག་བྱེད་དུས་ངེས་པར་དུ་ཕར་ཚུར་ཕྱོགས་གཉིས་ཀ་རེག་དུག་དང་ཨེ་ཙི་ཡོད་མེད་ས་གནས་རྫོང་རིམ་པའི་སྨན་ཁང་དུ་སོང་ནས་བརྟག་བཤེར་ལེགས་པོ་བྱེད་དགོས་པ་དང་། དེ་ལས་ཕོ་མོ་གཉིས་ཀར་རེག་དུག་དང་ཨེ་ཙི་མེད་ན་མྱུར་བ་མྱུར་བར་རང་རང་གི་འཆར་གཞི་ལྟར་གཉེན་སྒྲིག་བྱེད་ཆོག་པ་དང་། དེ་ལས་ཕོ་མོ་གང་རུང་ཞིག་ལ་ཨེ་ཙི་ཡོད་ཚེ་གཏན་ནས་གཉེན་སྒྲིག་མི་ཉན་པ་དང་། གལ་ཏེ་གཉིས་ཀར་རེག་དུག་ཡོད་ན་སྨན་བཅོས་བྱས་ནས་དྲག་སྐྱེད་ཐོན་ནས་ཡོངས་སུ་རྒྱུན་ལྡན་དུ་གྱུར་རྗེས་ད་གཟོད་གཉེན་སྒྲིག་ཆོག་པ་རེད།ཡང་ན་གཉེན་སྡེབ་ལ་ཉེ་བའི་གསར་བུ་གསར་མོ་གང་རུང་ཞིག་ལ་རེག་དུག་ཡོད་ན་ཡང་། དེ་ལ་འབྲེལ་ཡོད་སྨན་གསོ་བྱས་ཏེ་སངས་དྲག་ཐོན་རག་བར་དུ་གཉེན་སྒྲིག་མི་རུང་བ་རེད།རྒྱུ་མཚན་ཅི་ཞེ་ན།ཕོ་མོ་གཉིས་ཀར་རེག་དུག་ཡོད་པ་མ་ཚོར་བར་གཉེན་སྒྲིག་པ་ཡིན་ན། ཡུན་མི་རིང་བར་སྐྱེས་པ་དེའི་ཆུང་མར་མངལ་སྦྲུམ་པ་ནི་ཆོས་ཉིད་ཡིན་པ་དང་། དེ་ལྟ་བུའི་རེག་དུག་ཅན་གྱི་བུད་མེད་ཅིག་ལ་མངལ་སྦྲུམ་པ་ནི་བདེ་ཐང་གི་ཐད་ནས་བཤད་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ཏེ།ཨ་མ་དེའི་རེག་དུག་གི་ན་ཚས་མངལ་གནས་བྱིས་པའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ནས་བྱིས་པ་མངལ་ནས་འཆི་བའམ། ཡང་ན་བྱིས་པ་མངལ་ནས་འཆོར་བ།བྱིས་པ་མངལ་ནས་མ་ཤི་མ་ཤོར་བར་སྐྱེས་པ་ཡིན་ན་ཡང་། དབང་བོ་སྐྱོན་ཅན་དང་།ཁ་ཤོ་སྣ་ཤོ་དང་མིག་ནད་ཅན་སོགས་ལྷན་སྐྱེས་རེག་དུག་ཅན་མི་སྐྱེ་བའི་ངེས་པ་མེད་པ་དང་། དེ་ལྟ་བུའི་བྱིས་པ་ནད་པ་ཞིག་སྐྱེས་པ་ཡིན་ན།བྱིས་པ་རང་ཉིད་ལ་མཚོན་ནས་བཤད་ན་ཡང་མི་ཚེ་གང་བོར་དབང་བོ་སྐྱོན་ཅན་ཡིན་པ་དང་། བྱིས་པ་ནད་པ་ཅན་གྱི་ཕ་མ་ལ་མཚོན་ན་ཡང་། བྱིས་པ་བདེ་ཐང་ཅན་གྱི་ཕ་མ་ལས་སྡུག་བསྔལ་དང་སེམས་ཁུར་ལྕི་བ་རེད། སྤྱིར་ཡིན་ན་བྱིས་པ་ནི་ཕ་མའི་གཅེས་ཕྲུག་དང་ཁྱིམ་གྱི་རྟེན་གཞི། བདེ་སྐྱིད་ཀྱི་གཞི་མ། མི་རིགས་ཀྱི་ཤུལ་འཛིན། རྒྱལ་ཁབ་ཀྱི་མ་འོངས་པའི་རེ་ལྟོས་འཆའ་ས་བཅས་ཡིན་མོད། ཡིན་ན་ཡང་།འདི་ལྟ་བུའི་ཨ་མ་ནད་ཅན་ལས་རེག་དུག་ལྷན་སྐྱེས་ཅན་གྱི་བྱིས་པ་ནད་པ་ཞིག་སྐྱེས་པའི་དབང་དུ་བཏང་བ་ཡིན་ན། བྱིས་པ་རང་ཉིད་བརྩིས་པའི་མི་སུ་ལ་མཚོན་ན་ཡང་དེ་ལ་རེ་བ་ཅི་ཞིག་མཆིས་སམ། དེ་ལྟ་བུའི་བྱིས་པ་ནད་པ་ཞིག་སྐྱེ་བ་ལས་མེད་ན་བཟང་བ་རེད། དེ་བས་བྱིས་པ་མ་སྦྲུམ་པའི་སྔོན་ནས་ཨ་མ་དེ་ལ་རེག་དུག་ཡོད་མེད་ཁྲག་བཤེར་བྱ་རྒྱུ་ནི་གལ་ཆེ་བ་རེད། སྔ་མོ་ནས་བརྟག་བཤེར་བྱས་པ་བརྒྱུད་རེག་དུག་ཡོད་པ་ཤེས་ཚེ། ཚད་ལྡན་སྨན་ཁང་དུ་སོང་སྟེ་སྨན་བཅོས་ཀྱིས་སངས་དྲག་བྱུ་རྒྱུ་དང་། དེ་རྗེས་བདེ་ཐང་དང་རྒྱུན་ལྡན་ཡིན་པའི་སྐབས་སུ་ད་གཟོད་མངལ་སྦྲུམ་ཆོག་པ་རེད། དེ་ལྟར་བྱིས་པ་བདེ་ཐང་ཞིག་སྐྱེ་བའི་ཆེད་དུ་བྱིས་པའི་ཕ་མ་སྟེ། ཕོ་གཞོན་མོ་གསར་རྣམས་ཀྱིས་གཉེན་མ་སྒྲིག་པའི་སྔ་རོལ་ནས་ལུས་བདེ་ཐང་གི་བརྟག་བཤེར་བྱ་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་རེད། དེ་ལྟར་གལ་ཏེ་ཨེ་ཙིའི་ན་ཚ་ཅན་གྱི་བུད་མེད་ཅིག་ལ་མངལ་སྦྲུམ་ནས་བྱིས་པ་སྐྱེས་པ་ཡིན་ན་དེའི་མཇུག་འབྲས་ནི་མ་བུ་གཉིས་ཀ་དུས་ཡུན་རིང་པོར་ན་ཚས་མནར་ཏེ་མཐར་ཚེ་སྲོག་ཤོར་འགྲོ་བ་ལས།སྨན་བཅོས་ཀྱིས་དྲག་སྐྱེད་འབྱུང་བ་ཞིག་སྨན་པའི་རྒྱལ་པོ་སར་བྱོན་ཡང་སྐྱོབས་ཐབས་མེད་པ་རེད། དེ་ལྟར་བོད་རོང་འབྲོག་ཁུལ་ནས་མནའ་མ་གཉེན་བསླངས་ནས་བྱིན་པ་ཡིན་ཡང་། གཉེན་རྟགས་རྒྱག་ལ་ཉེ་བའི་སྐབས་སུ་ཨ་ཞང་ཚང་དང་གཉེན་ཚང་ཕྱོགས་གཉིས་ཀས་རང་རྟོགས་སྒོས། བག་གསར་མག་གསར་གཉིས་ཀར་རེག་དུག་དང་ཨེ་ཙི་བརྟག་བཤེར་བྱས་པའི་བདེ་ཐང་གི་ཡི་གེ་ཁྱེར་ཡོང་དུ་འཇུག་དགོས་པ་རེད། རེག་དུག་དང་ཨེ་ཙིའི་བརྟག་བཤེར་ཡི་གེ་མེད་ན་གཉེན་རྟགས་མི་རྒྱག་པ་དང་། འགོས་རིམས་མེད་པ་གསལ་ཐག་ཆོད་རྗེས་ད་གཟོད་གཉེན་རྟགས་བརྒྱབ་ནས་སྟོན་མོ་སོགས་ཀྱི་ཆོ་ག་སྒྲུབ་ན་ཤིན་ཏུ་ལེགས་པ་རེད། དེ་ལྟར་མིན་པར་ད་ལྟའང་སྔོན་དུས་བཞིན་དུ་ཕོ་གཞོན་མོ་གསར་ཚོ་མུན་ནག་ལག་སྙོབས་ཀྱིས་གཉེན་སྒྲིག་ཏུ་བཅུག་པ་ཡིན་ན། དེ་དག་གི་ཕོ་ས་ཡིན་ནའང་འདྲ། མོ་ས་ཡིན་ནའང་འདྲ། ཕྱོགས་གཅིག་ལ་རེག་དུག་དང་ཨེ་ཙིའི་ན་ཚ་ཞིག་ཡོད་ན། དེ་ལས་ཁྱིམ་ཚང་དེ་ནད་པ་ཡིན་པ་མ་ཟད། ཁྱིམ་ཚང་དེའི་བྱིས་པའང་ནད་པ་ཡིན་སྲིད་པ་དང་། ཁྱིམ་ཚང་དེའི་ཕ་མ་གཉིས་ཀ་ནད་པ་ཡིན་པས་བདེ་ཐང་མེད་པ་དང་། བྱིས་པ་ནད་པ་ཡིན་པས་བདེ་སྐྱིད་མེད་པ། ཡོད་ཚད་ནད་པ་ཡིན་པས་དཔལ་འབྱོར་གཉེར་མི་ཐུབ་པ། དཔལ་འབྱོར་གཉེར་མི་ཐུབ་པས་ཁྱིམ་ཚང་དབུལ་བོ་ཡིན་པ། ཡང་ན་ཕ་མ་མེད་པའི་དྭ་ཕྲུག་ནད་པ་ཁྱིམ་དུ་ལུས་པ། ཡང་ན་བྱིས་པ་ཤི་བས་ཕ་མ་ཤུལ་ཆད། ཡང་ན་ཁྱོ་ག་ཤི་བའི་བུད་མེད་ཡུགས་ས། ཡང་ན་ཆུང་མ་མེད་པའི་སྐྱེས་པ་ཡུགས་ས་སོགས་འབྱུང་སྲིད། དེ་ལྟ་བུའི་ནད་པའི་ཁྱིམ་ཚང་ལ་བཟོད་གླགས་བྲལ་ཞིང་ཡ་ང་བའི་གནས་ཚུལ་སྣ་ཚོགས་ཤིག་མི་འབྱུང་བའི་ངེས་པ་མེད་པས་ན། ཆུ་མ་ཡོང་གོང་གི་རགས་ཀྱི་དཔེ་བཞིན་དུ་གཉེན་མ་སྒྲིག་པའི་སྔོན་ནས་རེག་དུག་དང་ཨེ་ཙི་ཡོད་མེད་བལྟ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་གོ ། དེ་ལས་ད་དུང་དངོས་སུ་གཉེན་སྒྲིག་བྱེད་པ་མིན་ན་ཡང་། སྤྱི་ཚོགས་སྟེང་གི་ཕོ་གསར་མོ་གཞོན་རྣམས་ཀྱིས་དགའ་རོགས་སྒྲིག་པའི་སྐབས་སུའང་། ཕན་ཚུན་གཉིས་ཀ་རང་འདོད་ཀྱིས་སྨན་ཁང་དུ་སོང་སྟེ་རེག་དུག་དང་ཨེ་ཙི་ཡོད་མེད་བརྟག་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། དེ་ལྟར་བྱས་ཚེ་ཕན་ཚུན་ལ་རེག་དུག་དང་ཨེ་ཙིས་གནོད་མི་ནུས་པར་དེའི་ཉེར་འཚེ་སྔོན་འགོག་བྱེད་ཐུབ། དེ་ལྟར་མ་ཡིན་པར་བོད་པའི་སྔར་སྲོལ་ལྟར་འཛེམས་དོགས་མེད་པར་དགའ་རོགས་བཙལ་བ་ཡིན་ན། ཕྱོགས་གཉིས་ཀར་རེག་དུག་དང་ཨེ་ཙི་མེད་ན་བཟང་མོད། དེ་ལས་ཕྱོགས་གཅིག་ལ་ཡོད་ཚེ་གཉིས་ཀར་འགོས་ནས་ཕན་ཚུན་གྱི་ལུས་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བ་རེད།

གསུམ།   བོད་པ་ཚོས་ད་ནས་བཟུང་ཉལ་པོ་སྤྱོད་དུས་སྦྲུམ་འགོག་འགྱིག་ཤུབས་སྤྱོད་པའི་གོམས་སྲོལ་ཆགས་པར་བྱེད་དགོས།

  དེ་ཡང་གོང་ནས་བཤད་པ་ལྟར་འབྲེལ་ཡོད་སྨན་ཁང་ནས་རེག་དུག་དང་ཨེ་ཙི་མེད་པ་བརྟག་བཤེར་བྱས་ཟིན་པའི་བཟའ་ཟླ་བྱིས་པ་མྱུར་དུ་སྐྱེ་དགོས་པ་རྣམས་ཕུད། གཞན་དགའ་རོགས་སྒྲིག་པའི་ཕོ་གསར་མོ་གཞོན་ཚོ་དང་། ཡང་ན་རང་གི་ཆུང་མ་ལས་གཞན་གྱི་བུད་མེད་སོགས་ལ་ཉལ་པོ་སྤྱོད་པའི་སྐྱེས་པ། ཡང་ན་རང་གི་ཁྱོ་ག་ལས་སྐྱེས་པ་གཞན་དང་ཕག་ལ་ཡོགས་སོགས་ནས་ལུས་འབྲེལ་འཇོག་པའི་བུད་མེད། ཡང་ན་གྲོང་ཁྱེར་དུ་སོང་ནས་སྨད་འཚོང་མ་བསྟེན་པའི་གསར་བུ། ཡང་ན་གྲོང་ཁྱེར་དུ་སོང་ནས་སྒོར་མོའི་ཆེད་དུ་སྨད་འཚོང་མ་བྱེད་པའི་མོ་གསར་རྣམས་ལ་མཚོན་ན། རེག་དུག་དང་ཨེ་ཙིའི་ན་ཚ་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་ནི་སྨོས་ཅི་དགོས། དེ་བས་སྐབས་འདིར་རེག་དུག་དང་ཨེ་ཙི་སྔོན་འགོག་གི་ཐབས་ཤེས་ཤིག་ཡོད་པ་ནི་སྦྲུམ་འགོག་འགྱིག་ཤུབས་སྤྱོད་རྒྱུ་དེ་རེད། སྦྲུམ་འགོག་འགྱིག་ཤུབས་འདི་ལ་སྦྲུམ་འགོག་གི་ནུས་པ་ཡོད་པ་མ་ཟད། རེག་དུག་དང་ཨེ་ཙི་སོགས་མཚན་མའི་འགོས་ནད་འགོག་པའི་ནུས་པ་ཡང་ལྡན་པས་ན། ཁོ་བོས་རིམས་འགོག་འགྱིག་ཤུབས་ཞེས་འབོད་པར་འདོད། རིམས་འགོག་འགྱིག་ཤུབས་འདི་ཡང་རང་དགར་གང་མཐོང་མཐོང་མི་ཉོ་བར། རང་རང་ས་གནས་ཀྱི་རྫོང་རིམ་པའི་འཆར་ལྡན་བུ་སྐྱེས་ཅུའུ་སོགས་ཀྱི་རྒྱལ་ཁབ་ཀྱི་ཚད་ལྡན་འགྱིག་ཤུབས་དེ་སྤྱོད་དགོས། དེ་ལྟར་མ་ཡིན་པར་མི་སྒེར་དང་ཕོ་མོའི་བདེ་སྲུང(夫妻保健)ཞེས་པ་སོགས་ཀྱི་ཚོང་ཁང་ཆུང་བ་རྣམས་ནས་ཉོས་ན་རྫུན་མ་མི་བཙོང་བའི་ངེས་པ་མེད་པ་དང་། གལ་ཏེ་རྫུན་མ་སྤྱད་ཚེ་དེའི་རྒྱུ་སྤུས་ཚད་ལྡན་མིན་པའི་སྟབས་ཀྱིས་བརྡོལ་རལ་འབྱུང་བ་སོགས་ཡོད་པས་རེག་དུག་དང་ཨེ་ཙི་འགོག་མི་ཐུབ་པ་རེད། སྤྱིར་རང་རེ་བོད་པ་འདིའི་ཕྱོགས་ནས་རྒྱ་དང་བསྡུར་ན་ཅུང་བསམ་བློ་གཏོང་དགོས་པའི་གནད་དོན་འགའ་ཤས་འདུག་སྟེ། རྒྱ་ལ་མཚན་མའི་འགོས་ནད་ཀྱི་ཤེས་བྱ་བསྒྲགས་ན་ཞིབ་ཏུ་ཉན་ནས་དེང་ལེན་བྱེད། བོད་ལ་མཚན་མའི་འགོས་ནད་བཤད་ན་འཕྱ་སྨོད་དང་སྙིང་འཕྱོས་གཏོང་། ཟུར་ཟ་བྱེད། རྒྱ་མོ་རྣམས་ལ་མཚན་མའི་འགོས་ནད་བྱུང་ན་སྨན་པ་བསྟེན་ནས་སེམས་ཚེགས་ངང་ནད་རྟགས་གསལ་བཤད་བྱེད། བོད་མོ་རྣམས་ལ་མཚན་མའི་འགོད་ནད་ཡོད་ན་གསང་ནས་དུས་ཡུན་འགོར་བར་བྱེད། ད་དུང་སྨན་པས་དྲིས་ཀྱང་ངོ་ཚ་ནས་གསལ་བཤད་མི་བྱེད། རྒྱ་མོ་ཚོས་རིམས་འགོག་འགྱིག་ཤུབས་སྤྱོད་པ་ལས་འགན་ཞིག་ཏུ་བརྩི། བོད་མོ་རྣམས་ཀྱིས་རིམས་འགོག་འགྱིག་ཤུབས་སྤྱོད་པ་ངོ་ཚར་སེམས། འདི་ལྟར་གཤིབ་བསྡུར་ཆུང་ཆུང་ཞིག་བྱས་པ་ལས་ཀྱང་བོད་པ་ཚོ་སྔོན་ཐོན་རྒྱ་མི་རིགས་དང་བསྡུར་ན་ལྟོས་བཅས་ཀྱིས་རེག་དུག་དང་ཨེ་ཙི་སོགས་མཚན་མའི་འགོས་ནད་སྔོན་འགོག་གི་ཕྱོགས་ནས་ཧ་ཅང་ཧ་ཅང་རྗེས་ལུས་དང་གླེན་པ་ཨུ་ཚུགས་ཅན་ཡིན་པ་མངོན་སུམ་ཚད་མས་གྲུབ་འདུག  དེ་བས་ད་ནས་བཟུང་སྟེ་འཁྲིག་སྤྱོད་ཡ་མ་བརླའི་སྤྱོད་ངན་བསྒྱུར་ནས་ཚུལ་མཐུན་ཁྲེལ་ཡོད་ཅིག་བྱ་བ་དང་། རེག་དུག་དང་ཨེ་ཙི་སོགས་མཚན་མའི་འགོས་ནད་སྔོན་འགོག་ལ་ཤུགས་རྒྱག་པ། མཚན་མའི་འགོས་ནད་བྱུང་ན་ངོ་ཚ་ནས་གསང་བའི་བླུན་རྟགས་འདོར་བ། རིམས་འགོག་འགྱིག་ཤུབས་དུས་ལྟར་སྤྱོད་པའི་གོམས་སྲོལ་ཆགས་པར་བྱ་རྒྱུ་སོགས་ཧ་ཅང་གལ་ཆེའོ། །དེ་ལྟར་བྱས་ཚེ་རེག་དུག་དང་ཨེ་ཙི་སོགས་མཚན་མའི་འགོས་ནད་ཀྱི་ཉེན་ཁར་གཡོལ་ཐུབ་པ་རེད། རིམས་འགོག་འགྱིག་ཤུབས་འདི་ད་ལྟ་འཇིག་རྟེན་སྟེང་གི་ཨེ་ཙིའི་ནད་ངན་འགོག་པའི་ལག་ཆ་གཙོ་བོ་ཡིན་པ་རྒྱལ་སྤྱི་ན་ཡང་བདེན་དཔང་བྱེད་བཞིན་ཡོད་པས་ན། དེ་ནི་རེག་དུག་དང་ཨེ་ཙི་སོགས་མཚན་མའི་འགོས་ནད་གདུག་པ་ཅན་རྣམས་འགོག་པའི་བསྲུང་བ་རྡོ་རྗེ་གོ་ཁྲབ་ཅིག་མ་ཡིན་ནམ། དེས་ན་རང་རེ་བོད་ཀྱིས་འདི་མི་སྤྱོད་པ་གླེན་རྟགས་མ་ཡིན་ནམ། དེ་བས་ད་ནས་བཟུང་རང་རེ་བོད་ཁུལ་དུའང་རིམས་འགོག་འགྱིག་ཤུབས་སྤྱོད་པའི་ལུགས་སྲོལ་ཆགས་པར་བྱ་དགོས། ཡང་སྐབས་འདི་རུ་གསལ་བཤད་བྱ་རྒྱུ་ཞིག་ནི།བཀོལ་ཟིན་པའི་རིམས་འགོག་འགྱིག་ཤུབས་དེ་དོ་དམ་བྱེད་སྐབས་མེ་ལ་བསྲེག་རྒྱུ་ཐབས་ཆེས་ལེགས་པོ་རེད། དེ་ལྟར་མ་ཡིན་པར་གང་འདོད་དུ་གཡུགས་ཚེ་བྱིས་པ་རྣམས་ཀྱིས་རྙེད་ནས་རྩེད་སྤྱད་བྱེད་ངེས་ཏེ།བྱིས་པ་ལ་ལས་ལག་ལ་འཛིན་པ་མ་ཟད་ཁར་གླན་ནས་དབུགས་རྒྱག་པའམ། ཡང་ན་ནང་དུ་ཆུ་བཅུས་ཏེ་འཐུང་བ་སོགས་བརྒྱུད་ནས་དེའི་སྟེང་གི་རེག་དུག་དང་ཨེ་ཙི་སོགས་བྱིས་པ་རྣམས་ལ་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་རེད། དེ་བས་ཆགས་ལྡན་ཕོ་མོས་རིམས་འགོག་འགྱིག་ཤུབས་སྤྱད་ཟིན་རྗེས་དེ་མ་ཐག་མེར་བསྲེག་ནས་ས་དོང་བརྐོས་ཏེ་དེ་རུ་འཕངས་ཏེ་ས་བཏབ་ནས་སུམ་རྒྱུ་དེ་ཧ་ཅང་གལ་ཆེའོ། །

བཞི།   ས་གནས་སྲིད་གཞུང་གིས་རེག་དུག་དང་ཨེ་ཙི་སྔོན་འགོག་གི་དྲིལ་བསྒྲགས་བྱ་བ་ནན་ཏན་གྱིས་སྒྲུབ་དགོས་པར་འདུག

  དེ་ཡང་བོད་ཁུལ་གྱི་ས་གནས་སོ་སོའི་སྲིད་གཞུང་གིས་རེག་དུག་དང་ཨེ་ཙི་སྔོན་འགོག་དང་། དེའི་ཐད་ཀྱི་ཤེས་བྱ་སྣ་མང་རོང་འབྲོག་མི་མང་ལ་ནན་ནན་ཏན་ཏན་གྱིས་བསྒྲུབ་དགོས་པར་འདུག་སྟེ། དེ་ཡང་ཇི་ལྟར་སྒྲུབ་དགོས་ཤེ་ན། ཀྲུའུ་ཞི་ཞི་ཅིན་ཕེན་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་གི་རིམས་འགོག་བྱ་བའི་དགོངས་དོན་ལྟར། མི་མང་ལ་ཞབས་འདེགས་ཞུ་རྒྱུ་དེ་གཙོ་བོའི་ནང་གི་གཙོ་བོ་ཡིན་པའི་རེ་འདུན་དང་མངག་བཅོལ་ལྟར། རྫོང་ཞིག་ཡིན་ན་རྫོང་དཔོན་དང་རྫོང་ཨུའི་ཧྲུའུ་ཅུ་གཙོ་བོ་རྣམ་གཉིས་ཀྱིས་དེ་ལ་མཐོང་ཆེན་མཛད་དེ། རིམ་པ་བཞིན་དུ་རྫོང་རིམ་པའི་འགོ་ཁྲིད་གཞོན་པ་རྣམས་ལ་འོས་འགན་འཇོག་པ་དང་། དེ་རྣམ་པས་ཞང་དང་གྲོང་རྡལ་གྱི་ཧྲུའུ་ཅུ་དང་ཞང་ཀྲང་རྣམས་ལ་མངག་བཅོལ་ནན་མོ་བྱ་དགོས། དེ་དག་གིས་རིམ་པ་བཞིན་དུ་སྡེ་བ་སོ་སོའི་སྡེ་དཔོན་རྣམས་ལ་བསྐུལ་སློང་བྱས་ཏེ་རོང་འབྲོག་མི་མང་ད་འཚོགས་ཞེས་ན་འཚོགས་ཐུབ་པ་ཞིག་རྩ་འཛུགས་བྱ་དགོས། དེ་རྗེས་རྫོང་འཕྲོད་བསྟེན་ཅུའུ་ཡིས་རང་གི་ལས་འགན་ལྟར། རྫོང་རིམས་འགོག་ཚོད་འཛིན་ལྟེ་གནས་དང་། ཞང་རིམ་པའི་འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ལ་བྱ་བ་བཀོད་སྒྲིག་ནན་མོ་བྱས་ཏེ། དེ་དག་དུས་ཆད་བཏབ་པ་ལྟར་སྡེ་དཔོན་ཚོས་འཚོགས་སུ་བཅུག་པའི་སྡེ་བ་སོ་སོར་རིམ་པ་བཞིན་དུ་སོང་ནས། རེག་དུག་དང་ཨེ་ཙི་སྔོན་འགོག་གི་ཤེས་བྱ་མང་པོ་ཁ་གསལ་ཞིང་དོན་འདུས་པ་ཞིག་མང་ཚོགས་དང་བསྟུན་ནས་བོད་སྐད་ཀྱིས་སློབ་སྟོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། དེ་ཡང་སྐབས་འདི་རུ་གསལ་བཤད་བྱ་རྒྱུ་ཞིག་ནི། སྤྱིར་ན་རང་རེ་རྒྱལ་ཁབ་ཀྱིས་ལོ་རེ་རེ་བཞིན་དུ་རེག་དུག་ཨེ་ཙི་སོགས་སྔོན་འགོག་གི་བྱ་བ་མང་པོ་སྒྲུབ་པར་མངག་བྱ་དང་སྐུལ་སློང་ནན་མོ་མཛད་ཀྱིན་ཡོད་མོད། ཡིན་ན་ཡང་། ས་གནས་ཀྱི་འཕྲོད་བསྟེན་ཅུའུ་དང་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས། ཞང་འཕྲོད་བསྟེན་སོའོ་སོགས་ཀྱིས་བྱ་བ་སྒྲུབ་པ་དེ་འདྲའི་ཞིབ་ཚགས་མིན་པར། ཉིན་གཅིག་ལ་རྫོང་ཐོག་གམ་ས་ཁུལ་ཆུང་ཆུང་ཞིག་ནས་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་ཡིག་ཆ་ཐན་ཐུན་རེ་གསལ་བཤད་ཅི་ཡང་མེད་པར་བཀྲམ་ཐུབ་ཐུབ་བྱས་ཏེ་ཚར་ཐུབ་བྱེད་པ་དང་། རས་ངོས་སུ་ཁ་བྱང་གི་ཡི་གེ་ཆེན་པོ་རེ་བཀལ་ནས་རྫོང་བརྙན་འཕྲིན་ཁང་སོགས་འབྲེལ་ཡོད་གསར་འགོད་པ་བོས་ཏེ་དྲིལ་བསྒྲགས་ཀྱི་རྣམ་པར་འདྲ་པར་མང་པོ་བརྒྱབ་ནས་བརྙན་ཆས་སུ་བླངས་ཏེ་གསར་འགྱུར་དུ་བཏང་བ་ཙམ་གྱིས་བྱ་བ་འགྲུབ་ཐུབ་བྱེད་པ་རེད། དེ་ནི་གོང་རིམ་གྱི་འགོ་ཁྲིད་ཀྱི་མགོ་གཡོགས་ཐུབ་ཙམ་ཡིན་པ་ལས། རོང་འབྲོག་མི་མང་ལ་ཕན་ཆེན་པོ་ཐོགས་ཀྱི་མེད་པ་རེད། རྒྱུ་མཚན་ནི་ཁོ་ཚོ་སྡེ་བ་སོ་སོར་མ་སོང་བས་མི་མང་གིས་དེ་འདྲའི་དྲིལ་བསྒྲགས་གལ་ཆེན་ཞིག་ཡོད་པ་མི་ཤེས་པ་དང་། ཡང་ཁོ་ཚོའི་དྲིལ་བསྒྲགས་ཀྱི་ཡིག་ཆ་རྒྱ་ཡིག་ཡིན་པས་རོང་འབྲོག་པ་རྣམས་ཀྱིས་ཧ་མི་གོ་བ་རེད། ཡང་ཁོ་ཚོས་བཤད་པའི་སྐད་ཆ་རྒྱ་སྐད་ཡིན་པས་ས་གནས་མི་མང་གིས་མི་གོ་བ་རེད། དེ་ལས་དྲིལ་བསྒྲགས་འགྲེམ་སྤེལ་གྱི་དུས་ཡུན་ཧ་ཅང་ཐུང་བས་ཀུན་གྱིས་མཉམ་འཇོག་མི་བྱེད་པ་རེད། འདི་ལྟ་བུའི་གནད་དོན་གང་མང་ཞིག་གི་དབང་གིས་རེག་དུག་དང་ཨེ་ཙི་སོགས་སྔོན་འགོག་གི་བྱ་བ་སྒྲུབ་པ་ཞན་པ་དང་། རོང་འབྲོག་མི་མང་ལ་དེའི་ཕྱོགས་ཀྱི་ཤེས་བྱ་དེ་བས་ཀྱང་དམན་པ་སྨོས་ཅི་དགོས། འདི་ལྟ་བུའི་རིམས་འགོག་གི་བྱ་བ་སྒྲུབ་པའི་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་རེ་འདུན་སྟོང་ཟད་དང་། ས་གནས་མི་མང་གི་བདེ་ཐང་ལ་ཕན་ཐོགས་ཅི་ཡང་འབྱུང་མི་ཐུབ་པ་རེད། ཡང་ཅིག་བཤད་ན་ས་གནས་ལ་ལ་དེ་འདྲ་ཡིན་ཡང་ས་ཁུལ་ཁ་ཤས་དེ་ལྟར་མིན་ཡང་སྲིད། གང་ལྟར་ན་ནིང་ད་ལོ་འབྲེལ་ཡོད་ལས་ཁུངས་སོ་སོས་རིམས་འགོག་གི་བྱ་བ་སྒྲུབ་སྟངས་སྔར་ལས་ཇེ་བཟང་དུ་སོང་འདུག་མོད། ད་དུང་དེའི་ཕྱོགས་ལ་ཤུགས་བརྒྱབ་སྟེ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ལེན་རྒྱུ་ཧ་ཅང་གལ་ཆེའོ། ། དེ་བས་རྫོང་འཕྲོད་བསྟེན་ཅུའུ་དང་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས། ཞང་འཕྲོད་བསྟེན་སོའོ་བཅས་སུ་རྒྱ་སྐད་བོད་སྐད་གཉིས་ཀ་ཤེས་པ་དང་རྒྱ་ཡིག་བོད་ཡིག་གཉིས་ཀར་མཁས་པའི་ཆེད་ལས་སྨན་པ་དགོས་པ་ནི་སྨོས་མེད་རེད། དེ་ལས་ད་དུང་རིམས་འགོག་ཡིག་ཆའང་བོད་ཡིག་ཡིན་དགོས་པ་དང་། རེ་རེ་བཞིན་སྡེ་བ་སོ་སོར་སོང་ནས་གཅིག་གཅིག་གཉིས་གཉིས་དང་ནན་ནན་ཏན་ཏན་གྱིས་བོད་སྐད་ཀྱིས་གསལ་བསྒྲགས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། དེ་ལྟར་བྱས་ཚེ་མང་ཚོགས་ལའང་བདེ་ཐང་གི་ཞབས་ཞུ་བྱས་པ་ཡིན་ཞིང་། རང་ཉིད་ཀྱི་བྱ་བའི་གྲུབ་འབྲས་དང་གོང་རིམ་གྱི་མངག་བྱ་བརྩི་བསྲུང་བྱས་པ་ཡིན་པས། ཏང་དང་མི་མང་གིས་དུས་ནམ་ཡང་དགའ་བསུ་བྱེད་པ་དང་། མང་ཚོགས་མི་ཉུང་བ་ཞིག་འགོས་རིམས་ཀྱི་ཉེན་ཁ་ལས་སྐྱོབ་ཐུབ་པའང་ཤ་སྟག་གོ ། ད་ལྟ་རྒྱལ་ཁབ་ཀྱིས་ཀྱང་ཞང་འཕྲོད་བསྟེན་སོའོ་རྣམས་ཀྱིས་ནད་པར་གསོ་བཅོས་བྱེད་མི་དགོས་པར།བྱིས་པ་རྣམས་ལ་གློ་གཅོང་དང་མཆིན་ཚད། སིབ་བུ་སོགས་འགོས་རིམས་སྣ་ཚོགས་ཀྱི་འགོག་ཁབ་རྒྱག་པ་དང་། རྒན་པ་དག་གི་ཁྲག་རླུང་སྟོད་འཚངས་དང་གཅིན་ནད་ཟ་ཁུ་སོགས་ལ་བརྟག་བཤེར་དང་སློབ་སྟོན། ད་དུང་ཨེ་ཙི་དང་རེག་དུག་སོགས་ཀྱིས་མཚོན་པའི་མཚན་མའི་འགོས་ནད་ཀྱི་བདེ་ཐང་སློབ་གསོ་སྤེལ་བ། དེའི་ཕྱོགས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་དང་དྲིལ་བསྒྲགས་བྱེད་པ་སོགས། མདོར་ན། ཐུན་མོང་འཕྲོད་བསྟེན་གྱི་བྱ་བ་ཁོ་ན་གཉེར་དགོས་པའི་མང་ཚོགས་ལ་ཕན་པའི་ཡང་དག་པའི་སྲིད་ཇུས་བསྩལ་ཡོད་མོད། ཡིན་ན་ཡང་། ད་དུང་མཚན་མའི་འགོས་ནད་ཀྱི་བདེ་ཐང་བྱ་བ་བསྒྲུབས་པ་དེ་འདྲའི་ལེགས་རྒྱུ་མི་འདུག་པ་རེད། རྒྱུ་མཚན་ནི། ཞང་འཕྲོད་བསྟེན་སོའོ་ཡི་མངའ་ཞབས་སུ་སྡེ་བ་རིམ་པའི་སྨན་པ་ཡོད་པས། རྫོང་འཕྲོད་བསྟེན་ཅུའུ་དང་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས་ཀྱིས། བདེ་ཐང་སློབ་གསོའི་ལས་འགན་ཞང་འཕྲོད་བསྟེན་སོའོ་ལ་མངག་བཅོལ་བྱས། ཞང་འཕྲོད་བསྟེན་སོའོ་ཡིས་ཀྱང་རང་གི་མངའ་ཞབས་སུ་གཏོགས་པའི་སྡེ་བ་རིམ་པའི་སྨན་པ་རྣམས་ལ་བཀའ་ཕབ། དེས་ན་ཁ་དཔེ་ལ། བདག་པོས་གཡོག་བཅོལ། གཡོག་པོས་ཁྱི་བཅོལ། ཁྱི་ཡིས་རྔ་མ་བཅོལ། རྔ་མས་བཅོལ་ས་མ་རྙེད་པས་ཐང་ལ་བརྡབ། ཅེས་པ་ལྟར། ཆེས་མཐའ་མཇུག་གི་བྱ་བ་སྒྲུབ་མཁན་དེ་སྡེ་བའི་སྨན་པ་ཡིན་པ་རེད། དེས་ན་ཁྱེད་ཅག་གིས་འདང་ཞིག་རྒྱོབས་དང་སྡེ་བ་རིམ་པའི་སྨན་པ་ཞིག་ལ་གསོ་རིག་གི་ཆུ་ཚད་ཇི་འདྲ་ཞིག་ཡོད་སྲིད་དམ། དེས་བདེ་ཐང་སློབ་གསོ་ལ་ངོས་ཟིན་གང་འདྲ་ཞིག་ཐོན་ཐུབ་བམ། དེ་བས་བྱིས་པར་འགོག་རྒྱག་པ་ཙམ་ལས་མཚན་མའི་འགོས་ནད་དྲིལ་བསྒྲགས་གི་བྱ་བ་དེ་སྤེལ་མི་ཐུབ་པ་རེད། སྡེ་བའི་སྨན་པ་དེའང་དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་པ་བསྙོན་མེད་ཡིན་ཏེ། གཅིག་ནི་གསོ་རིག་སློབ་གྲྭ་ཆེན་མོ་སོགས་ནས་སློབ་མཐར་ཕྱིན་པ་མིན་པས་ཆུ་ཚད་ཞན་པ་དང་། ཆུ་ཚད་ཞན་པའི་དབང་གིས་བྱ་བ་སྒྲུབ་པའི་ནུས་པ་དམན། ད་དུང་འགོས་རིམས་འགོག་བཅོས་ཀྱི་སྦྱོང་བརྡར་སློབ་གསོ་ཐོབ་པའི་དུས་ཚོད་ཐུང་བ་སོགས་རང་སྟེང་གི་གནད་དོན་ཡོད་པ་དང་། གཞན་དུ་ན་ཕྱིར་རང་སྡེར་ལོག་ནས་མཚན་མའི་འགོས་ནད་ཀྱི་དྲིལ་བསྒྲགས་བྱ་བ་གཉེར་བའི་དབང་དུ་བཏང་ནའང་། བོད་རོང་འབྲོག་མི་མང་ལ་རིག་གནས་མེད་པར་རྗེས་ལུས་ཡིན་པའི་སྟབས་ཀྱིས་དེ་ལ་མཐོང་ཆེན་མི་བྱེད་པ་དང་། སྐྱེས་པ་རྣམས་ལ་དྲིལ་བསྒྲགས་ཀྱི་བྱ་བ་བཤད་ན་རྒྱབ་སྐྱོར་མི་བྱེད་པར་ཟུར་ཟ་བྱེད་པ་དང་། བུད་མེད་ཚོས་མཚན་མ་ཞེས་པ་ཐོས་པ་ཙམ་གྱིས་འགོས་ནད་ཅེས་པ་ཅི་ཡིན་ཧ་མི་གོ་བར་ངོ་ཚ་ནས་བྲོས་འགྲོ་བའམ། ཡང་ན་དེ་ལས་ལྡོག་པར་ཧབ་ཆ་དང་སྙིང་འཕྱོས་གཏོང་བ་རེད། ཡང་གཅིག་བཤད་ན་བོད་ཐུན་མོང་གི་སྐྱོན་ཆ་བཞིན་སྨན་པ་དེ་གཞན་ནས་ཡོང་བ་མ་ཡིན་པར་རང་གི་སྡེ་བའི་མི་ཡིན་པའི་སྟབས་ཀྱིས། སྨན་པས་བཤད་པར་གནས་ལུགས་ཡོད་ཀྱང་ཁས་ལེན་དང་བདེན་ཁ་སྟེར་མི་འདོད་པ་རེད།ཡང་བླུན་པོ་ལ་ལས་སྨན་པ་ཞིག་གིས་སྨན་བཅོས་ཀྱི་བྱ་བ་མི་སྒྲུབ་པར་མཚན་མ་བཤད་ནས་ཅི་བྱེད། ཅེས་པ་སོགས་མདོར་ན། སྡེ་བའི་སྨན་པ་རྣམས་ཀྱི་མཚན་མའི་འགོས་ནད་རེག་དུག་དང་ཨེ་ཙི་དྲིལ་བསྒྲགས་ཀྱི་བྱ་བར་གེགས་བྱེད་ཅིང་། རང་རང་གི་བདེ་ཐང་སློབ་གསོའི་གོ་སྐབས་ལེགས་པོ་བརླགས་པར་བྱེད་པ་རེད། དེ་བས་སྡེ་བའི་སྨན་པ་རྣམས་ཀྱིས་མཚན་མའི་འགོས་ནད་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོ་ལེགས་པོ་ཞིག་སྒྲུབ་མི་ནུས་ལ་སྒྲུབ་ཐབས་ཀྱང་མེད་པ་རེད། གནས་ཚུལ་འདི་དག་ནི་ང་རང་ཉིད་སྨན་པ་ཞིག་ཡིན་པའི་ཆ་ནས་བྱ་བའི་ཉམས་མྱོང་དང་མཐོང་ཐོས་མྱོང་གསུམ་ཁོ་ན་ཡིན། ད་དུང་ཞང་འཕྲོད་བསྟེན་སོའོ་ཡི་འགོ་གཙོ་ཞིག་དང་ངེད་གཉིས་ཀྱིས་ཁ་བརྡ་བྱས་པ་ལས། ཁོས་ད་ལྟ་རྒྱལ་ཁབ་ཀྱི་རེ་བཅོལ་ལྟར་ཨེ་ཙི་སོགས་མཚན་མའི་འགོས་ནད་ཀྱི་དྲིལ་བསྒྲགས་ཤོག་བྱང་དང་། ཐ་ན་འོད་སྡེར་ཡང་སྡེ་བ་སོ་སོའི་ཁྱིམ་ཚང་རེ་རེར་བསྐྱལ་བ་ཡིན་མོད། ཡིན་ན་ཡང་། མང་ཚོགས་ཀྱིས་འོད་སྡེར་སོགས་ལ་མི་བལྟ་བ་རེད། རྒྱུ་མཚན་ནི་ཁྱིམ་ཚང་གང་བོས་ལྷན་དུ་བལྟས་ཚེ་དེའི་ནང་ན་ངོ་ཚ་བའི་ནང་དོན་ལྟ་བུ་ཡོད་པས་རེད་ཟེར། དེ་ལས་ངས་གསལ་པོར་ཤེས་སོང་བ་ཞིག་ནི་ཁོ་ཚོས་རྒྱལ་ཁབ་ཀྱི་སྒོར་མོ་མང་པོ་བརླགས་ནས་འོད་སྡེར་སོགས་ཉོས་ནས་མང་ཚོགས་ཀྱི་ཁྱིམ་ཚང་རེ་རེར་བསྐྱལ་བ་ལེགས་མོད། ཡིན་ན་ཡང་། མང་ཚོགས་ལ་དེའི་གལ་ཆེན་རང་བཞིན་དང་ནང་དོན་ངོ་སྤྲོད་བྱས་པ་ཁ་མ་གསལ་བའམ། ཡང་ན་གསལ་བཤད་ཅི་ཡང་མེད་པར་ལས་འགན་སྒྲུབ་ཐུབ་ཙམ་གྱིས་ཁྱིམ་ཚང་དེའི་ཁྱིམ་བདག་གིས་འོད་སྡེར་ལག་ཏུ་འབྱོར་བའི་མིང་རྟགས་འགོད་པ་བཅས་ཀྱི་ཆེད་ཡིན་པའི་སྟབས་ཀྱིས་མང་ཚོགས་ལ་ཕན་མ་ཐོགས་པ་རེད། དེ་བས་ཁོ་བོའི་བསམ་ཚུལ་ནི་མཚན་མའི་འགོས་ནད་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བྱ་བ་ཀྲུང་དབྱང་གི་རེ་འདུན་ལྟར་ལེགས་པོ་ཞིག་འཁྱོངས་པའི་ཆེད་དུ། རྫོང་ཞིག་ལ་ཆ་བཞག་ན་ཐོག་མར་རྫོང་དཔོན་དང་རྫོང་ཨུའི་ཧྲུའུ་ཅུ་གཙོ་བོ་རྣམ་གཉིས་ཀྱིས་ཐུགས་ཁུར་རྒྱབ་སྐྱོར་བྱས་པ་བརྒྱུད། དེ་ལས་རིམ་བཞིན་དུ་རྫོང་འཕྲོད་བསྟེན་ཅུའུ་དང་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས་གཉིས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་ཆེད་བཀོལ་སྒོར་མོ་བརླགས་གང་ཐུབ་བྱས་ནས་མི་འདུག་པར། མང་ཚོགས་ཀྱི་ཁྲོད་དུ་སོང་ནས་བདེ་ཐང་དྲིལ་བསྒྲགས་ཀྱི་གནས་ཚུལ་རྒྱུས་ལོན་དང་མཛུབ་སྟོན་གྱིས་མཚན་མའི་འགོས་ནད་ཀྱི་བྱ་བ་ཡང་དག་པ་ཞིག་སྒྲུབ་དགོས། ཞང་འཕྲོད་བསྟེན་སོའོ་ཡིས་ཀྱང་སྡེ་བའི་སྨན་པ་རྣམས་ལ་ལས་འགན་རྟས་མི་ཐེག་པ་རེ་བཀལ་ཏེ་རང་རང་རང་མགོ་གང་ཐོན་གྱིས་མི་འདུག་པར། སྡེ་བ་སོ་སོར་སོང་ནས་སྡེ་དཔོན་རྣམས་དང་གྲོས་མཐུན་གྱིས་སྡེ་བའི་སྨན་པ་དག་གི་མཚན་མའི་འགོས་ནད་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བྱ་བའི་མགོ་མཇུག་བར་གསུམ་དུ་རམ་འདེགས་དང་། མཛུབ་སྟོན། རོགས་རམ། བསྒྲགས་རོགས་བཅས་བྱས་ཏེ་རོང་འབྲོག་མི་མང་གི་བདེ་ཐང་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་རྒྱུ་ནི་ཏང་དང་མི་མང་གི་རེ་བ་ཉག་གཅིག་གོ །ད་དུང་ཞང་དང་སྡེ་བའི་སྨན་པ་རྣམས་ཀྱིས་མང་ཚོགས་ལ་རེག་དུག་དང་ཨེ་ཙི་དྲིལ་བསྒྲགས་བྱས་པའི་གྲུབ་འབྲས་དེ་འདྲ་མི་བཟང་ཞིང་སྨན་པ་དཔེ་ལེགས་ཅན་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་ཞིག་དགོས་ན། ས་གནས་སོ་སོའི་རྫོང་བོད་སྨན་ཁང་སོགས་ཀྱི་སྨན་པ་རིག་གནས་དང་ཡོན་ཚད་མཐོ་ཞིང་སྨན་བཅོས་ལག་རྩལ་ཅན། མང་ཚོགས་ཀྱིས་ཁས་ལེན་དང་དགའ་བསུ་ཐོབ་པ་ཞིག་ཀྱང་རྫོང་འཕྲོད་བསྟེན་ཅུའུ་ལ་བཤད་ཏེ་གདན་འདྲེན་ཞུས་ནས་རམ་འདེགས་བྱེད་དུ་བཅུག་ཆོག་ཆོག་ཡིན་པ་རེད།

ལྔ།   བླ་སྤྲུལ་དང་དགེ་བཤེས་རྣམས་ཀྱིས་ཀྱང་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བྱ་བར་ནུས་ཤུགས་འདོན་དགོས་པར་འདུག

  དེ་ཡང་ཚང་མས་ཤེས་གསལ་ལྟར་བོད་མི་མང་ལ་ཆོས་དད་ཆེ་ཞིང་། བླ་སྤྲུལ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་། ཚེ་འདིའི་སྐྱབས་མགོན་དང་ཚེ་ཕྱི་མའི་ལམ་སྣ་འདྲེན་མཁན་ཏེ། རྩ་བའི་བླ་མ། །གཙུག་གི་ནོར་བུ། །མེ་ཏོག་ཕོག་པའི་ལྷ་སྐལ། །བླ་མའི་ཅི་གསུང་ཆོས། །མཛུབ་གུས་གར་བསྟན་ཤར། །ཞེས་མདོར་ན་བླ་སྤྲུལ་རྣམས་ནི་སངས་རྒྱས་དངོས་སུ་བོད་ཡུལ་དུ་བྱོན་པའི་དད་པ་དང་དག་སྣང་བོད་མི་མང་ལ་བཅོས་མ་མ་ཡིན་པ་ཞིག་ཡོད་པ་རེད། དེ་བས་བོད་མི་མང་ལ་མཚོན་ན་བླ་སྤྲུལ་རྣམས་ནི་ཚེ་འདི་ཕྱིའི་བདེ་སྡུག་ཞུ་ས་ཉག་གཅིག་ཡིན་པས་ན། བླ་སྤྲུལ་ནི་བསྟན་འཛིན་སྐྱེས་བུ་དང་དད་ལྡན་མི་མང་ནི་བསྟན་པའི་སྦྱིན་བདག་ཡིན་པ་རེད། དེ་བས་བོད་ཁམས་ཀྱི་བླ་སྤྲུལ་རྣམས་ཀྱིས་ཀྱང་། དད་ལྡན་རོང་འབྲོག་མི་མང་ལ་མི་འདོད་པའི་ན་ཚ་ངན་པ་ཨེ་ཙི་དང་རེག་དུག་སོགས་བྱུང་ནས་དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་ལྟ་བུ་ཞིག་མྱངས་སུ་འཇུག་མི་འདོད་པ་ནི་སྨོས་ཅི་དགོས། དེས་ན་དེང་དུས་རྒྱལ་ཁབ་དང་ས་གནས་སྲིད་གཞུང་།རྫོང་སོ་སོའི་ནད་རིམས་ཚོད་འཛིན་ལྟེ་གནས། རྫོང་དང་ཞང་གི་སྨན་ཁང་སོ་སོ། སྡེ་བའི་སྨན་པ། ཐ་ན་སྡེ་དཔོན་རྣམས་ཀྱིས་ཀྱང་རུས་པའི་གསེང་ན་ཧ་མེད་ཀྱང་།།རྩིབ་རུས་ཐ་དག་མེར་བསྲོ།།ཞེས་པའི་དཔེ་བཞིན་དུ། སེམས་ཁུར་ཆེན་པོ་དང་། བདག་བས་གཞན་གཅེས། ངལ་བ་འཛེམས་མེད། རང་ནུས་རྩལ་སྤྲུགས། ལྷག་བསམ་ཟོལ་མེད། བདག་གཞན་མཉམ་བརྗེ་ལྟ་བུས་རོང་འབྲོག་མི་མང་ལ་ཨེ་ཙི་དང་རེག་དུག་སྔོན་འགོག་གི་ཤེས་བྱ་འཆད་ཁྲིད་དང་དྲིལ་བསྒྲགས་བྱེད་པ་དང་། དད་ལྡན་རོང་འབྲོག་མི་མང་ལ་ནད་འདི་གཉིས་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་དང་། ནད་ངན་འདི་གཉིས་སྔོན་འགོག་བྱེད་པའི་བསླབ་བྱ་དང་ཤེས་བྱ་ཧ་ཅང་མཁོ་བའི་སྐབས་འདི་ལྟ་བུ་ཞིག་ལ། བོད་མི་མང་གི་ཚེ་འདི་ཕྱིའི་གཏན་གྱི་སྐྱབས་མགོན་བླ་སྤྲུལ་རྣམ་པ་འཇམ་ཅག་ཅེར་བཞུགས་ག་ལ་ཉན། རོང་འབྲོག་མི་མང་ ལ་ནད་ངན་འདི་ལྟ་བུ་མི་འབྱུང་བར་བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་དང་། ཆོས་དང་དགེ་བའི་ཚོགས་སྒྲུབ་ཐུབ་པ་དང་། །ཨེ་ཙི་དང་རེག་དུག་སོགས་ཀྱིས་དད་ལྡན་མང་ཚོགས་ལ་གནོད་པ་ཚབས་ཆེན་ཐེབས་ནས་ཆག་འཇིག་བཟོད་མེད་ཅིག་མི་འབྱུང་བའི་ཆེད་དུ། བླ་མ་དང་དགེ་བའི་བཤེས་གཉེན་གནམ་གྱིས་ས་གབ་པ་ལྟ་བུ་ཐམས་ཅད་ཀྱིས་ཀྱང་། ད་ནས་བཟུང་བོད་མི་མང་ལ་ནད་ངན་ཨེ་ཙི་དང་རེག་དུག་སྔོན་འགོག་གི་མཛད་པ་ལྷུར་ལེན་རྒྱུ་དང་། འདིའི་ཕྱོགས་ཀྱི་བསླབ་བྱ་མང་པོ་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་གོ །འདི་ལྟར་བླ་མ་དགེ་བཤེས་རྣམས་ཀྱིས་བསླབ་བྱ་གནང་ན་དད་ལྡན་མི་མང་གིས་ཡིད་ཆེས་དང་སེམས་བསམ་པའི་རྒྱུད་དང་ཤ་རུས་པའི་གཏིང་ནས་བརྩི་བསྲུང་བྱེད་པས་གྲུབ་འབྲས་ཆེ་ཞིང་ཕན་ཐོགས་འབྱུང་བ་རེད། དེ་བས་བླ་སྤྲུལ་དང་དགེ་བཤེས་རྣམ་པས་ཀྱང་དུས་འཁོར་དབང་ཆེན་སོགས་གསུངས་དུས། གདུལ་བྱ་ཁྲི་འཚོགས་སྟོང་འདུས་ལ་ཨེ་ཙི་དང་རེག་དུག་སྔོན་འགོག་གི་བསླབ་བྱ་ནན་མོ་རེ་ཆོས་ཀྱི་ཞོར་དུ་གསུངས་རྒྱུ་ཧ་ཅང་གལ་ཆེའོ། །དེ་ལས་ད་དུང་རང་རང་གི་སྡེ་བ་ཚོ་བ་ནས་མ་ཎི་འདོན་པ་སོགས་ཀྱི་སྐབས་སུའང་། དགེ་སློང་དང་སྔགས་པ། བོན་པོ། སྤྱི་བ་སོགས་མདོར་ན་རང་རང་གི་གྲུབ་མཐའ་ཅི་ཡིན་པའི་ཆོས་ཟབ་མོ་འཆད་པའི་ཞོར་དུ་རང་རང་གི་མི་སྡེ་ལྷ་སྡེ་ལ་ཨེ་ཙི་དང་རེག་དུག་སྔོན་འགོག་དང་དེ་ལ་མཉམ་འཇོག་བྱ་དགོས་པའི་སྐོར་གྱི་ཁ་བརྡ་གནད་ལ་འཁེལ་བ་རེ་བྱ་རྒྱུ་བརྗེད་མི་ཉན་པ་རེད། བླ་སྤྲུལ་གྱི་ཕྱོགས་ནས་བོད་རོང་འབྲོག་མི་མང་ལ་ཨེ་ཙི་དྲིལ་བསྒྲགས་ཀྱིས་མཛད་རྗེས་ཆེན་པོ་འཇོག་དང་འཇོག་བཞིན་པ་ནི། གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་རེད། ཁོང་གིས་འདིའི་ཕྱོགས་ཀྱི་བྱ་བ་གལ་ཆེན་མང་པོ་ངལ་བ་འཛེམས་མེད་ཀྱིས་སྒྲུབ་ཀྱིན་པ་ལ། བླ་སྤྲུལ་ཆེན་པོ་གཞན་རྣམ་པས་ཀྱང་སློབ་སྦྱོང་བྱེད་དགོས་པར་འདུག་སྙམ་མོ། །

དྲུག   སྡེ་དཔོན་རྣམས་ཀྱིས་ཀྱང་མི་མང་ལ་ཨེ་ཙི་དང་རེག་དུག་སྔོན་འགོག་གི་བྱ་བ་ནན་མོ་བསྒྲུབ་དགོས་པར་འདུག

དེ་ཡང་སྡེ་བ་སོ་སོའི་ཧྲུའུ་ཅུ་དང་སྡེ་དཔོན་རྣམས་ལ་མཚོན་ན། འདེམས་བསྐོ་བྱེད་དུས་མི་མང་གིས་བདམས་པ་ཡིན་ཞིང་། བུ་རེ་བ་ཅན་ལ་རེ་བཞག།།གོས་རི་མོ་ཅན་ལ་རྒྱང་བལྟས། །མི་བརྒྱའི་གོང་ནས་གཏམ་བཤད་ནོ། །རྟ་བརྒྱའི་མགོ་ནས་ལྕག་གཡུག་ནོ། །ཤར་ཤར་བྱས་ཚེ་མགོ་ནས་འདུག་ནོ། །གོར་གོར་བྱས་ཚེ་དཀྱིལ་ནས་བཙོག་ནོ། །ཞིག་ཕ་མང་གི་བུ་འཚོགས་ནས་འདེམས་བསྐོ་བྱས་པ་རེད། དེས་ན་མི་མང་གིས་སྡེ་དཔོན་ཚོར་དེ་འདྲའི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ན། སྡེ་དཔོན་རྣམས་ཀྱིས་ཀྱང་རང་སྡེའི་མི་མང་སྟེ་ཤ་ཕུ་ནུ་ཚོར་ཕན་པའི་མི་བཟང་དོན་བཟང་གི་བྱ་བ་རེ་བསྒྲུབ་དགོས་པ་ནི་སྨོས་ཅི་དགོས། སྡེ་བའི་བྱ་གཞག་གཞན་གྱི་ཐད་ནས་ལག་རྗེས་འདྲ་ཡོད་སྲིད་མོད། འོན་ཀྱང་མང་ཚོགས་ལ་ཨེ་ཙི་དང་རེག་དུག་སྔོན་འགོག་སྐོར་གྱི་བདེ་ཐང་སློབ་གསོ་སྒྲུབ་བཞིན་པའི་སྡེ་དཔོན་ཞིག་ཁོ་བོས་གཏན་ནས་ཐོས་མ་མྱོང་ལ། ཕལ་ཆེར་ས་ཆ་སོ་སོ་ནས་དེ་འདྲ་ཡིན་རྒྱུ་རེད་སྙམ། མི་མང་ལ་མཚོན་ན་འགོས་ནད་མེད་པར་ལུས་ཕུང་བདེ་ཐང་འབྱུང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ནད་ཀྱིས་མ་བཏབ་ལུས་བདེ་ན་ད་གཟོད་འབྲོག་པས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཐུབ་པ་དང་། རོང་བས་ས་ཞིང་རྨོ་འདེབས་སོགས་ཞིང་ལས་འབྲུ་རིགས་ཀྱི་ཐོན་ཁུངས་སྒྲུབ་ཐུབ། ད་དུང་ཚོང་ལས་གཉེར་བ་དང་སྒོར་མོ་བཙལ་བ་སོགས་མདོར་ན། མི་མང་གི་འཚོ་བའི་ཆ་རྐྱེན་གོང་འཕེལ་དུ་གཏོང་བ་དང་དབུལ་བོ་ཕྱུག་པོར་འགྱུར་བའི་བྱ་བ་ཅི་རིགས་གེགས་མེད་དུ་སྒྲུབ་ཐུབ་པ་རེད།  དེས་ན་སྡེ་དཔོན་ལའང་འགོས་རིམས་སྔོན་འགོག་དང་དྲིལ་བསྒྲགས་བྱ་བ་མ་སྒྲུབ་པའི་ཐད་ནས། ཏང་དང་རྒྱལ་ཁབ་ཀྱིས་བཀའ་བཀྱོན་དང་མི་མང་གི་ལེ་བདའ་སོགས་མི་ཡོང་པའི་ཆེད་དུ། སོས་དལ་དུས་མི་མང་གི་བདེ་ཐང་སློབ་གསོ་སོགས་ལ་རྒྱབ་སྐྱོར་དང་དེ་ལ་ཤུགས་རྒྱག་པ་ལས། འབྲོག་ཁུལ་གྱི་དགོས་མེད་རྟ་རྒྱུག་དང་རོང་ཁུལ་གྱི་མདོ་མེད་མདའ་འཕེན་གཉིས་ལ་ཉི་མ་སུམ་བརྒྱ་དྲུག་ཅུར་མགོ་འཁོར་ནས་བསྡད་པ་ཡིན་ན་ག་ལ་འགྲིག  གཏན་ནས་འགྲིག་གི་ཡོད་པ་མ་རེད། དེང་དུས་བོད་ཀྱི་ས་ཆ་སོ་སོ་ན་རང་རང་གི་སྡེ་བ་ཚོ་བའི་ལོ་རྒྱུས་བྲིས་ནས་སྡེ་དཔོན་རྣམས་ཀྱི་བྱས་རྗེས་དང་འཇོན་ཐང་ལོ་རྒྱུས་ཟིན་ཐོར་འགོད་བཞིན་པ་མ་ཡིན་ནམ། དེས་ན་སྡེ་དཔོན་ཚོས་ཀྱང་སྔོན་དུས། གསེར་ནག་གྲུ་བཞིའི་ཐེལ་ཅན། །རྨ་བྱ་སྔོན་མོའི་སྒྲོ་ཅན། །བྱུ་རུ་དམར་པོའི་ཏོག་ཅན། །རྣམས་ཀྱིས་གཏན་ནས་སྒྲུབ་མ་མྱོང་བའི་ཨེ་ཙི་དང་རེག་དུག་སྔོན་འགོག་གི་བྱ་བ་སྒྲུབ་སྟེ་མི་མང་ལ་བྱས་རྗེས་བཞག་ནས་དེ་ལོ་རྒྱུས་ཟིན་ཐོ་རུ་བཀོད་ན་གཟི་བརྗིད་མི་ཆེའམ། དེ་ནི་དངོས་གནས་བུ་རུས་པ་ཅན་ཞིག་གིས་མ་གཏོགས་སྒྲུབ་མི་ཐུབ་པའི་བྱ་བ་རེད་ཡ། ལོ་རྒྱུས་ཡིག་ཚགས་སུ་འགོད་རིན་ཡོད་པའི་ལ་རྒྱ་ཡང་རེད། དེ་བས་ད་ནས་བཟུང་བོད་ཀྱི་ས་ཆ་སོ་སོས་སྡེ་དཔོན་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་སྡེ་བའི་མི་མང་ལ་ཨེ་ཙི་དང་རེག་དུག་གི་བདེ་ཐང་སློབ་གསོ་སྤེལ་བའི་བྱ་བ་མང་པོ་བསྒྲུབ་དགོས་པར་འདུག   དེ་ཅི་ལྟར་བསྒྲུབ་དགོས་ཞེ་ན། སྡེ་མི་འཚོགས་སུ་བཅུག་ནས་རྫོང་རིམ་པའི་འགོས་རིམས་ཚོད་འཛིན་ལྟེ་གནས་ཀྱི་བོད་སྐད་དང་བོད་ཡིག་ཤེས་པའི་ཆེད་ལས་སྨན་པ་གདན་དྲངས་ཏེ་འབྲེལ་ཡོད་ཤེས་བྱ་བསྒྲགས་པ། ཡང་ན་ཞིང་ཆེན་དང་ཁུལ་རིམ་པའི་ཆེད་ལས་མཁས་པ་གདན་དྲངས་ཏེ་བདེ་ཐང་སློབ་གསོ་སྤེལ་ནའང་ཆོག   ཡང་ན་རང་རང་ས་ཁུལ་གྱི་རྫོང་བོད་སྨན་ཁང་སོགས་ཀྱི་སྨན་པ་གྲགས་ཅན་གདན་དྲངས་ན་ཡང་འགྲིག   ཡང་ན་ཞང་འཕྲོད་བསྟེན་སོའོ་ཡི་སྨན་པ་བོས་ནའང་ཆོག  ཡང་ན་སྡེ་བའི་སྨན་པ་ལ་རྒྱབ་སྐྱོར་བྱས་ཏེ་དྲིལ་བསྒྲགས་བྱས་ནའང་རྨད། ཡང་ན་སྨན་པ་འབྲུག་བྱམས་ཚེ་རིང་དང་དྲུང་ཡིག་གུ་རུ་ཚེ་རིང་སོགས་ཀྱིས་སྒྲུབ་པའི་གོང་རིམ་གྱི་ཆོག་མཆན་ཐོབ་པའི་ལས་ཁུངས་ཏེ་རྨ་ལྷོ་བདེ་སྐུལ་ཚོགས་པ་ལྟ་བུ་སོགས་གདན་དྲངས་ནའང་ཆོག    གཞན་དུ་ན་མདོ་ཁམས་ཡུལ་དུ་བསྐྱོད་པའི་ཨེ་འགོག་བྱེད་སྒོ་ལེ་དབར་ཁྲི་ཕྲག་མ། ཞེས་པའི་ཨེ་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པའི་ལྷག་བསམ་ཅན་གྱི་དང་བླངས་པ་ཆོས་དཔལ་བཟང་པོ་དང་བཀྲ་ཤིས་རྒྱ་མཚོ་སོགས་ལྟ་བུ་ལ་འབྲེལ་གཏུགས་བྱས་ནའང་ལེགས་པོ་རེད། ད་དུང་ས་ཁུལ་གཞན་ན་ཡོད་པའི་ཁྲིམས་མཐུན་ཉམས་མྱོང་ཅན་གྱི་དང་བླངས་པ་འབོད་པ་སོགས། གང་ལྟར་འདི་དང་འདི་ལྟ་བུའི་ཐབས་ཤེས་སྤྱད་དེ། རང་སྡེའི་མི་མང་ལ་ནད་ངན་ཨེ་ཙི་དང་རེག་དུག་གི་ཉེན་ཁ་མི་འབྱུང་བར་བྱ་རྒྱུ་དེ། སྡེ་དཔོན་རྣམ་པའི་འོས་འགན་དུ་འཛིན་རྒྱུ་ནི་སྙིང་ཁོང་རུས་པའི་གཏིང་གི་རེ་བ་ཉག་གཅིག་གོ །

 བདུན།   བོད་པའི་སྐྱེས་པ་ཚོ་སྨད་འཚོང་ཁང་དུ་མི་འགྲོ་བ་དང་སྨད་འཚོང་མ་བསྟེན་པའི་གོམས་གཤིས་ཡོད་ན་འདོར་དགོས།

  དེ་ཡང་བོད་པའི་སྐྱེས་པ་ཚོ་རྒྱ་སྲང་དང་གྲོང་ཁྱེར་དུ་སོང་ཚེ། སྨད་འཚོང་མ་བསྟེན་པའི་གོམས་གཤིས་ངན་ལངས་ཅན་ཡོད་ནའང་ཐང་། སྤྱིར་དེང་དུས་ཀྱི་ཨེ་ཙི་དང་རེག་དུག་གི་མཚན་མའི་འགོས་ནད་ངན་པ་འདི་ལྟ་བུ་ཞིག་མེད་པ་ཡིན་ན། སྨད་འཚོང་མ་བསྟེན་པ་ཡིན་ན་ཡང་མི་རང་རང་ལ་དཔལ་འབྱོར་གྱི་གྱོང་གུད་ཙམ་ལས་གནོད་པ་གཞན་མི་ཐེབས་ནའང་ཐང་མོད། ཡིན་ན་ཡང་། དུས་སྙིགས་མ་ཞེས་ནའང་འདྲ། དཔལ་འབྱོར་གྱི་དུས་རབས་ཞེས་ནའང་འདྲ། འགྲན་རྩོད་ཀྱི་དུས་རབས་འདི་ལྟ་བུ་ལ་མཚོན་ན་སྟོད་རྒྱ་གར་དང་སྨད་རྒྱ་ནག་ནས་བོད་ཁ་བ་ཅན་སོགས་ཀྱིས་མཚོན་པའི་ཆེ་ཕྱོགས་ནས་ཕྱི་རྒྱལ་གྱི་མི་སྣ་ཚོགས་དང་ཆུང་ས་ནས་སྟོད་མངའ་རིས་དང་བར་དབུས་གཙང་སྨད་མདོ་ཁམས། ད་དུང་ནང་ལོགས་ཀྱི་མི་མང་པོ་རྒྱ་མཚོ་བརྡོལ་བརྡོལ་དང་ར་ལུག་འདྲེས་འདྲེས་བྱས་ཏེ་སྒོར་མོའི་དོན་དུ་འཚང་ཁ་རྒྱག་པ་དང་། སྒོར་མོའི་དོན་དུ་ཅི་ཡང་བྱེད་ཕོད་པའི་དུས་རབས་འདི་འདྲ་ལ་སྨད་འཚོང་མ་ཞིག་བསྟེན་ག་ལ་ཉན། རྒྱུ་མཚན་ནི་ཨེ་ཙི་དང་རེག་དུག་གི་ན་ཚ་གདུག་པ་ཅན་འདི་ཕྱི་རྒྱལ་ནས་རང་རྒྱལ་གྱི་ནང་ལོགས་དང་དེ་ནས་རིམ་གྱིས་མཐོ་སྒང་བོད་ཡུལ་དུ་ཁྱབ་དང་མཆེད་པའི་རྒྱུ་རྐྱེན་འཛོམས་པ་གོར་མ་ཆག་པས་ན། སྨད་འཚོང་མ་བསྟེན་པ་དེས་རང་ཉིད་ལ་ཨེ་ཙི་དང་རེག་དུག་གི་ན་ཚ་ངན་པ་འདི་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་རེད། རྒྱུ་མཚན་བོད་ཀྱི་སྐྱེས་པ་རྣམས་ལ་རིམས་འགོག་འགྱིག་ཤུབས་ཙམ་གོན་པའི་གོམས་གཤིས་བྲལ་བ་དང་དེའི་ཕྱོགས་ཀྱི་ཤེས་བྱ་ཏིལ་ཙམ་ཡང་མེད་པ་མ་ཟད། ཐ་ན་སྨད་འཚོང་མས་རིམས་འགོག་འགྱིག་ཤུབས་གོན་པར་ཡང་བཀག་འགོག་མི་བྱེད་པའི་ངེས་པའང་མེད།  འགའ་རེས་ཐོག་མར་སྨད་འཚོང་མས་རིམས་འགོག་འགྱིག་ཤུབས་ནན་གྱིས་བསྐོན་ཡང་འཁྲིག་སྤྱོད་སྐབས་སྨད་འཚོང་མར་ཚོར་དུ་མ་བཅུག་པར་འདོར་སྲིད་ལ། ལ་ལས་རིམས་འགོག་འགྱིག་ཤུབས་སྨད་འཚོང་མར་ཚོར་དུ་མ་བཅུག་པར་རལ་བར་བྱེད་སྲིད།  ཁོ་ཚོས་རིམས་འགོག་འགྱིག་ཤུབས་དེ་གྱོན་ནས་འཁྲིག་སྤྱོད་བྱས་ཚེ་ཚོར་བ་དེ་འདྲའི་བཟང་རྒྱུ་མི་འདུག་ཟེར་བར་ཡང་ལ་ཐང་མེད་མོད། ཐེངས་གཅིག་གི་ཚོར་སྣང་ལ་བསྙེགས་ནས་ཚེ་གང་ལ་སྐྱོབས་ཐབས་བྲལ་བའི་ཨེ་ཙིའི་ནད་བྱུང་ན་ཅི་ཞིག་བྱེད། ད་དུང་དེ་འདྲ་འགོས་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྱིམ་གྱི་ཆུང་མ་དང་དགའ་རོགས་ལ་བསྒོ། དེས་ཀྱང་སྐྱེས་པ་གཞན་ལ་བསྒོ་བ་སོགས་ཀྱི་མཇུག་འབྲས་ནི་གྲིས་བརྒྱབ་ནས་མི་གསོད་པ་ལས་ཀྱང་ཡ་ང་བའི་སྡིག་པ་དང་ཉེས་པ་ཚབས་ཆེན་གསོག་སྲིད་པ་རེད། དེ་བས་བོད་ཀྱི་སྐྱེས་པ་ཁྱིམ་ན་ཆུང་མ་ཡོད་པ་རྣམས་ཀྱིས་རྒྱ་སྲང་གི་སྨད་འཚོང་མ་མི་བསྟེན་རྒྱུ་ཧ་ཅང་གལ་ཆེ། རང་གི་ཆུང་མ་ལྷ་མོ་ལྟ་བུའི་མཛེས་མ་དག་བསྐྱུར་ནས་རྒྱ་སྲང་གི་སྨད་འཚོང་མ་མོ་རྩོག་གཟུགས་སྐྱེ་ལུས་མེད་ཅིང་ཡག་མོ་སྒོ་ཞན་པ་དག་བསྟེན་པ་ནི་ཤིན་ཏུ་ནས་ཐ་ཤལ་གྱི་སྤྱོད་པ་ཞིག་ཡིན་པས།རང་གིས་རང་ཉིད་དང་ཆུང་མ་ད་དུང་བྱིས་པ་བཅས་ལ་འདང་རེ་བརྒྱབ་ནས་ན་ཚ་ངན་པ་ཞིག་མི་ཕོག་པར་ཁྱིམ་ཚང་དང་བཟའ་ཟླ་བྱིས་པ་བཅས་ལ་བདེ་སྐྱིད་ཅིག་སྐྲུན་པའི་ཕྱིར་དུ་ད་ནས་བཟུང་བོད་ཀྱི་སྐྱེས་པ་རྣམས་ཀྱིས་སྨད་འཚོང་མ་མི་བསྟེན་པར་བྱའོ། །

བརྒྱད།      བོད་ཀྱི་བུད་མེད་རྣམས་ཀྱིས་སྨད་འཚོང་གི་ལས་མི་གཉེར་བར་བྱ་དགོས།

  བོད་ཀྱི་བུད་མེད་རྣམས་ལ་མཚོན་ན་བརྩེ་དུང་ཅུང་རྒྱ་ཡན་ཅན་དང་དགའ་རོགས་སྒྲིག་པར་དགའ་བ་ཞིག་ཡིན་པ་གནའ་ནས་ད་ལྟའི་བར་གྱི་སྲོལ་ཞིག་ཡིན་མོད། ཡིན་ན་ཡང་། བོད་ཀྱི་བུ་མོ་ཚོས་སྨད་འཚོང་མ་བྱེད་པ་ཐོས་རྒྱུ་མཐོང་རྒྱུ་ཤིན་ཏུ་དཀོན། གནའ་མི་རྒན་པ་ལོ་ན་བདུན་ཅུ་ནས་བརྒྱད་ཅུ་དགུ་བཅུ་ཅན་དག་ལ་དྲིས་ཚེའང་དེའི་སྐོར་གྱི་གནས་ཚུལ་སྨྲ་རྒྱུ་ཧ་ཅང་ཉུང་། དེ་ལྟ་བུའི་གནས་ཚུལ་རེ་ཡོད་ན་ཡང་། རྒྱང་རིང་གི་གྲོང་ཁྱེར་ག་གེ་མོ་ཞིག་གམ་ཡང་ན་ས་ཆ་དེ་དང་དེ་འདྲ་ཞིག་ན་སྨད་འཚོང་མ་ཡོད་པ་རེད་ཟེར་བ་ཙམ་གྱི་ལྷ་སྒྲུང་ལྟ་བུ་ཞིག་ལས་ཁོ་ཚོས་དངོས་སུ་སྨད་འཚོང་མ་བསྟེན་པ་ཕར་ཞོག་ཐ་ན་མི་ཚེ་གང་བོར་མཐོང་ཡང་མྱོང་མེད་པ་རེད། དེ་ཡང་ཡིན་ངེས་ཏེ་གནའ་བོའི་སྤྱི་ཚོགས་སམ་གནའ་མིས་བཤད་པ་ལྟར་སྨྲས་ཚེ། སྤྱི་ཚོགས་རྙིང་བར་དེང་སྐབས་བཞིན་དུ་རྒྱལ་ཁྲིམས་དམ་པོ་དང་སྤྱི་ཚོགས་བདེ་འཇགས་མིན་པས་ན། བོད་རོང་འབྲོག་གི་བུ་མོ་རྣམས་ལ་མཚོན་ན་ཡང་། རང་རང་གི་སྡེ་བ་ཚོ་བ་ལས་ས་ཆ་གཞན་དུ་གཏན་ནས་འགྲོ་མྱོང་མེད་པ་མ་ཟད། འགྲོ་ཡང་མི་ཕོད་པ་རེད། སྐབས་དེ་དུས་སུ་སྡེ་བ་ཚོ་བ་སོ་སོའི་བར་དུ་མི་རིགས་མི་གཅིག་པ་ལྟ་བུའི་ལྟ་སྟངས་ཡོད་པ་དང་། ལྷ་སར་མཇལ་སྐོར་དུ་འགྲོ་བ་ནི་དེང་དུས་ཕྱི་རྒྱལ་དུ་འགྲོ་བ་ལས་ཀྱང་དཀའ་ཁག་དང་ཉེན་ཁ་བརྒྱུད་དགོས་པ་རེད། ཐ་ན་རོང་བ་དང་འབྲོག་པ་ཞེས་ན་ཡང་རང་རང་ས་ནས་ཁ་གཉེར་སྣ་གཉེར་དང་ངན་སྨྲས་དམའ་འབེབས་ཀྱིས་མི་རིགས་གཅིག་མིན་པ་ལྟ་བུའི་སྣང་བ་སྐྱེ་བ་རེད། དེ་དུས་བོད་ཁུལ་ན་རྒྱ་སྐད་ཤེས་པ་ཉིན་མོའི་སྐར་མ་བཞིན་དཀོན་ལ། རྒྱ་དང་ཁ་ཆེའི་ཁྲོད་བོད་སྐད་ལབ་མཁན་ཡང་རུས་སྦལ་གྱི་སྤུ་ལྟར་རོ། །དེ་བས་ཕོ་མཆོག་མོ་དམན་གྱི་བོད་པའི་སྤྱི་ཚོགས་ལ་མཚོན་ན། སྐབས་དེ་དུས་ཤིག་ལ་ཁ་རྒྱལ་མགོ་རྒྱལ་དང་ངན་པ་ལངས་ཤོར་གྱི་བུ་མོ་ཞིག་གང་ན་ཡོད། བག་མར་འགྲོ་དུས་ཀྱང་ཕ་མས་བཙན་གྱིས་སྟེར་བ་ལས་དེང་སྐབས་བཞིན་དུ་རང་དབང་རང་འཐད་ཅིག་ཤིན་ཏུ་དཀོན་པ་རེད། ཕ་མས་ཅི་གསུངས་ཆོས་དང་མཛུབ་མོ་གར་བསྟན་ཤར་གྱི་དཔེ་ལྟར། དེ་དུས་ཀྱི་བུ་མོ་རྣམས་ལོ་ན་བཅོ་ལྔ་བཅུ་དྲུག་ཙམ་ནས་གནས་ཡུལ་བརྒྱུད་དགོས་པ་ལས། ད་ལྟ་བཞིན་དུ་ལོ་ན་ཉི་ཤུ་སུམ་ཅུ་ལོན་ན་ཡང་ཁ་རྒྱལ་མགོ་རྒྱལ་གྱིས་རྒྱ་སྲང་ཉུལ་ཁོམ་ཞིག་གང་ན་ཡོད།  རྒྱུ་མཚན་དེ་འདྲ་མང་པོ་མང་པོ་ཞིག་གི་སྟབས་ཀྱིས་གནའ་བོ་དང་ཉེ་རབས་སུ་བོད་མོ་སྨད་འཚོང་མ་མེད་པ་རེད། འོ་ན་དེང་དུས་སྤྱི་ཚོགས་བདེ་འཇགས་ཡིན་པས་བོད་མདོ་དབུས་ཁམས་གསུམ་ལྟ་ཅི། ཐ་ན་ནང་ལོག་གི་གྲོང་ཁྱེར་ཆེན་མོ་ཧྲང་ཧེ་དང་ཁྲིན་ཏུ། ད་དུང་ཟི་ལིང་ལན་ཀྲུའུ་སོགས་ཀྱིས་མཚོན་པའི་ག་ས་གང་དུ་སོང་ཆོག་པ་དང་། གང་ནས་བསྡད་ཀྱང་སྟབས་བདེ་དང་སྐྱིད་པོ་ཡིན་པ། རྒྱ་སྐད་ལ་མཁས་པས་རྒྱ་དང་ཁ་ཆེ་སོགས་དང་འབྲེལ་འདྲིས་བྱེད་ཐུབ་ཅིང་རྒྱ་སྲང་ནས་སྡོད་ཚུགས་པ། ཕ་ཡུལ་དང་ཕུ་ནུ་དང་ཁ་ཐག་རིང་བས་སྨད་འཚོང་མ་བྱས་ན་ཡང་ཡུལ་ཕ་མ་སོགས་ཀྱིས་ཤེས་མི་ཐུབ་པ། སྡེ་མིས་མཐོང་མི་ཐུབ་པ། སྒོར་མོ་མང་པོ་ཡང་བཙལ་ཐུབ་པ། ཕྱིར་ཕ་ཡུལ་དུ་ལོག་ནས་ཞིང་ཕྱུགས་གཉེར་མི་འདོད་པ། དེའི་ཕྱོགས་ལ་བརྩོན་པ་སྐྱེད་མི་འདོད་པ། དེ་དང་དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་དང་འདི་དང་འདི་འདྲ་བའི་རྒྱུ་མཚན་སྣ་ཚོགས་ཤིག་གི་སྟབས་ཀྱིས་དཔལ་འབྱོར་དང་སྒོར་མོས་འཇིག་རྟེན་ཡོམ་ཡོམ་འདར་བའི་དུས་རབས་འདིར་ངང་རྒྱུད་བཟང་ཞིང་རང་བཞིན་བརྟན་ཞིང་ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་ཅན་གྱི་བོད་གྱི་བུ་མོ་སྐོར་ཞིག་ཀྱང་སྨད་འཚོང་མར་གྱུར་བའི་ཉེན་ཁ་ཆེ་བ་རེད། དེས་ན་ཁོ་བོ་སྨན་པ་ཞིག་ཡིན་པའི་ཆ་ནས་སེམས་ཁྲལ་གང་འདྲ་ཞིག་འདུག་གམ་ཞེ་ན། མཚན་མའི་འགོས་ནད་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་ལ་ཆ་རྒྱུས་ཏིལ་ཙམ་ཡང་མེད་པ་དང་། དེ་སྔོན་འགོག་གི་གོམས་གཤིས་མེད་པ་མ་ཟད། ཐ་ན་རིམས་འགོག་འགྱིག་ཤུབས་ཞེས་ནའང་ངོ་ཚ་བའི་བོད་མོ་འདི་དག་རྒྱ་བོད་སོག་གསུམ་གྲོག་ཚང་བཞིན་བརྡོལ་ཞིང་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་སོང་ནས་སྨད་འཚོང་མ་བྱས་ཚེ་ཨེ་ཙི་སོགས་ཕོག་ནས་ལུས་བདེ་ཐང་ལ་གནོད་པ་མ་ཟད། ཐ་ན་རང་གི་ཚེ་སྲོག་ཀྱང་འཆོར་ཉེན་ཆེ་བ་དེ་རེད། རིམས་འགོག་འགྱིག་ཤུབས་སོགས་མེད་པར་སྨད་འཚོང་གི་ལས་ཀ་གཉེར་བ་ནི་དམག་འཁྲུག་གི་སྐབས་སུ་གོ་ཁྲབ་མ་གྱོན་པར་མདའ་མདུང་གི་བུ་ཡུག་ཁྲོད་དུ་གཅེར་བུར་བརྒྱུགས་པ་མཚུངས་པས་དེ་ལ་ཉེན་ཁ་མི་ཆེའམ། ཐར་བ་ཞིག་ཡོད་དམ།དེ་བས་ད་ནས་བཟུང་བོད་ཀྱི་བུ་མོ་སྐྱེ་གཟུགས་རྨ་བྱ་འདྲ་འདྲ་དང་མོ་སྒོ་ལྷ་མོ་ལྟ་བུ་ཚོས་སྨད་འཚོང་གི་ལས་ཀ་ངན་པ་འདི་མི་གཉེར་བར་སྒོར་མོའི་དཀའ་ཁག་ཡོད་ན་ཡང་། ཅ་ལག་སོགས་ཀྱི་ཚོང་རྒྱག་པའམ། མ་མཐའ་ཡང་ཨར་ལས་འཛུགས་སྐྲུན་གྱི་ལས་བཟོ་བ་བྱེད་པ། ཟ་ཁང་དང་མགྲོན་ཁང་། ཚོང་ཁང་བཅས་ཀྱི་ཞབས་ཞུ་བ་བྱེད་པ་སོགས་རྒྱུན་ལྡན་གྱི་འཚོ་བར་འབུངས་ནས་སྒོར་མོའི་ཡོང་སྒོ་བཙལ་ན་ཤིན་ཏུ་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་ཡིན་པས་དེ་དང་དེ་འདྲ་ལ་འབད་དགོས་སོ། །

དགུ།   ན་ཚོད་སྨིན་པའི་སློབ་མ་རྣམས་ལ་མཚན་མའི་འགོས་ནད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱ་དགོས།

  སྔ་མོ་ཡིན་ན་བོད་པ་ཚོ་སློབ་གྲྭ་རུ་ཞུགས་པའི་གོམས་གཤིས་མེད་པ་དང་། སློབ་གྲྭ་ཞེས་པར་ཆ་རྒྱུས་མེད་པའི་སྟབས་ཀྱིས་སློབ་གྲྭ་རུ་བྱིས་པ་བསྐྱལ་བ་ཤིན་ཏུ་ཉུང་བ་རེད།དེ་ཡང་ཡིན་ངེས་ཏེ་བོད་ལ་མཚོན་ན་གནའ་རབས་དང་དེང་རབས་སུ་རིག་གནས་སྦྱོང་ས་ཞིག་ཡོད་པ་ནི་དགོན་སྡེ་འབའ་ཞིག་ཡིན་པ་ལས་སློབ་གྲྭ་མེད་པ་དང་། དགོན་སྡེ་རུའང་གཙོ་བོ་ནང་ཆོས་དང་བོན་ཆོས་སྦྱོང་བ་ཡིན་ཞིང་། དེ་རུ་རིག་གནས་སློབ་ན་ངེས་པར་དུ་གྲྭ་པ་ཞིག་ཡིན་དགོས་པ་ནི་སྨོས་ཅི་དགོས། དེ་བས་སྐབས་དེ་དག་ལ་མཚོན་ན་ཡོན་ཏན་པ་ཐམས་ཅད་དགོན་སྡེ་ནས་གསོ་སྐྱོང་བྱས་པ་ཞིག་རེད།བུད་མེད་ཅིག་གིས་ཡོན་ཏན་ཞིག་སྦྱོང་དགོས་ན་བཙུན་མ་མི་བྱེད་ཐབས་མེད་ཡིན་པ་རེད།བཙུན་མ་བྱས་ཚེ་ད་གཟོད་ནང་ཆོས་ལ་སློབ་སྦྱོང་བྱེད་པ་དང་ཡི་གེ་ཤེས་པའི་གོ་སྐབས་ཡོད་པ་ལས། འཁོར་བ་སྐྱོང་བའི་རོང་འབྲོག་གི་བུད་མེད་ཅིག་ལ་ཡི་གེ་སློབ་པའི་སྐལ་བ་ཞིག་གང་དུ་མཆིས།དེ་ལས་རིམ་གྱིས་སྤྱི་ཚོགས་གསར་བར་སླེབས་པ་ན་ག་ས་གང་དུ་རྒྱལ་ཁབ་ཀྱིས་བཙུགས་པའི་སློབ་གྲྭ་ནི་ཤ་མོ་རྡོལ་རྡོལ་བྱས་པ་དང་།བོད་རོང་འབྲོག་གི་བུ་མོ་རྣམས་ཀྱང་སློབ་གྲྭར་འགྲོ་བའི་གོ་སྐབས་ལེགས་པོ་ལྡན་པར་གྱུར། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་ང་རང་གི་ཕ་ཡུལ་དར་མཚོ་རྫོང་ལ་མཚོན་ན་ཡང་། སྐབས་དེ་དུས་སུ་བུ་བུ་མོ་ཉུང་ཉུང་ཞིག་ལས་སློབ་གྲྭར་མི་འགྲོ་བ་དང་། ཁྱད་པར་དུ་བུ་མོ་རྣམས་སློབ་གྲྭར་ཞུགས་ཚད་ཤིན་ཏུ་ཉུང་བ་རེད། སྐབས་དེ་དུས་སུ་ང་རང་གི་མ་ཡུམ་སློབ་གྲྭ་དཔལ་ཁ་བཅའ་སྡོད་སློབ་གྲྭར་མཚོན་ན་ལོ་རིམ་དང་པོ་ནས་ལོ་རིམ་ལྔ་བའི་བར་སློབ་མ་ཁྱོན130ཙམ་ལས་མེད་ཀྱང་ད་ལྟ་སློབ་མ་སྟོང་ཕྲག་གཉིས་ལྷག་ཡོད་པ་རེད།དེ་དུས་ཁྱིམ་ཚང་ཞིག་ལ་བྱིས་པ་ལྔ་དྲུག་ཙམ་ཡོད་ན་ཡང་དེའི་ནང་གི་གཅིག་རེ་ཙམ་མ་གཏོགས་སློབ་གྲྭར་མི་མངགས། ཁྱིམ་ཚང་མང་ཆེ་ཤས་ཀྱིས་བྱིས་པ་སློབ་གྲྭར་མི་སྐྱེལ་བ་རེད། ཡིན་ན་ཡང་། དེ་རྗེས་རིམ་གྱིས་ཏང་གི་ཡང་དག་པའི་སྲིད་ཇུས་དང་བསྟུན་ཏེ་རོང་འབྲོག་མི་མང་གི་བསམ་བློའི་གོ་རྟོགས་སད་ནས། ད་ལྟ་ང་རང་གི་ཕ་ཡུལ་ལ་མཚོན་ན་ཡང་ཁྱིམ་ཚང་ཞིག་ལ་བྱིས་པ་གསུམ་ཡོད་ན་གསུམ་པོ་སློབ་གྲྭར་བསྐྱལ་ཡོད་པ་དང་། བཞི་ཡོད་ན་བཞི་བོ་སློབ་གྲྭར་མངགས་ཡོད་པ་རེད། དེས་ན་འདི་ལྟ་བུའི་བྱིས་པ་མང་པོ་ཞིག་སློབ་གྲྭ་མངགས་ཡོད་པ་ལས། སློབ་ཆུང་ལ་མཚོན་ན་ལོ་ན8ནས13བར་གྱི་སློབ་མ་ཡིན་པས་དེ་ལ་མཚན་མའི་འགོས་ནད་ཨེ་ཙི་སོགས་ཀྱི་སློབ་ཁྲིད་ཅིག་གཏན་ནས་མི་མཁོ་བ་རེད། དེ་ལས་སློབ་འབྲིང་ལ་མཚོན་ན་ལོ་ན14-16བར་གྱི་སློབ་མ་ཡིན་པས་མཚན་མའི་འགོས་ནད་ཀྱི་ཤེས་བྱ་དེ་འདྲ་ཞིག་མི་མཁོ་བར་སྙམ་མོད།ཡིན་ན་ཡང་། འབྲོག་ཁུལ་གྱི་སློབ་འབྲིང་དུ་སློབ་མ་ལོ་ན18-19-20ཅན་ཤིན་ཏུ་མང་བས་ན་གནས་ཚུལ་ལ་གཞིགས་ཏེ་མཚན་མའི་འགོས་ནད་ཨེ་ཙི་དང་རེག་དུག་སོགས་ཀྱི་སྔོན་འགོག་གི་ཤེས་བྱ་མང་པོ་སྒྲོག་དགོས་པ་རེད། རྒྱུ་མཚན་ནི་ཁོ་ཚོ་ན་ཚོད་དར་ལ་བབས་པའི་དབང་གིས་སློབ་གྲྭ་ནང་ཁུལ་ནས་དགའ་རོགས་སྒྲིག་པ་དང་། ཐ་ན་སྤྱི་ཚོགས་ཁྲོད་ཀྱི་ཕོ་གཞོན་མོ་གཞོན་རྣམས་ལ་ཡང་དགའ་རོགས་སྒྲིག་པ་དང་ལུས་འབྲེལ་འཇོག་སྲིད་པས་རེད།དེ་ལས་ཀྱང་མཐོ་འབྲིང་ལ་མཚོན་ན་སློབ་མ་ལོ་ན་ཆུང་བ17ནས18དང་19ཅན་དང་། འབྲོག་ཁུལ་གྱི་སློབ་མ་ཡིན་ན་ལོ་ན19དང20ནས21ཅན་ཡོད་སྲིད་པས་ན་ཕན་ཚུན་བར་དགའ་རོགས་སྒྲིག་པ་ནི་རྒྱུན་ལྡན་ཞིག་ཡིན་པ་རེད། དེ་དུས་སློབ་གྲྭ་དང་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྒྱིད་ལུག་དང་སྣང་ཆུང་མི་བྱེད་པར་མཚན་མའི་འགོས་ནད་ཨེ་ཙི་དང་རེག་དུག་སོགས་ཀྱི་ཤེས་བྱ་བསླབ་སྟོན་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ད་དུང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ན་ཚོད་ཀྱང་ཕལ་ཆེར་ལོ19-20-21ཅན་གྱི་བར་ཡིན་པ་དང་། དེ་དག་གིས་སློབ་མ་ཕན་ཚུན་གྱི་བར་དགའ་རོགས་སྒྲིག་པ་མ་ཟད། སྤྱི་ཚོགས་སྟེང་གི་རང་དང་ན་མཉམ་གྱི་ཕོ་གཞོན་མོ་གཞོན་རྣམས་ལ་ལུས་འབྲེལ་འཇོག་སྲིད་པས་ན། འདིའི་སྐབས་སུ་མཚན་མའི་འགོས་ནད་ཀྱི་སློབ་གསོ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེའོ། །གཞན་དུ་སློབ་གྲྭ་ཆེན་མོ་བར་མཚོན་ན་ཡང་།དགའ་རོགས་བཙལ་བ་བརྒྱ་ཆའི་བརྒྱ་ཡི་དུས་ཚོད་ཡིན་པ་མ་ཟད། ན་ཚོད་སྨིན་པའི་སྟབས་ཀྱིས་སློབ་གླིང་ལས་གཞན་པའི་སྤྱི་ཚོགས་སྟེང་གི་མི་སྣ་ཚོགས་དང་འབྲེལ་འདྲེས་བྱེད་པའི་སྒང་ཡིན་པ་དང་།ཇ་ཁང་ཆང་ཁང་ཉུལ་ནས་སྣང་བ་སྐྱིད་པ་ལ་བྱེད་པའི་སྐབས་ཡིན་པས་ན། ཕོ་གསར་ཚོ་སྨད་འཚོང་མ་དང་མི་འཕྲད་པའི་ངེས་པ་མེད་ལ། མོ་གསར་རྣམས་སྤྱི་ཚོགས་ཁྲོད་ཀྱི་ཕོ་གཞོན་ཁ་རྒྱལ་མགོ་རྒྱལ་ཚོ་དང་མི་འཕྲད་པ་མི་སྲིད་པས་ན། སྐབས་འདི་དུས་སུ་སློབ་གླིང་གི་དགེ་རྒན་ཆེན་མོ་རྣམ་པ་དང་སློབ་གཙོ་དག་དང་། ད་དུང་འབྲེལ་ཡོད་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་ཀྱིས་ཨེ་ཙི་དང་རེག་དུག་སྔོན་འགོག་གི་མཚན་མའི་འགོས་ནད་ཀྱི་བསླབ་བྱ་གནད་ལ་འཁེལ་བ་ཞིག་གནང་རྒྱུ་ནི་མ་ཁུར་ཕྲག་བབ་ཀྱི་འོས་འགན་ཉག་གཅིག་གོ །       

བཅུ།   ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྨད་འཚོང་ཁང་འཛུགས་པར་ཐེ་གཏོགས་ནན་མོ་བྱེད་དགོས།

 དེ་ཡང་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་དེ་གར་ཁ་རྒྱལ་མགོ་རྒྱལ་གྱིས་སྨད་འཚོང་མ་བྱེད་པའི་བུད་མེད་ཡོད་ན། དེ་རྣམས་ལ་ཁྲིམས་ལྟར་སློབ་གསོ་བཏང་ནས་བྱ་སྤྱོད་ངན་པ་འདི་བཀག་འགོག་བྱེད་པ་དང་།བུ་མོ་མང་པོ་བསྡུས་ནས་སྨད་འཚོང་གི་ལས་ཀ་གཉེར་དུ་བཅུག་སྟེ་དེ་ལས་ཡོང་སྒོ་བཙལ་བའི་ས་གནས་ཀྱི་མགྲོན་ཁང་གི་བདག་པོ་སོགས་མཆིས་ནའང་། དེ་རྣམས་ལ་ཁྲིམས་ལྟར་ཐེ་གཏོགས་ནན་མོ་བྱེད་དགོས། ས་གནས་སྤྱི་བདེ་ལས་ཁུངས་ལ་ཁྲིམས་འགལ་གྱི་སྨད་འཚོང་ཁང་སོགས་གཉེར་བ་བཀག་འགོག་བྱེད་པའི་འོས་འགན་ཡོད་པ་མ་ཟད།དེ་ནི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་མི་མང་གི་བདེ་འཇགས་ཐད་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པའང་སྨོས་མེད་ཡིན་ཏེ།གལ་ཏེ་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་སྣང་མེད་དང་བྱུང་རྒྱལ་དུ་བསྐྱུར་ཚེ། ས་གནས་ཀྱི་མགྲོན་ཁང་ལ་ལས་དཔལ་འབྱོར་གྱི་ཡོང་སྒོ་ལ་དམིགས་ནས་ལས་རྒྱུ་འབྲས་དང་ཁྲེལ་ངོ་ཚ་གཏམ་མྱི་ཁ་སོགས་རྒྱབ་ཏུ་དོར་ནས་སྨད་འཚོང་ཁང་འཛུགས་ངེས་ལ། དེ་ལས་ས་གནས་རོང་འབྲོག་གི་སྐྱེས་པ་མང་པོ་ཤ་རུལ་ལ་སྦྲང་ནག་འཁོར་འཁོར་གྱིས་སྨད་འཚོང་ཁང་ཏུ་འདུས་ནས་སྨད་འཚོང་མ་ཉོས་ཏེ་བསྟེན་ངེས་ལ།   དེ་ལས་མཚན་མའི་འགོས་ནད་སྔོན་འགོག་གི་ཤེས་བྱ་ཏིལ་ཙམ་ཡང་མེད་པ་དང།  རིམས་འགོག་འགྱིག་ཤུབས་སོགས་སྤྱོད་པའི་གོམས་གཤིས་གཏན་ནས་བྲལ་བའི་དབང་གིས་ཁོ་ཚོར་ན་ཚ་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་དང་། གལ་ཏེ་དེ་དུས་ཨེ་ཙི་སོགས་འགོས་པ་ཡིན་ན་དེས་ནི་ཐོག་མར་སྐྱེས་པ་རང་ཉིད་དང་དེ་ནས་དེ་གའི་བཟའ་ཟླ་དང་དགའ་རོགས་སོགས་ལ་བསྒོ་བ་རེད། དེ་བས་རྫོང་དང་ཞང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་དེ་ལྟར་མགྲོན་ཁང་སོ་སོ་དང་ཡང་ན་མི་རྐྱང་གི་ཁང་མིག་དང་ཁེར་རྐྱང་གི་ཁྱིམ་གཞིས་སུ་སྨད་འཚོང་བྱེད་པའི་བུད་མེད་ལྡན་ཚེ། དེ་རྣམས་ལ་ཁྲིམས་ལྟར་ཁོ་ཚོའི་བྱ་སྤྱོད་འདི་བཀག་འགོག་དང་ཁ་ཏ་སློབ་གསོ་བྱ་རྒྱུ་ཧ་ཅང་གལ་ཆེ། སྨད་འཚོང་མ་ཚོར་སྤྱི་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྨད་འཚོང་གི་ལས་ཀ་གཉེར་ས་དེ་རང་གི་ཕ་ཡུལ་དང་ཁ་ཐག་རིང་བའི་ས་ཆ་ཞིག་འདེམས་པ་ཡིན་པས་ན། བོད་ཁུལ་གྱི་རྫོང་དང་ཞང་ཁུལ་རིམ་པ་སོགས་ཀྱི་སྨད་འཚོང་མའང་ཡུལ་གཞན་གྱི་མི་ཡིན་པ་སྨོས་ཅི་དགོས།དེ་བས་ཡུལ་གཞན་ནས་ས་མཐའ་ཉུལ་བཞིན་ཡོང་བའི་བུད་མེད་ཅིག་ལ་མཚོན་ན་ས་དེ་གའི་མགྲོན་ཁང་གི་བདག་པོའམ་སྨད་འཚོང་ཁང་གི་འགོ་བ་ཞིག་ལ་སྐྱབས་བཅོལ་གྱིན་སྨད་འཚོང་གི་བྱ་བ་སྒྲུབ་པ་ཡིན་པས་ན།ས་གནས་སོ་སོའི་མགྲོན་ཁང་གི་བདག་པོ་རྣམས་ལ་སྤྱི་བདེ་མི་སྣས་ཁྲིམས་ལྟར་བྱ་སྤྱོད་ངན་པའི་ལས་ཀ་འདི་འདྲར་སྣེ་ཁྲིད་མི་བྱེད་པར་འབོད་སྐུལ་དང་བཀའ་བཙན་པོ་འབེབས་དགོས་པ་རེད།དེ་ལྟར་ས་གནས་སོ་སོར་སྤྱི་བདེ་མི་སྣས་སྨད་འཚོང་གི་བྱ་བ་གཉེར་དུ་མ་བཅུག་ཚེ་ཕྱོགས་ཡར་མར་གྱི་སྨད་འཚོང་མ་མི་འདུ་བ་དང་། སྨད་འཚོང་མ་མེད་པ་ཡིན་ན་མཚན་མའི་འགོས་ནད་ཨེ་ཙི་དང་རེག་དུག་སོགས་ས་གནས་དེ་གར་མཆེད་པའི་འགོ་ཁུངས་གཅིག་ཆད་པ་ཡིན་པས་ན།བྱ་བ་འདི་སྒྲུབ་པར་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་འོས་འགན་ཕྲག་ཏུ་ལེན་རྒྱུ་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་གོ །

བཅུ་གཅིག   རོང་འབྲོག་མི་མང་གིས་ཀྱང་རིམས་འགོག་དྲིལ་སྒྲོག་ལ་ནན་ཏན་གྱིས་ཉན་ཅིང་རང་གི་བྱ་སྤྱོད་ལ་མཉམ་འཇོག་བྱ་དགོས།

  རོང་འབྲོག་མི་མང་གིས་ཀྱང་ཨེ་ཙི་དང་རེག་དུག་སོགས་ཀྱི་སློབ་གསོ་དང་དྲིལ་སྒྲོག་ལ་ཉན་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ལ་བརྩིས་ཏེ་ནན་ནན་ཏན་ཏན་གྱིས་ཉན་པ་དང་དེ་རྗེས་གཅིག་གཅིག་གཉིས་གཉིས་བྱས་ཏེ་རང་རང་གི་དུས་རྒྱུན་གྱི་བྱ་སྤྱོད་ཐད་ཨེ་ཙི་དང་རེག་དུག་སོགས་མཚན་མའི་འགོས་ནད་ངན་པ་འགོ་བའི་ངན་ལངས་ཀྱི་གནད་དོན་འདྲ་ཡོད་ན་དེ་ནི་དེ་མ་ཐག་བློ་སེམས་བརྟན་པོས་བཅོས་བསྒྱུར་བྱས་ཏེ་རང་ཉིད་དང་རང་ཉིད་ཀྱི་བཟའ་ཟླ་དང་ཡང་ན་དགའ་རོགས་སོགས་ལ་ནད་ངན་མི་བསྒོ་བའི་ཀུན་སློང་ཡང་དག་པ་ཞིག་འཛིན་དགོས། བོད་མ་ནི་ཕྲེང་འཛིན་གྱི་ལུང་བ་འདི་རུ་ང་ཚོ་ཚང་མས་ཤེས་གསལ་བཞིན་དུ་བླ་མ་དང་དགེ་བའི་བཤེས་གཉེན་རྣམ་པའི་དབང་བཀའ་ཆོས་ལ་ཉན་རྗེས་ཆང་དང་དུ་བ་བློ་གཅིག་སེམས་གཅིག་གིས་གཅོད་ཐུབ་པའི་དད་ལྡན་སྐྱེ་བོ་ཤིན་ཏུ་མང་བ་ལྟར་དུ།སྨན་པ་དང་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་ཀྱིས་སྤེལ་བའི་ཨེ་ཙི་དང་རེག་དུག་སོགས་ཀྱི་སྔོན་འགོག་གི་སློབ་གསོ་ལ་ཉན་རྗེས་སྨད་འཚོང་མ་མི་བསྟེན་པ་སོགས་འབྲེལ་ཡོད་བྱ་སྤྱོད་ངན་པ་འདོར་བའི་ཁས་ལེན་དང་ཆོད་སེམས་བརྟན་པོས་དམ་བཅའ་འཇོག་རྒྱུའང་ཧ་ཅང་གལ་ཆེའོ། །དེའང་ཡིན་ཏེ་དམ་ཆོས་ལ་ཉན་པ་ནི་ཚེ་འདིའི་ཚོགས་གསོག་དང་ཕྱི་མའི་ཐར་ལམ་གྱི་ཆེད་ཡིན་པའི་བླ་མའི་བཀའ་བཞིན་དུ་དུ་ཆང་བཅད་པ་ཡིན་པ་དང་། དེ་བཞིན་དུ་སྨན་པའི་རིམས་འགོག་སློབ་གསོ་ལ་ཉན་རྗེས་མཚན་མའི་འགོས་རིམས་ཨེ་ཙི་དང་རེག་དུག་སོགས་ལ་འཛེམས་རྒྱུ་ནི་ཚེ་འདིའི་རང་གི་བདེ་ཐང་དང་བཟའ་ཟླ་དང་བུ་ཕྲུག་གི་བདེ་སྐྱིད་ཀྱི་ཆེད་དུའོ། །འཇིག་རྟེན་འདིའི་སྟེང་ན་བདེ་བ་མི་འདོད་པ་དང་སྡུག་བསྔལ་མྱང་འདོད་པའི་སྐྱེ་བོ་ཞིག་གཏན་ནས་མེད་པས་ན། རང་གི་བཟའ་ཟླ་དང་བུ་ཕྲུག་ཤ་ཕུ་ནུ་གཉེན་ཉེ་འབྲེལ་བཅས་སྡུག་བསྔལ་ལ་སྦྱོར་བའི་ཨེ་ཙི་དང་རེག་དུག་སོགས་མཚན་མའི་འགོས་ནད་གདུག་པ་ཅན་འདི་དག་འགོ་བར་འཛེམས་དོགས་དང་མཉམ་འཇོག་མི་བྱ་མཁན་སུ་ཞིག་ཡོད་དམ།དེ་བས་སྲིད་གཞུང་གི་ནད་རིམས་ཚོད་འཛིན་ལྟེ་གནས་དང་ཞང་འཕྲོད་བསྟེན་སོའོ་སོགས་ཀྱི་ཆ་ནས་བསྒྲགས་ནའང་འདྲ།བོད་སྨན་ཁང་ཆེ་མ་ཆུང་གསུམ་གྱི་སྨན་པ་ཚོའི་ཞལ་ཏ་ཡིན་ནའང་འདྲ། བླ་མ་དགེ་བཤེས་དང་མཁན་པོ་གྲྭ་བཙུན་བོན་སྔགས་རྣམ་པའི་བསླབ་བྱ་གནང་བ་ཡིན་ན་ཡང་འདྲ། གང་ལྟར་དེ་ལ་ཁ་ཁུ་སིམ་མེར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་རྒྱུ་ཧ་ཅང་གལ་ཆེ་བ་མ་ཟད།འགོས་ནད་སྔོན་འགོག་བྱ་ཐབས་ཀྱི་གོ་དོན་ཇི་བཞིན་སེམས་ལ་བཟུང་ནས་འགོར་འགྱངས་མེད་པར་ལག་བསྟར་བྱ་རྒྱུ་ནི་སྨོས་ཅི་དགོས།སྤྱིར་བཏང་དུ་འགོས་ནད་སློབ་གསོ་ལ་ཉན་རྒྱུ་ནི་གླུ་ལ་གཞས་དང་སྒྲ་སྙན་རྡུང་ལེན། གླུ་དབྱངས།མགུར་གཞས།དབང་བཀའ་ཆོས་སོགས་དང་བསྡུར་ན་ཉན་མི་སྤྲོ་བ་ལྟ་བུ་ཞིག་ཏུ་སྣང་ཡང་རང་གི་བདེ་ཐང་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ་ཧ་ཅང་གལ་ཆེན་ཏུ་བརྩིས་ཏེ་ཉན་ན་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བ་སྨོས་ཅི་དགོས། དེ་བས་དེ་ལ་སྣང་ཆུང་དང་རྣམ་གཡེང་མི་བྱ་རྒྱུ་ནི་ཨ་མའི་བུ་ལ་བརྡ་དང་རི་སྤྱང་སྔོན་མོར་ཐོ་ཡི་ཚུལ་དུ་སྨོས་པ་ལགས་སོ། །

བཅུ་གཉིས།  ས་གནས་ཀྱི་འཐུས་མི་རྣམས་ཀྱིས་སྲིད་གཞུང་ལ་རེ་འདུན་ནན་ཞུ་བྱ་དགོས།

  དེ་ཡང་རང་རང་ས་གནས་ཀྱི་དམངས་ཆེན་འཐུས་མི་དང་། སྲིད་གྲོས་འཐུས་མི་རྣམས་ནི་རང་རང་སྡོད་གནས་ཀྱི་འབྲོག་སྡེ་དང་རོང་སྡེ་གྲོང་གསེབ་དགོན་སྡེ་བཅས་ཀྱི་མི་མང་མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་པ་དང་།ས་གནས་དང་སྡེ་བ་སོགས་ལ་མཚོན་ན་དེ་ཡོད་ནང་གི་དེ་དྲག་དང་སྟག་འདྲ་གཟིག་འདྲ་རྣམས་ཡིན་པ་མ་ཟད། ཁོ་ཚོ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་དམིགས་བསལ་དབང་ཆ་སྤྲད་པའི་ས་གནས་ཀྱི་ཚབ་མཚོན་པ་ཡིན་པས་ན། དམངས་ཆེན་འཐུས་མི་ནི་ཁྲིམས་ལུགས་ཀྱི་ལྟ་རྟོག་པ་དང་།སྲིད་གྲོས་འཐུས་མི་ནི་དམངས་གཙོའི་ལྟ་རྟོག་པ་ཡིན་པ་རེད། དེ་བས་ཁོང་རྣམ་པས་སྡེ་མི་དང་མང་ཚོགས་ཀྱི་བྱ་བར་ཐོག་མར་ཟབ་ཞུགས་བྱ་བ་དང་། དེ་ནས་གནས་ཚུལ་རྒྱུས་ལོན།མཇུག་ཏུ་འཆར་གཞི་བཟོ་བ། དེ་ཡང་འཆར་གཞི་འཐེན་དུས་ཀྱང་མི་མང་དང་ས་གནས་ཀྱི་གནད་དོན་རྣམས་ལ་གཙོ་ཕལ་ཕྱེས་ཏེ་གང་ཞིག་གཙོ་བོ་དང་།གང་ཞིག་ཕལ་བ་ཡིན་པ། གང་ཞིག་མི་མང་མང་ཚོགས་ཀྱི་འཚོ་བ་དང་བདེ་ཐང་གི་ཐད་ནས་བལྟས་ཚེ་གཙོ་བོར་འཛིན་དགོས་པ་སོགས་ལ་ནན་ཏན་བྱ་དགོས། དེ་བས་ཁོ་བོས་འདིར་བརྗོད་འདོད་པ་ནི་བདེ་ཐང་དང་ན་ཚའི་སྐོར་ཡིན་ལ། དེ་ལས་ཀྱང་མཚན་མའི་འགོས་ནད་རེག་དུག་དང་ཨེ་ཙིའི་སྔོན་འགོག་གི་སྐོར་ཡིན། དེ་བས་སྡེ་དཔོན་སོགས་དམངས་ཆེན་འཐུས་མི་དང་། བླ་གྲྭ་དང་ཡོན་ཏན་པ་སོགས་སྲིད་གྲོས་ཀྱི་འཐུས་མི་རྣམས་ཀྱིས་ས་གནས་སྲིད་གཞུང་གིས་བསམ་འཆར་བསྡུ་ལེན་དང་ས་གནས་དང་སྡེ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་མི་མང་གི་རེ་འདོད་ཅི་ཡིན་ལ་ཉན་དུས། ངེས་པར་དུ་སྲིད་གཞུང་གིས་སྔར་ལས་ཀྱང་ཤུགས་ཆེར་བསྐྱེད་ནས་རོང་འབྲོག་གི་སྡེ་བ་སོ་སོ་དང་། གྲོང་རྡལ། གྲོང་གསེབ། ཚོང་ར། བཟོ་གྲྭ། སློབ་གྲྭ་སོགས་སུ་རེག་དུག་དང་ཨེ་ཙིའི་སྔོན་འགོག་གི་བྱ་བ་མང་པོ་སྒྲུབ་པ་དང་ཆོ་ག་གང་མང་སྤེལ་བར་རེ་འདུན་ནན་ཞུ་བྱེད་དགོས། ད་དུང་འཐུས་མི་མང་པོས་རེ་འདུན་ཡིག་ཆ་རུ་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བྱ་བ་ནན་ཏན་སྒྲུབ་དགོས་པའི་སྐོར་གཅིག་གཅིག་གཉིས་གཉིས་བྱས་ཏེ་འབྲི་བ་དང་། ས་གནས་སྲིད་གཞུང་གིས་འབྲེལ་ཡོད་ལས་ཁུངས་རྫོང་འགོས་རིམས་ཚོད་འཛིན་ལྟེ་གནས་དང་།ཞང་འཕྲོད་བསྟེན་ཁང་། སྡེ་བའི་སྨན་ཁང་སོགས་ལ་འགོས་རིམས་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བྱ་བ་སྔར་ལས་ཇེ་བཟང་ཇེ་ལེགས་ཀྱིས་མགོ་མཇུག་ཆ་ཚང་ཞིང་གོ་རིམ་ལྡན་པ། མི་མང་གི་ཁམས་དང་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས།དགའ་ཁ་འཁྱེར་སོ་དང་བསྟུན་ནས་དྲིལ་སྒྲོག་གང་ལེགས་ཤིག་བྱ་དགོས་པའི་སྐོར་ཁ་གསལ་སྒོས་བྲིས་ནས་སྲིད་གཞུང་ལ་སྤྲད་དགོས་ཤིང་། དེ་ལྟར་བྱས་ཚེ་ས་གནས་སྲིད་གཞུང་གིས་ཀྱང་འཐུས་མིས་བཤད་པའི་མི་མང་དང་ས་གནས་ཀྱི་རེ་འདུན་དང་དུ་བླངས་ཏེ་དེའི་ཕྱོགས་ལ་ནན་ཏན་གྱིས་འབྲེལ་ཡོད་ལས་ཁུངས་ལ་བཀའ་བཀོད་གནང་ནས་བྱ་བ་སྔར་ལས་ལྷག་པ་ཞིག་སྒྲུབ་པ་སྨོས་མེད་ཡིན་ལ།རེག་དུག་དང་ཨེ་ཙི་སྔོན་འགོག་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པའང་ཤ་སྟག་ཡིན་པས།ས་གནས་ཀྱི་འཐུས་མི་རྣམས་ཀྱིས་འདིའི་ཕྱོགས་ལ་ཤུགས་བརྒྱབ་ནས་བྱས་རྗེས་རེ་འཇོག་རྒྱུ་ནི་ཧ་ཅང་གལ་ཆེའོ། །

བཅུ་གསུམ།   རོང་འབྲོག་མི་མང་གིས་ཀྱང་ལོ་རེ་རེ་བཞིན་ཨེ་ཙི་དང་རེག་དུག་ཡོད་མེད་ལ་བརྟག་བཤེར་བྱེད་པའི་གོམས་སྲོལ་ཆགས་པར་བྱེད་དགོས།

  དེང་དུས་ལས་ཁུངས་སོ་སོའི་ལས་བྱེད་པ་རྣམས་ལ་ལོ་རེ་རེ་བཞིན་ལུས་ཕུང་བདེ་ཐང་ལ་བརྟག་བཤེར་བྱེད་པའི་རྣམ་གྲངས་དང་གོམས་གཤིས་ཆགས་ཡོད་ཅིང་། ས་གནས་རོང་འབྲོག་མི་མང་ལ་དེ་ལྟ་བུའི་ནད་ལ་སྔོན་བཤེར་བྱེད་པའི་གོམས་སྲོལ་མེད་པ་རེད། དེ་ཡང་གཅིག་ཏུ་ན་མང་ཚོགས་ལ་ལས་བྱེད་ལྟ་བུའི་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པས་སྒོར་མོ་གྲོན་ཆུང་བྱས་པ་ཡིན་ན་ཐང་མོད། གཙོ་བོའི་ནང་གི་གཙོ་བོ་ནི་སྒོར་མོའི་ཆ་རྐྱེན་མེད་པའང་མ་ཡིན་ཏེ། དེ་ནི་རིག་གནས་དང་བསམ་བློའི་གོ་རྟོགས་དང་འདུ་ཤེས་འཛིན་སྟངས་ཀྱི་དབང་གིས་དེ་འདྲའི་ལུགས་སྲོལ་མེད་པ་རེད། ཡིན་ན་ཡང་དེང་དུས་ཚོང་ལས་དཔལ་འབྱོར་གྱི་ཚ་རླབས་འཕྱུར་ཞིང་རྒྱ་བོད་སོག་གསུམ་ཕུད་གཞན་དུ་ཕྱི་རྒྱལ་བའང་འདུ་བའི་མི་ཚོགས་ཀྱི་འདུ་འཛི་ཆེ་བའི་ཁོར་ཡུག་དང་གནས་ཚུལ་ལ་གཞིགས་ཏེ་ལོ་རེ་རེ་བཞིན་བཟའ་ཟླ་ཕན་ཚུན་ལ་ཨེ་ཙི་དང་རེག་དུག་ཀྱི་ལུས་བཤེར་ཐེངས་རེ་ས་གནས་རྫོང་སོ་སོའི་ནད་རིམས་ཚོད་འཛིན་ལྟེ་གནས་སམ། རྫོང་མི་དམངས་སྨན་ཁང་། ཡང་ན་རྫོང་བོད་སྨན་ཁང་སོགས་སུ་སོང་ནས་དེ་ལུགས་སྒྲུབ་ན་ཤིན་ཏུ་བཟང་། དེ་ལས་རང་ཉིད་ལ་ན་ཚ་དེ་རིགས་ཡོད་མེད་གསལ་བོ་ཡིན་པ་ཤེས་པ་དང་། རང་ཉིད་བདེ་ཐང་ཡིན་པ་རྨང་གཞི་བྱས་ནས་ཕྱིན་ཆད་ནད་དེ་རིགས་འགོ་བའི་བྱ་སྤྱོད་ལ་འཛེམས་པ་དང་།ནད་དེ་རིགས་འབྱུང་བར་སྔོན་འགོག་གང་ལེགས་བྱེད་པ།ཡང་ན་ལུས་བརྟག་ལས་གལ་ཏེ་ཨེ་ཙི་ཡོད་པ་ཚོར་བ་ཡིན་ན་ཡང་། དེ་ལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་ལྡན་གྱི་ནད་དུག་གི་སྨན་བསྟེན་པ་དང་། གཞན་དུ་བྱ་སྤྱོད་ལ་འཛེམས་དོགས་བྱས་ནས་མི་གཞན་དང་སྔོན་བཞིན་དུ་རང་དགར་འཁྲིག་སྤྱོད་མི་བྱེད་པ།དེ་ཡང་སྐྱེས་པ་ཞིག་ལ་ཨེ་ཙི་ཡོད་པ་ཡིན་ན་རང་གི་ཆུང་མར་ལུས་བཤེར་ལས་བདེ་ཐང་ཡིན་མིན་བརྟག་པ་དང་། གལ་ཏེ་ཆུང་མར་ཨེ་ཙི་མེད་པར་རྒྱུན་ལྡན་ཡིན་ན་བུད་མེད་གཞན་པ་ཕུད་ཐ་ན་རང་གི་ཆུང་མ་དེ་ལ་ཡང་ལུས་འབྲེལ་གཏན་ནས་མི་བྱ་བ་དང་། བུད་མེད་ཅིག་ལ་འགོས་ནད་དེ་འདྲ་ཡོད་པ་ཡིན་ན་སྐྱེས་པ་རྣམས་ལ་དེ་ནས་བཟུང་ལུས་འབྲེལ་མི་བྱ་བ་ནི་ཧ་ཅང་གལ་ཆེ་ལ།མི་སུ་ཡིན་ཡང་རང་ཉིད་ལ་ཨེ་ཙི་ཡོད་པ་ཚོར་རྗེས་ཐ་མལ་ནད་མེད་ཀྱི་མི་གཞན་ལ་འཁྲིག་སྦྱོད་ཀྱི་བྱ་བ་སྒྲུབ་མི་ཉན་པའང་གསལ་བོར་རྟོགས་ངེས་ལ་རྟོགས་ཀྱང་དགོས།གལ་ཏེ་སྐྱེས་ཕོ་མོ་སུ་ཞིག་ལ་རེག་དུག་དང་མཚན་མའི་འགོས་ནད་གཞན་པ་ཡོད་པ་ཚོར་བ་ཡིན་ན། དེ་ནི་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་གསོ་བཅོས་ཡང་དག་བྱས་ཏེ་སངས་དྲག་བྱས་ཆོག་པ་དང་། ནད་དེ་སངས་དྲག་ཐོན་རག་བར་དུ་འཁྲིག་སྤྱོད་སོགས་ཀྱི་མི་འཕྲོད་པ་དང་མི་རུང་བའི་འཛེམས་བྱ་ལ་དོ་སྣང་ཆེན་པོ་བྱ་རྒྱུའང་ཤེས་དགོས། དེ་ལྟར་ས་གནས་རོང་འབྲོག་མི་མང་གིས་ཀྱང་ལོ་རེ་རེ་བཞིན་མཚན་མའི་འགོས་ནད་ཡོད་མེད་ལ་བརྟག་བཤེར་བྱས་པ་ཡིན་ཚེ་དེས་ནི་ཁོ་ཚོའི་ལུས་བདེ་ཐང་གི་བྱ་བར་སྔ་ན་མ་མཆིས་པའི་ཕན་ཐོགས་འབྱུང་སྲིད་པ་མ་ཟད། ཨེ་ཙི་དང་རེག་དུག་སོགས་ཤེས་མེད་ཚོར་མེད་དུ་མཆེད་པ་ཡང་སྔོན་འགོག་བྱ་ཐུབ། ད་དུང་རང་ཉིད་ལ་རེག་དུག་སོགས་ཕོག་ཡོད་པ་རྟོགས་ཚེ་དུས་ཚོད་འགོར་འགྱངས་མེད་པར་དེ་ལུགས་ཀྱི་གསོ་བཅོས་བྱེད་ཐུབ། དེ་དང་དེ་འདྲའི་དགེ་མཚན་ཤིན་ཏུ་མང་བས་ན། ད་ནས་བཟུང་བོད་རོང་འབྲོག་མི་མང་གིས་ཀྱང་རང་རྟོགས་ཀྱིས་ལོ་རེ་རེ་བཞིན་བདེ་ཐང་གི་ལུས་བཤེར་ཐེངས་རེ་བྱས་ཏེ་རང་ཉིད་ལ་ཨེ་ཙིའི་ནད་དུག་དང་རེག་དུག་སོགས་མཚན་མའི་འགོས་ནད་ཕོག་ཡོད་མེད་ལ་བརྟག་རྒྱུ་ནི་ཧ་ཅང་གལ་ཆེའོ། །

བཅུ་བཞི།  ས་ཁུལ་གྱི་བོད་ལུགས་སྨན་པ་རྣམས་ཀྱིས་ཀྱང་ཨེ་ཙི་དང་རེག་དུག་གི་བདེ་ཐང་བསླབ་བྱར་དོ་སྣང་བྱེད་དགོས་པར་འདུག

 ས་གནས་ཀྱི་སྨན་པ་རྣམས་གཙོ་བྱས་པའི་ཞིང་ཆེན་དང་ཁུལ་སོ་སོ།རྫོང་རིམ་པ། ཞང་གྲོང་རྡལ་རིམ་པའི་སྨན་པ།ད་དུང་རྫོང་དང་གྲོང་རྡལ་བཅས་སུ་ཡོད་པའི་མི་སྒེར་གྱི་སྒོ་སྟེན་ཁང་གི་སྨན་པ་རྣམས་ཀྱིས་ནད་པར་སྨན་བསྟེན་ཚུལ་བསླབ་པའི་ཞོར་དུ་ཨེ་ཙི་དང་རེག་དུག་གི་ཉེས་དམིགས་སོགས་རང་རང་གིས་ཤེས་ཚོད་གོ་ཚོད་ལྟར་ནད་པར་བཤད་དགོས་པ་དང་། ནད་པ་རྣམས་ལ་མཚོན་ན་ཡང་སྨན་པའི་སྐད་ཆ་ལ་ཤིན་ཏུ་ཉན་པ་རེད། སྨན་པ་ཚོས་རྒྱ་བོད་ཡིག་རིགས་གཉིས་ཀྱི་འབྲེལ་ཡོད་བརྙན་འཕྲིན་དང་གསར་འགྱུར།དཔེ་དེབ། དཔྱད་རྩོམ། ཚགས་པར། ཉམས་མྱོང་ལྟར་བཤད་ཀྱིན་ཡོད་པས་ནང་དོན་རྒྱ་ཆེ་ཞིང་གོ་དོན་གཏིང་ཟབ་པ་དང་། བསླབ་བྱ་དག་བོད་སྐད་དང་ད་དུང་ཁ་སྐད་ཀྱིས་བཤད་ན། མང་ཚོགས་ཀྱིས་གོ་བ་ལེན་སླ་ཞིང་འབྲེལ་ཡོད་ཤེས་བྱ་དེ་མ་ཐག་ཡིད་ལ་ངེས་ཐུབ་པས་ཕན་ཆེན་པོ་ཐོགས་པ་རེད། དེ་བས་སྨན་པ་རྣམས་ཀྱིས་ནད་པ་རིག་རིག་ཐུག་ཐུག་པོར་ཨེ་ཙི་དང་རེག་དུག་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་དང་། དེ་དག་གི་ཉེན་ཁའི་ཚབས་ཆེན་རང་བཞིན་བཅས་བསྒྲགས་རྒྱུ་ནི་གལ་ཆེ་བ་དང་། ནད་པ་གཙོ་བྱས་པའི་ནད་པའི་ཁྱིམ་བདག་དང་ས་གནས་རོང་འབྲོག་མི་མང་གིས་སྨན་པ་དག་གི་བསླབ་བྱ་ལས་ཤེས་བྱ་ལེན་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་སྨྲས་ཅི་དགོས།

བཅོ་ལྔ། སྨན་པ་དང་གསོ་རིག་དགེ་རྒན་སོགས་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་རྣམས་ཀྱིས་ཀྱང་ཨེ་ཙི་དང་རེག་དུག་དྲིལ་བསྒྲགས་ཀྱི་ཕྱོགས་ལ་ཤུགས་རྒྱག་དགོས་པར་འདུག

   དེ་ཡང་ཞིང་ཆེན་དང་ཁུལ་དང་རྫོང་རིམ་པའི་རྒྱལ་ཁབ་ཀྱི་བོད་སྨན་ཁང་སོ་སོའི་སྨན་པ་དང་། ཞིང་ཆེན་དང་ཁུལ་དང་རྫོང་དང་། ཞང་གྲོང་རྡལ་དང་སྡེ་བ།དགོན་སྡེ་སོ་སོ་བཅས་སུ་སྒོ་སྟེན་བཙུགས་ཡོད་པའི་སྒེར་གྱི་སྨན་པ། ད་དུང་གསོ་རིག་སློབ་ཆེན་དག་གི་དགེ་རྒན་ཆེན་མོ། རབ་འབྱམས་ཞིབ་འཇུག་སློབ་མ།འབུམ་རམས་ཞིབ་འཇུག་སློབ་མ།འབྲིང་རིམ་འཕྲོད་བསྟེན་སློབ་གྲྭ་རྣམས་ཀྱི་དགེ་རྒན། ད་དུང་དགོན་པའི་སྨན་པ་གྲྭ་ཚང་། གསོ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། བོད་སྨན་ཁེ་ལས་ཚད་ཡོད་ཀུང་ཟི་རྣམས་ཀྱི་འགོ་གཙོ་དང་ཆེད་ལས་མི་སྣ། གསར་འགྱུར་ལས་ཁུངས་ཀྱི་མི་སྣ། སྤྱི་ཚོགས་སྟེང་གི་ལྷག་བསམ་ཅན་གྱི་དང་བླངས་པ། བླ་སྤྲུལ་ལྷག་བསམ་ཅན་སོགས་ཤེས་ཡོན་པའི་སྡེ་ཁག་ཀྱང་འཇམ་ཅག་གེར་རང་མགོ་གང་ཐོན་བྱས་ནས་མི་འདུག་པར། ཨེ་ཙི་དང་རེག་དུག་སྔོན་འགོག་བྱེད་ཐབས་སོགས་ཀྱི་བདེ་ཐང་སློབ་གསོ་དྲིལ་བསྒྲགས་དང་། ངོ་སྤྲོད།དོགས་སེལ།སློབ་སྟོན། བསླབ་བྱ་གནང་བ་སོགས་ལ་ཤུགས་རྒྱག་པ་ཧ་ཅང་གལ་ཆེ་ཞིང་། དེའང་གཤམ་གྱི་དོན་ཚན་འདི་དག་གི་སྟེང་ནས་དྲིལ་བསྒྲགས་ཀྱི་གྲུབ་འབྲས་ལེན་རྒྱུ་གལ་ཆེ།

༡བོད་སྐད་བརྙན་འཕྲིན།

 བོད་སྐད་བརྙན་འཕྲིན་ལའང་ཁམས་པའི་བོད་སྐད་བརྙན་འཕྲིན། བོད་ལྗོངས་བོད་སྐད་བརྙན་འཕྲིན་སོགས་མང་ལ། དེ་ལས་རོང་འབྲོག་མི་མང་བལྟ་བར་དགའ་བའི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་དཔེ་བཞག་ནས་བཤད་ནའང་། འཆད་ཁྲིད་མུན་སེལ་སྒྲོན་མེ། གླེང་སྟེགས་ལེ་ཚན།ཁ་བརྡ་ལེ་ཚན། བདེ་ཐང་མཛུབ་སྟོན་གྱི་ལེ་ཚན་སོགས་སུ། ནད་འགོག་བདེ་ཐང་གི་ཤེས་བྱ་དག་གོ་སླ་བར་གླེང་མོལ་བྱས་ཚེ་རོང་འབྲོག་མི་མང་གིས་ཐད་ཀར་ཤེས་སླ་བ་དང་དེའི་ནང་གི་ཤེས་བྱ་ལམ་སང་སེམས་ལ་ངེས་ཐུབ་པ་རེད།

༢ བོད་སྐད་རླུང་འཕྲིན།

མཚོ་སྔོན་བོད་སྐད་རླུང་འཕྲིན་ལྟ་བུ་ལ་མཚོན་ན་ཡང་།གསུམ་ལྡན་ལྔ་ཐད་གཏོང་ཁང་གི་ལེ་ཚན་ནི་ཐད་ཀར་ཁ་བརྡ་རྐྱང་རྐྱང་གི་ལམ་ནས་བཤད་ཀྱིན་ཡོད་པ་དང་།དེའི་ནང་ནས་བཤད་ཀྱིན་པའི་ནད་འགོག་བདེ་ཐང་གི་ཤེས་བྱ་དག་རོང་འབྲོག་མི་མང་གི་བློ་ངོར་ངེས་སླ་ཞིང་གོ་བ་ལེན་ཐུབ་པ་རེད།ཁོ་ཚོ་ལ་མཚོན་ན་སྐད་ཆ་བཤད་དུས་ཡིག་སྐད་ཀྱི་ལམ་ནས་བཤད་ཀྱིན་པ་དག་དང་བསྡུར་ཚེ་ཁ་སྐད་ཀྱི་སྒོ་ནས་བཤད་པ་ལ་གོ་བ་ལེན་སླ་ཞིང་བློ་ངོར་ཆུད་སླ་བས་དེས་གོ་ཆོད་པ་རེད།

༣ འབྲེལ་ཡོད་དཔེ་དེབ་སོགས།

འབྲེལ་ཡོད་ཀྱི་དཔེ་དེབ་དང་ཚགས་པར་བོད་ཡིག་གི་ལམ་ནས་སྤེལ་ཏེ།ཁ་གསལ་ཞིང་དོན་འདུས་པའི་སྒོ་ནས་ཨེ་ཙི་དང་རེག་དུག་ངོ་སྤྲོད་དང་། དེ་ལ་ངོས་ཟིན་ཐོབ་ཏུ་འཇུག་པ་དང་། སྔོན་འགོག་གི་ཤེས་བྱ་ལ་སློབ་སྦྱོང་བྱེད་རྒྱུ་སྟབས་བདེ་བྱེད་པ། ད་དུང་ཚོན་ཁྲ་ཅན་གྱི་རི་མོའི་ལམ་ནས་ཀྱང་ཡི་གེའི་ངོ་སྤྲོད་དང་སྦྲགས་ཏེ་སྤེལ་བ། ད་དུང་ཆེད་ལས་སྨན་པ་དང་།གསོ་རིག་དགེ་རྒན་ཆེན་མོ། བླ་སྤྲུལ་ཆེ་ཁག་དང་། བོན་སྔགས་གྲྭ་བཙུན། དང་བླངས་པ་ལྷག་བསམ་ཅན། སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་བཅས་ཀྱིས་ཨེ་ཙི་དང་རེག་དུག་སྔོན་འགོག་སྐོར་ལ་གནང་བའི་གསུང་བཤད་ཀྱི་འོད་སྡེར་དང་སྒྲ་ཐག་སོགས་རོང་འབྲོག་མི་མང་གི་ཁྲོད་དུ་འགྲེམས་སྤེལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།

༤ འཕྲོད་བསྟེན་གྱི་ཡིག་ཆ།

  ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ཀྱི་འཕྲོད་བསྟེན་ཐེན་དང་ཁུལ་དང་རྫོང་སོ་སོའི་འཕྲོད་བསྟེན་ཅུའུ། ཁྱད་པར་དུ་ཞིང་ཆེན་ནས་རྫོང་རིམ་པའི་བར་གྱི་ནད་རིམས་ཚོད་འཛིན་ལྟེ་གནས་སོ་སོ།ད་དུང་ཞང་དང་གྲོང་རྡལ་རིམ་པའི་ཨེ་ཙི་དང་རེག་དུག་སྔོན་འགོག་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དག་བོད་ཡིག་ཏུ་བསྒྱུར་ཏེ་མི་མང་གི་ཁྲོད་དུ་བསྒྲགས་སྤེལ་བྱས་ན་ཕན་ཆེན་པོ་ཐོགས་པ་སྨྲས་མ་དགོས་སོ།།

བཅུ་དྲུག   སྤྱི་ཚོགས་སྟེང་གི་དགོས་མེད་ཀྱི་ཉོག་གཏམ་ལ་མི་ཉན་པ།

  དེ་ཡང་བོད་ཀྱི་སྤྱི་ཚོགས་སྟེང་བླ་སྤྲུལ་དང་གྲྭ་པ། དགེ་རྒན། སྨན་པ་དང་སློབ་གྲྭ་ཆེན་མོ་བ།ད་དུང་འབྲོག་སྡེ་དང་ཞིང་སྡེ་ལས་བྱུང་བའི་ལས་རིགས་གཞན་པའི་དང་བླངས་པ་སོགས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་གཉན་ཨེ་ཙི་དང་རེག་དུག་སོགས་ཀྱི་སྔོན་འགོག་བྱེད་ཐབས་ངལ་བ་འཛེམས་མེད་ཀྱིས་ག་ས་གང་ན་བསྒྲགས་བཞིན་ཡོད་པ་ནི་དུས་ལ་བབ་པའི་འགྲོ་དོན་གལ་ཆེན་ཞིག་ཡིན་པས་རྗེས་སུ་ཡི་རངས་ཞུ། ཡིན་ན་ཡང་དེ་དང་ཆབས་ཅིག་ཏུ་མདོ་དབུས་ཁམས་གསུམ་གང་རུང་ན་གསོ་རིག་ལ་སྦྱང་བ་དམན་ཞིང་སྤྱི་ཚོགས་ཀྱི་བདེ་ཐང་ལ་འགན་མི་འཁུར་བའི་མི་ལ་ལས་དགོས་མེད་ཀྱི་ཉོག་གཏམ་ཡང་སྨྲ་བཞིན་ཡོད་པས་ན། དེ་ལ་མཉམ་འཇོག་བྱས་ཏེ་ཁ་ཕོ་ཆེན་པོ་དང་རྫུན་གཏམ་དང་ཉོག་བཤད་ཀྱི་རྗེས་སུ་མི་འབྲངས་རྒྱུ་ཧ་ཅང་གལ་ཆེན་རེད། དེ་ཡང་གོ་ཐོས་ལྟར་ན་མི་འགའ་ཤས་ཀྱིས་ཁོ་ཡི་སྲུང་འཁོར་ག་གེ་མོ་ལུས་ལ་ཐོགས་དང་དེང་དུས་འཛམ་གླིང་སྟེང་ན་བཅོས་ཐབས་མེད་པའི་གཉན་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐུབ་ཅེས་སྨྲ་བཞིན་འདུག་ཟེར། དེ་ལྟར་བཤད་ཚེ་འུར་ཆ་བཟུང་ནས་ཕྱུགས་འཚོ་བ་དང་ལྕགས་ཁེམ་ཐོགས་སྟེ་ཞིང་འདེབས་པའི་རོང་འབྲོག་མི་མང་དེ་ལ་ཡིད་ཆེས་ནས་དེ་ལུགས་བཞིན་སྲུང་འཁོར་འདོགས་པ་ལས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཚད་ལྡན་སྨན་ཁང་དག་གིས་བསྒྲགས་པའི་སྔོན་འགོག་བྱེད་ཐབས་གཞན་སྣང་མེད་དུ་བཞག་ནས་འདོར་ནའང་ཐང་། དེ་ལྟར་བྱས་ཚེ་རྒྱ་ཆེ་བའི་རོང་འབྲོག་མི་མང་ལ་གཉན་ཨེ་ཙི་མི་འགོ་བ་སྲུང་འཁོར་སྟེར་མཁན་དེ་ལ་གདེང་ཚོད་ཡོད་དམ། སྲུང་འཁོར་དེ་བཏགས་ཚེ་གཉན་ཨེ་ཙི་མི་འགོ་བ་དེ་ཡིས་གང་ནས་ཤེས་པ་རེད། མི་ག་ཚོད་ཅིག་གིས་སྲུང་འཁོར་དེ་བཏགས་ནས་ཨེ་ཙིའི་ནད་པ་དང་འཁྲིག་སྤྱོད་བྱས་པས་མ་འགོས་པ་རེད། སྲུང་འཁོར་བཏགས་ནས་ཨེ་ཙི་འགོ་མི་འགོ་ཞིབ་འཇུག་བྱེད་ཨེ་མྱོང་། གཉན་ཨེ་ཙི་ཞེས་པ་ནི་ཚང་མས་ཤེས་གསལ་ལྟར་སྤྱི་ལོ1981ལོར་འཛམ་གླིང་སྟེང་གསར་དུ་ངོས་འཛིན་བྱས་པའི་འགོས་རིམས་གདུག་པ་ཅན་ཞིག་ཡིན་པ་ལས། དེའི་སྔོན་དུ་བོད་ཡུལ་ཕུད་ཐ་ན་གོ་ལ་ཧྲིལ་པོའི་སྟེང་ན་ངོས་འཛིན་མེད་པས་ན་ཁྱེད་ཀྱི་སྲུང་འཁོར་གྱིས་ཨེ་ཙི་འགོག་ཐུབ་པའི་མན་ངག་དེ་བསྟན་བཅོས་གང་ན་འདུག་པ་རེད།སྟོན་པ་སུ་ཡིས་གསུངས་པ་རེད། མཁས་པ་གང་གི་མན་ངག་རེད།སྤྱི་ལོའི་དུས་རབས་བརྒྱད་པར་རྩོམ་བསྒྲིགས་མཛད་པའི་དཔལ་ལྡན་རྒྱུད་བཞི་དང་བན་བོན་མཁས་པའི་ཉམས་ཡིག་དག་ན་གཉན་ཨེ་ཙི་ཞེས་པ་ཞིག་མེད་པ་མ་ཟད། དེ་ལ་སྲུང་འཁོར་གྱིས་སྔོན་འགོག་བྱེད་ཐུབ་པའི་ལག་བླངས་ཤིག་མཐོང་རྒྱུ་མི་འདུག་པས་ན།ཁྱེད་ལ་ད་ལྟ་གཉན་ཨེ་ཙི་སྔོན་འགོག་བྱེད་ཐུབ་པའི་སྲུང་འཁོར་ཞིག་ཡོད་པ་འདི་ཧ་ཅང་ཡ་མཚན་མི་ཆེའམ། དེ་བས་འུ་ཅག་གིས་ཞིབ་ཏུ་བསམ་བློ་ཐོངས་དང་གཉན་ཨེ་ཙི་འགོག་ཐུབ་པའི་སྲུང་འཁོར་ཞིག་ཡོད་མི་སྲིད་པ་དང་། གཉན་ཨེ་ཙི་འགོག་ཐུབ་ཟེར་བའི་མི་འདི་སྨན་པ་ཞིག་མིན་པ་མ་ཟད་ཡི་དམ་ལ་བསྙེན་བསྒྲུབ་དང་གསང་སྔགས་ལ་སྒྲུབ་སྦྱོང་བྱེད་མྱོང་བའི་སྐྱེས་བུ་དམ་པ་ཞིག་དེ་བས་ཀྱང་ཡིན་མི་སྲིད་པ་རེད། རྒྱུ་མཚན་ནི་ས་ཐོབ་ཀྱི་སེམས་དཔའ་མ་གྱུར་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་མཁན་ཞིག་གིས་སྐད་ཆ་དེ་འདྲ་གསུངས་པ་མ་རེད། རང་གི་ཁེ་ཕན་དང་སྙན་གྲགས་ཀྱི་ཆེད་དུ་གཞན་གྱི་བདེ་ཐང་དང་ཚེ་སྲོག་རྩེད་སྤྱད་བྱེད་མི་སྲིད་པ་རེད། དེ་བས་སྲུང་འཁོར་གྱིས་གཉན་ཨེ་ཙི་འགོག་ཐུབ་ཟེར་མཁན་གྱི་མི་དེ་ཕལ་ཆེར་སྲུང་འཁོར་རྫུན་མ་བཙོང་བའི་ཚོང་པ་ཞིག་ཡིན་པ་ཤ་སྟག་རེད། དེ་བས་དེ་འདྲའི་ཚོང་བ་དང་རྫུན་རྐྱལ་རྣམས་ཀྱི་གཡོ་འོག་ཏུ་མི་ཚུད་པར་ཚད་ལྡན་གྱི་སྨན་ཁང་དང་ཚད་ལྡན་གྱི་སྨན་པ་བསྟེན་ནས་གཉན་ཨེ་ཙིའི་སྔོན་འགོག་བྱེད་ཐབས་ལ་སློབ་སྦྱོང་དང་ལག་ལེན་དུ་བཏབ་སྟེ་རང་ཉིད་ལ་དུས་གཏན་གྱི་བདེ་ཐང་ཞིག་བསྐྲུན་རྒྱུ་ནི་ཧ་ཅང་གལ་ཆེའོ།།

མཇུག་བསྡུ་བ།

   འགོས་རིམས་སྔོན་འགོག་གི་དྲིལ་བསྒྲགས་ཀྱི་ཕྱོགས་ནས་ཏང་དང་རྒྱལ་ཁབ་ཀྱིས་གཙིགས་ཆེན་མཛད་ཀྱིན་ཡོད་པས།ས་གནས་སྲིད་གཞུང་དང་ཁྱད་པར་དུ་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས། ད་དུང་ཞང་འཕྲོད་བསྟེན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་ལོ་རེ་རེ་བཞིན་བྱ་བ་སྒྲུབ་ཀྱིན་ཡོད་མོད། ཡིན་ན་ཡང་བོད་པ་ཚོ་རི་ལུང་ཁུག་ཀྱོག་ཏུ་གནས་པས་འགྲིམ་འགྲུལ་སྟབས་མི་བདེ་བས་དེ་རུ་སྨན་པ་འགྲོ་མི་ཐུབ་ས་མང་བ་དང་། སྨན་པ་ལ་ལས་བོད་སྐད་མི་ཤེས་པ་དང་ས་གནས་མི་མང་གིས་རྒྱ་སྐད་མི་གོ་བ་སོགས་ཀྱིས་ཕན་ཚུན་བར་བརྡ་མི་འཕྲོད་པའི་དཀའ་ཁག་ཀྱང་ཧ་ཅང་ཆེ།ཡང་བོད་པ་སྐོར་ཞིག་གིས་སྐད་གོ་ནའང་འདི་འདྲའི་འགོས་ནད་ལ་ཆ་རྒྱུས་མེད་པའི་དབང་གིས་དྲིལ་བསྒྲགས་དེ་ལ་སྣང་ཆུང་དང་འཕྱ་སྨོད་ཀྱིས་རྣ་རྒྱབ་ཀྱི་རླུང་བུར་འཛིན་པའི་རྨོངས་རྟུལ་ཅན་ཡང་ཤིན་ཏུ་མང་བས་ན།འགོས་ནད་སྔོན་འགོག་གི་ཐད་ནས་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་འབྱུང་བཞིན་མེད་པའི་གནས་ཚུལ་ལ་གཞིགས་ཏེ་ཁོ་བོས་འདི་རུ་འདི་ལྟར་ནད་ངན་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་ཅི་ལྟར་སྔོན་འགོག་བྱེད་པ་དང་། དེ་ལ་ཐབས་ཤེས་གང་དག་སྤྱོད་དགོས་པ།བསམ་བློ་གང་འདྲ་གཏོང་དགོས་ཚུལ། བཅོས་བསྒྱུར་གང་འདྲ་བྱེད་དགོས་པ།མཉམ་འཇོག་ཅི་ལྟར་བྱ་དགོས་ཚུལ། བསླབ་བྱ་མང་པོ་གནང་དགོས་པ།བྱ་བ་ནན་ཏན་སྒྲུབ་དགོས་ཚུལ་སོགས་རང་གི་སེམས་ལ་དྲན་ཐུབ་ཐུབ་ཅིག་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ་འདིས་ཀྱང་། རང་རེ་ཁ་བ་རི་བའི་ལྗོངས་ཀྱི་ཕུ་ནུ་མིང་སྲིང་རྣམ་པ་དུས་གཏན་དུ་ཨེ་ཙི་དང་རེག་དུག་སོགས་འགོས་ནད་ངན་པའི་ཉེར་འཚེ་དང་བྲལ་ནས།ལུས་ལ་ནད་མེད་པར་བདེ་ཐང་འབྱུང་བ་དང་། སེམས་ན་སྡུག་མེད་པར་བདེ་སྐྱིད་དང་ལྡན་པར་ཆོས་དང་ནོར་དང་བདེ་བ་སྒྲུབ་པ་ལ་གཞོལ་རྒྱུར་སྨོན་པ་དང་ཆབས་ཅིག་མདོ་དབུས་ཁམས་གསུམ་གྱི་གསོ་རིག་ཆེད་མཁས་པ།དགེ་རྒན་ཆེན་མོ། སྨན་པ་གྲགས་ཅན། ཞིབ་འཇུག་པ། བླ་མ་དགེ་བཤེས། བོན་སྔགས་བཙུན་གསུམ། བསམ་བློ་བ།དང་བླངས་པ།འཕྲོད་བསྟེན་ཅུའུ་ཀྲང་། སྨན་ཁང་འགོ་ཁྲིད།ས་གནས་རྫོང་དཔོན། ལྷག་བསམ་ཅན་སོགས་ཀྱིས་ཀྱང་རང་རེ་བོད་ཁུལ་དུ་ཨེ་ཙི་དང་རེག་དུག་ཅི་ལྟར་སྔོན་འགོག་བྱེད་པའི་སྐོར་ལ་བསམ་བློ་མང་པོ་གཏོང་བ་དང་། བྱ་བ་ནན་མོ་སྒྲུབ་རྒྱུ་ནི་ཁོ་བོའི་སྙིང་གི་རེ་བ་ཉག་གཅིག་གོ ། བཀའ་དྲིན་ཆེ། གུས་འདུད་ཞུ།           

རེག་དུག

རེག་དུག་ཅེས་པའི་འགོས་ནད་འདི་ནི་རེག་དུག་དུང་འཁྱིལ་གཟུགས་ཀྱིས་བསྐྱེད་པའི་ནད་ཅིག་ཡིན་པ་དང་། རེག་དུག་ལ་ལྷན་སྐྱེས་རེག་དུག་དང་ཕྱིས་སྐྱེས་རེག་དུག་གཉིས་ཡོད། ལྷན་སྐྱེས་རེག་དུག་ནི་ཨ་མའི་བུ་རོགས་ཀྱི་རྐྱེན་ལས་འགོས་པ་ཞིག་རེད།ལོ་ངོ་གཉིས་ཀྱི་ནང་དུ་ནད་ལྡང་བ་ལ་དུས་སྔ་མའི་ལྷན་སྐྱེས་རེག་དུག་ཟེར་བ་དང་། ལོ་ངོ་གཉིས་ཀྱི་རྗེས་སུ་ནད་ལྡང་བ་ལ་དུས་ཕྱི་མའི་ལྷན་སྐྱེས་རེག་དུག་ཟེར། ཕྱིས་སྐྱེས་རེག་དུག་ཅེས་པ་ནི་ཕལ་ཆེ་བ་འཁྲིག་སྤྱོད་བྱས་པའི་རྐྱེན་ལ་བརྟེན་ནས་འགོས་པ་ཞིག་ཡིན། རེག་དུག་འགོས་ནས་ལོ་ངོ་བཞི་ཙམ་འགོར་བ་ལ་དུས་སྔ་མ་ཟེར་ཞིང་། རེག་དུག་འགོས་ནས་ལོ་ངོ་བཞི་ཡན་ཆད་འགོར་བ་ལ་དུས་ཕྱི་མ་ཟེར།དུས་སྔ་མ་ཅན་གཞན་ལ་འགོ་ཤུགས་ཆེ་བ་དང་།དུས་ཕྱི་མ་ཅན་གཞན་ལ་འགོ་ཤུགས་ཆུང་བ་རེད། ནད་རྟགས་མངོན་རྒྱུ་ཡོད་པ་ལ་མངོན་པའི་རེག་དུག་དང་།ནད་རྟགས་མངོན་རྒྱུ་མེད་པ་ལ་མི་མངོན་པའི་རེག་དུག་ཅེས་འབོད།

དང་པོ།   གཉན་རེག་དུག་གི་འགོ་རྐྱེན་བཞི།

རེག་དུག་གི་འགོ་ཁུངས་གཙོ་བོ་ནི་རེག་དུག་ཅན་གྱི་ནད་པ་ཡིན་པ་དང་།དེ་ལ་འགོ་རྐྱེན་གཙོ་བོ་བཞི་ཙམ་ཡོད་པ་རེད།

1. འཁྲིག་སྤྱོད་བརྒྱུད་ནས་འགོ་བ།

  འདི་ནི་འགོས་རྐྱེན་ནང་གི་ཆེས་གཙོ་བོ་དེ་ཡིན་པས་རེག་དུག་ཕོག་རྐྱེན་གྱི95%ཡན་ཟིན་པ་རེད།  རེག་དུག་ལ་གསོ་བཅོས་མ་བྱས་པར་ལོ1-2ཙམ་གྱི་ནང་དུ་ན་ཚ་འདི་གཞན་ལ་འགོ་བའི་ཤུགས་ཧ་ཅང་ཆེ། རྒྱུ་མཚན་ནི་ནད་པའི་གནོད་སྐྱོན་ཐེབས་པའི་མཚན་མའི་སྐྱི་པགས་སམ་འབྱར་སྐྱིའམ། ཡང་ན་གཤེར་ཟགས་རྫས་ཀྱི་ནང་དུ་རེག་དུག་དུང་འཁྱིལ་གཟུགས་ཅན་གྱི་གཉན་སྲིན་ཤས་ཆེར་གནས་པས། སྐབས་དེར་གཞན་ལ་ཆགས་པ་སྤྱད་ན་མཚན་མའི་ཐུག་རེག་བརྒྱུད་འགོ་སླ་བ་རེད།  ན་བའི་དུས་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས་འགོ་བའི་ཤུགས་ཀྱང་ཇེ་ཆུང་ནས་ཇེ་ཞན་ཡིན། འགོས་ཕོག་བྱུང་སྟེ་ལོ2ཙམ་ཕྱིན་པའི་རྗེས་སུ་གཞན་ལ་འགོ་ཤུགས་ཞན་པ་རེད།

2.མངལ་སྦྲུམ་པ་བརྒྱུད་ནས་འགོ་བ།

  རེག་དུག་གི་ན་ཚ་ཅན་གྱི་སྦྲུམ་མ་ལ་མངལ་ཆགས་སྐབས་རེག་དུག་གི་དུང་འཁྱིལ་གཟུགས་ཅན་གྱི་ནད་འབུ་ཕྲ་མོ་དེ་བུ་རོགས་དང་ལྟེ་བའི་སྡོད་རྩ་བརྒྱུད་དེ་མངལ་གནས་ཕྲུ་གུར་འགོ་བ་ཡིན།དེའང་ཕལ་ཆེར་མངལ་ཆགས་ཏེ་ཟླ་བ4ཙམ་འགོར་བའི་རྗེས་སུ་དེ་ལྟར་འབྱུང་བ་དང་། དེ་ཡི་རྐྱེན་གྱིས་བྱིས་པ་མངལ་ནས་འཆོར་བ།བཙའ་མ་རན་པར་སྐྱེ་བ། མངལ་ནས་འཆི་བ།རེག་དུག་ལྷན་སྐྱེས་ཅན་སོགས་སྐྱེ་བར་བྱེད། སྤྱིར་བཏང་དུ་མངལ་ཆགས་ནས་གཟའ་འཁོར16གི་སྔོན་དུ་སྦྲུམ་བུའི་ཟུངས་བཅུད་ནི་ཁུལ་སྐྱི་ཡིས་མཁོ་སྤྲོད་བྱེད་པ་དང་། ཁུལ་སྐྱི་དེ་ལའང་ཕྲ་ཕུང་རིམ་པ་གཉིས་ཡོད་དེ། དེ་ནི་འདུས་གཟུགས་ཕྲ་ཕུང་དང་ཕྲ་ཕུང་གསོ་བཅུད་ཕྲ་ཕུང་གཉིས་ཡིན་ཞིང་། རེག་དུག་དུང་འཁྱིལ་གཟུགས་ཀྱི་གཉན་སྲིན་གྱིས་ཕྲ་ཕུང་གི་རིམ་པ་འདི་བརྟོལ་དཀའ་བ་ཡིན་པས།མངལ་སྦྲུམ་ནས་གཟའ་འཁོར16གི་སྔོན་གྱི་མངལ་གནས་ཕྲུ་གུ་ལ་རེག་དུག་འགོས་པ་ལྟོས་བཅས་ཀྱིས་ཅུང་ཉུང་བ་རེད། མངལ་སྦྲུམ་ནས་གཟའ་འཁོར16གི་རྗེས་སུ་ཕྲ་ཕུང་གསོ་བཅུད་ཕྲ་ཕུང་རིམ་གྱིས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་རྙིད་ཅིང་འཁུམ་པར་བྱེད་ཅིང་། དེ་ལྟར་གཟའ་འཁོར24 ཡི་རྗེས་སུ་གཞི་ནས་ཉམས་ཞན་དུ་གྱུར་ཟིན་པ་ཡིན་ལ། དེ་དང་བསྟུན་ཏེ་རེག་དུག་དུང་འཁྱིལ་གཟུགས་ཀྱི་གཉན་སྲིན་དེ་ད་གཟོད་བུ་རོགས་བརྒྱུད་དེ་མངལ་གནས་ཕྲུ་གུ་ལ་འགོ་བར་བྱེད། ཡིན་ན་ཡང་།ཉེ་བའི་ལོ་འདི་འགའི་རིང་ཕྱི་རྒྱལ་གྱི་ཡིག་ཆ་ལས་བཤད་པ་ལྟར་ན། མངལ་སྦྲུམ་ནས་གཟའ་འཁོར7འགོར་བའི་དུས་སུའང་རེག་དུག་དུང་འཁྱིལ་གཟུགས་ཅན་གྱི་གཉན་སྲིན་དེ་ཁུལ་སྐྱི་བརྒྱུད་ནས་མངལ་གནས་ཕྲུ་གུ་ལ་འགོ་ན་ཡང་། དེ་དུས་མངལ་གནས་ཕྲུ་གུའི་རིམས་ཐར་མ་ལག་གི་བྱེད་ནུས་འཚར་ལོངས་བྱུང་ཐུབ་མེད་པས་ན། གཉན་སྲིན་འགོས་ནས་གནོད་པ་སྐྱེལ་བཞིན་ཡོད་ན་ཡང་མངོན་རྟགས་གསལ་པོ་ཅི་ཡང་འབྱུང་མི་ཐུབ། དེ་ལས་གཞན་དུ་སྔར་རེག་དུག་གཉན་ནད་ཡོད་ན་ཡང་དེ་ལ་གསོ་བཅོས་མ་བྱས་པར་ལོ་ངོ2ལྷག་འགོར་ཟིན་པའི་བུད་མེད་ཡིན་ན། འཁྲིག་སྤྱོད་བརྒྱུད་ནས་འགོ་བ་ཉུང་ཡང་མངལ་སྦྲུམ་པ་ན་མངལ་གནས་ཕྲུ་གུ་ལ་འགོ་ཚད་ཧ་ཅང་ཆེ་བ་ཡིན།

3.ཟུངས་ཁྲག་བརྒྱུད་དེ་འགོ་བ།

   རེག་དུག་མེད་པའི་མི་ལ་རེག་དུག་ཅན་གྱི་ཁྲག་བརྒྱབ་པ་ལས་འགོ་བར་བྱེད་པ་ཡིན།དཔེར་ན། ཁྲག་མཁོ་སྤྲོད་བྱེད་མཁན་གྱི་ཁྲག་གི་ནང་དུ་རེག་དུག་དུང་འཁྱིལ་གཟུགས་ཅན་གྱི་གཉན་སྲིན་ཤས་ཆེར་གནས་པ་དང་། ཁྲག་གསབ་ཡུལ་གྱི་མི་དེའི་ནད་འགོག་རིམས་ཐར་ནུས་ཤུགས་ཉམས་དམས་སུ་གྱུར་ཡོད་ཚེ་ཐད་ཀར་དུས་སྔ་མའི་རེག་དུག་གི་གོ་རིམ་མི་བརྒྱུད་པར་དུས་ཕྱི་མའི་རེག་དུག་གི་ནད་རྟགས་ཕྱིར་མངོན་པར་བྱེད་པ་ཡིན། ནད་ཐོག་གི་མངོན་རྟགས་ཇི་ལྟར་ཡིན་ཡང་། ཁྲག་གསབ་ཡུལ་གྱི་མི་དེའི་རེག་དུག་དྭངས་ཁྲག་འགྱུར་འབྱུང་གདགས་གཤིས་སུ་མངོན་པ་ཡིན་ན་དེ་ལ་ཚད་ལྡན་གྱི་གསོ་བཅོས་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་ལས་གཞན་དུ་ཁྲག་མཁོ་སྤྲོད་བྱེད་མཁན་གྱིས་ཁྲག་མ་བླངས་པའི་སྔོན་ལ་རེག་དུག་གི་བཅོས་བསྟེན་ཡོད་ན་ཡང་།ཁྲག་མཁོ་སྤྲོད་བྱེད་དུས་སུ་རེག་དུག་དུང་འཁྱིལ་གཟུགས་གདོད་འགོག་ཚོད་ལྟ(TPHA.TPPA.FTA-ABS)འམ།རེག་དུག་དུང་འཁྱིལ་གཟུགས་གདོད་འགོག་ཚོད་ལྟ་མ་ཡིན་པ(RPR.TRUST)གང་རུང་གདགས་གཤིས་སུ་མངོན་ཚེ་གསབ་ཁྲག་མཁོ་སྤྲོད་བྱེད་མི་རུང་བ་ཡིན། གཞན་ཡང་རེག་དུག་གི་ནད་པར་བཀོལ་མྱོང་བའི་ཆ་བྱད་ལ་དུག་སེལ་མ་བྱས་པར་སྐྲ་དང་ཁ་སྤུ་བཞར་བ།ལུས་ལ་རི་མོ་བརྐོ་བ།གདོང་གི་རྣམ་པ་མཛེས་བཟོ་བྱེད་པ།རྣ་ཕུག་པ།སོ་འབལ་བ། སྐམ་ཁབ་བམ་དངུལ་ཁབ་གདབ་པ། ཁྲག་གཏར་བ། རྐང་པ་དང་ལག་པའི་སེན་མོ་འབྲེག་པ། སོ་འཁྲུད་བྱེད་སྤྱོད་པ་བཅས་ཀྱིས་ཀྱང་འགོ་བ་ཡིན།

4. བརྒྱུད་ལམ་གཞན་ལས་འགོ་བ།

  གཞན་ཡང་རེག་དུག་ཅན་གྱི་ཨ་མས་བྱིས་པར་ནུ་མ་བསྣུན་ནས་འོ་མ་ལྡུད་པ་དང་འོ་བྱེད་པ་ལས་འགོ་བ་ཡིན། མི་ཉུང་ཤས་ཤིག་ལ་གཞན་གྱི་དངོས་རྫས་དང་ཅ་ལག་སོགས་ལ་རེག་ཐུག་བྱས་པ་ལས་འགོ་བཞིན་ཡོད་དེ། དཔེར་ན། རེག་དུག་ཅན་གྱི་ནད་པའི་ཟགས་ཐོན་རྫས་ཀྱི་དྲི་མས་གོས་པའི་སྟོད་ཐུང་དང་དོར་མ། ཉལ་ཐུལ་དང་ཉལ་གདན།ལག་ཕྱིས། བཏུང་ཆས། སྤྱོད་ཁང་གི་དངོས་པོ། དུ་སྣེ་བཅས་དང་། ད་དུང་དུག་སེལ་ནན་མོ་མ་བྱས་པའི་ཡོ་བྱད་སོགས་བརྒྱུད་ནས་འགོ་བ་ཡིན།

གཉིས་པ།  རེག་དུག་གི་ནད་རྟགས།

གཅིག    དུས་སྔ་མའི་རེག་དུག

1.སྨད་རྨ།     མི་གཙང་བའི་འཁྲིག་སྤྱོད་ཀྱི་རྐྱེན་ལས་རེག་དུག་འགོས་ནས་གཟའ་འཁོར3-4འགོར་བ་ན་མཚན་མ་ཕྱི་མར་སྲན་རིལ་ཚད་ཙམ་གྱི་ཤ་འབུར་སྲ་མོ་དམར་ནག་ཅན་འབྱུང་བ་དང་འབྲེལ་རལ་གས་བྱུང་ནས་རལ་ཟགས་བྱེད་ཅིང་དེ་ལ་ན་ཟུག་མེད། དེའི་མིང་ལ་སྨད་རྨ་ཅེས་འབོད། སྐབས་དེ་དག་ཏུ་སྣེ་ས་ཁུད་ཀྱི་རྨེན་བུ་ཡང་ཆེར་སྐྲང་པ་དང་། སྨད་རྨ་དེར་གསོ་བཅོས་མ་བྱས་ཀྱང་རང་བཞིན་གྱིས་ཇེ་བདེར་འགྲོ་བའི་སྣང་ཚུལ་སྟེར།

2.  རེག་དུག་གི་འབྲུམ་བུ།    རེག་དུག་འགོས་ནས་ཕལ་ཆེར་ཟླ་བ2ཡས་མས་སུ་འབྲུམ་བུ་འབྱུང་ཞིང་ཁྱབ་ཆེ་བ་དང་དེ་དག་ཆ་འགྲིག་ཅིང་དོ་མཉམ་པ་ཞིག་ཡིན་ལ་རང་ཚོར་ནད་རྟགས་ཅི་ཡང་མེད་པར་པགས་འབྲུམ་དེ་རང་བཞིན་གྱིས་ཡལ་བར་བྱེད། དེའི་ཕྱིས་སུ་ཡང་བསྐྱར་འབྲུམ་བུ་འབྱུང་ནའང་ཐེངས་དང་པོ་ལས་ཉུང་བ་ཡིན།

གཉིས།   དུས་ཕྱི་མའི་རེག་དུག

དེ་ནི་སྤྱིར་བཏང་དུ་རེག་དུག་འགོས་ཕོག་ཐེབས་ནས་ལོ་ངོ4ཡི་རྗེས་སུ་འབྱུང་བ་རེད། ཡིན་ན་ཡང་ལོ10-20ཙམ་འགོར་བ་ན་གཞི་ནས་ནད་རྟགས་ཕྱིར་མངོན་པ་ཡིན། སྐབས་དེའི་ནད་འགྱུར་གཙོ་བོ་ནི་འགྱིག་དང་ཐང་ཆུ་ལྟ་བུའི་སྐྲང་འབུར་ཆགས་ཡོང་བ་རེད། དེ་ནི་གལ་ཏེ་སྐྱི་པགས་དང་འབྱར་སྐྱི་ལ་ཐེབས་ཚེ་རལ་ཟགས་འབྱུང་བ་དང་། གདོང་ཕྲུམ་ལ་ཐེབས་ན་གདོང་ཕྲུམ་ཁུང་བུ་རྡོལ་བ་དང་གདོང་ཉག་ཤོར་ཏེ་སྣ་རྟ་སྒ་ལྟ་བུའང་འབྱུང་སྲིད། དེ་ལས་གཞན་དུ་རེག་དུག་གིས་ནད་པའི་སྙིང་དང་ཁྲག་རྩ། མཆིན་པ།རུས་པ། དབང་རྩའི་མ་ལགས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ་ནད་རྟགས་མི་འདྲ་བ་སྣ་ཚོགས་འབྱུང་སྲིད།

གཉིས་པ། ལྷན་སྐྱེས་རེག་དུག

གཅིག      དུས་སྔ་མའི་ལྷན་སྐྱེས་རེག་དུག་ལ་ཕྲུ་གུར་སྐད་མི་ཐོན་པ། སྐྱི་པགས་ཐོག་གཉེར་མ་མང་བ།སྣ་འགགས་པ། ཁའི་ཟུར་ལ་འཕྲོ་འོད་དབྱིབས་ཅན་གྱི་རྨ་ཤུལ་ཡོད་པ། ལག་མཐིལ་དང་རྐང་མཐིལ། འཕོངས་ཤ་བཅས་ཀྱི་སྟེང་ན་སྨུག་མདོག་གི་ཤ་འབུར་ལེབ་མོ་ཡོད། བྱིས་པའི་ཨ་མར་ཕྲུ་གུ་མངལ་ནས་སྔ་འཆོར་དང་བཙའ་དུས་ཀྱི་སྔོན་ལ་སྐྱེ་བའི་ལོ་རྒྱུས་འབྱུང་ལ། མའི་བུ་སྣོད་ཀྱང་སྔར་ལས་མཐུག་པོ་དང་རེག་བྱ་རྩུབ་པོར་འགྱུར་ཡོད།

གཉིས།   དུས་ཕྱི་མའི་ལྷན་སྐྱེས་རེག་དུག་ལ་མིག་གི་མཐོང་སྐྱིའི་ཚ་ནད་འབྱུང་། ད་དུང་རེག་དུག་གི་སོ་འབྱུང་བ་སྟེ། དེ་ནི་མདུན་སོའི་སོ་སྐེ་སྦོམ་ཞིང་སོ་མགོ་ཕྲ་བས་ཟུར་གསུམ་ཅན་གྱི་དབྱིབས་སྣང་བ་དང་། སོ་ལ་སོག་ལེ་ཁའི་རི་མོ་ལྟར་ཆ་མི་སྙོམས་པའི་ཤོ་ཁ་ཡོད་པ་དང་སོའི་བར་ཐག་ཀྱང་བཀྱེད་ནས་ཡོད། དབང་རྩའི་རང་བཞིན་གྱི་རྣ་འོན་པ་ཅན་དང་། གདོང་ཕྲུམ་རྡོལ་ནས་སྣ་རྟ་སྒ་ཅན་འབྱུང་། ད་དུང་རྗེ་ངར་ཆེ་བ་དམག་གྲིའི་དབྱིབས་ཅན་བཅས་སུ་འགྱུར་བ་རེད།

གསུམ་པ། རེག་དུག་ལ་དྭངས་ཁྲག་ཚོད་ལྟ་བྱེད་ཚུལ།

 དེ་ནི་ཞོགས་པ་ལྟོ་སྟོང་ལ་དྭངས་ཁྲག་ཚོད་ལྟ་བྱེད་དགོས་པ་ཡིན་ལ།རེག་དུག་དེ་འགོས་ནས་ཟླ་བ1-2འགོར་བ་ན་ཕོའི་རང་བཞིན་དུ་འགྱུར་བའི་འགོ་རྩོམ་པ་དང་། དེ་རྗེས་ཕོའི་རང་བཞིན་གྱི་ཚད་རིམ་བཞིན་ཇེ་མཐོར་འཕར་རྒྱུ་ཡོད། དུས་ཕྱི་མའི་ནད་པ་མང་ཆེ་བ་ནི་ཕོའི་རང་བཞིན་དང་ཉུང་ཤས་ཤིག་མོའི་རང་བཞིན་དུ་སྣང་། ཡིན་ན་ཡང་ལྷན་སྐྱེས་རང་བཞིན་གྱི་རེག་དུག་ནི་ཕོའི་རང་བཞིན་གྱི་ཚད་དམའ་བ་ཞིག་རེད། ཆིན་མེ་སུའུ་ཡིས་གསོ་བཅོས་བྱས་རྗེས་དུས་སྔ་མའི་རེག་དུག་དེ་རྒྱུན་དུ་མོའི་རང་བཞིན་དུ་ཡོད་མོད། དུས་ཕྱི་མའི་རེག་དུག་དེ་ནམ་ཡང་འགྱུར་བ་མེད་པ་ཅིག་ཡིན།

 ༢༠༡༦.༥.༡


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།  

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23539933
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།