གྲུབ་མཐའ་རིན་འཕྲེང་ཁྲིད་སྐབས་ཀྱི་སྔོན་འགྲོའི་ཚུལ་དུ་བཤད་པའི་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »གྲུབ་མཐའ་རིན་འཕྲེང་ཁྲིད་སྐབས་ཀྱི་སྔོན་འགྲོའི་ཚུལ་དུ་བཤད་པའི་
གྲུབ་མཐའ་རིན་འཕྲེང་ཁྲིད་སྐབས་ཀྱི་སྔོན་འགྲོའི་ཚུལ་དུ་བཤད་པའི་གཏམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-05-16ལྟ་ཀློག (3946)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲུབ་མཐའ་རིན་འཕྲེང་ཁྲིད་སྐབས་ཀྱི་སྔོན་འགྲོའི་ཚུལ་དུ་བཤད་པའི་གཏམ།

༼འདི་ནི་ངས་ན་ནིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་གྲུབ་མཐའ་རིན་འཕྲེང་ཁྲིད་སྐབས་སྔོན་འགྲོའི་ཚུལ་དུ་བཤད་པ་ཡིན་འདུག་ལ།   བློ་གསལ་གཟུར་གནས་རྣམས་ལ་ཅུང་ཟད་ཙམ་རེ་ཕན་པར་འགྱུར་རམ་སྙམ་ནས་ད་ལོར་ཟིན་བྲིས་སུ་བཏབ་པའོ།།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས།  ལྟོ་བ་འགེངས་པའི་ཆོ་ག་ཙམ། །སྙིང་བོར་རློམས་པའི་བགྱི་བ་ལ། །འབད་པས་བརྩོན་པ་ལྷུར་ལེན་པ། །དེ་དག་ཕྱུགས་དངབྱེ་བྲག་ཅི། །ཞེས་གསུངས་པ་ལྟར་གྲྭ་གྲོང་སུ་ཡིན་ཡང་ཆོག  ཆོས་ལ་དད་མི་དད་གང་ཡིན་ཡང་རུང་། ཚེ་འདིའི་ལྟོ་གོས་གཏམ་གསུམ་ཙམ་མི་ཚེའི་སྙིང་བོར་བཟུང་ན། དུད་འགྲོ་ཕྱུགས་ལས་ཆེས་ཆེར་མ་ལྷག་པ་ལྟ་བུ་ཡིན། དེས་ན་ང་ཚོ་མི་ཡིན་པའི་ཆ་ནས་དུད་འགྲོ་ལས་ཁྱད་འབྱེད་དགོས་པར་མ་ཟད། སློབ་གཉེར་བ་ཞིག་ཡིན་པའི་ཆ་ནས་རིག་གནས་ཡོན་ཏན་གང་ལའང་སྦྱོང་བའི་གོ་སྐབས་མ་རེག་པའམ། རེག་ཀྱང་གཅེས་པར་མ་བཟུང་བ་སོགས་ཀྱི་དབང་གིས་སྦྱངས་པ་གང་ཡང་མ་སོང་བའི་ཡིག་རྨོངས་པ་དག་ལས་ཀྱང་ཁྱད་པར་ཞིག་འབྱེད་དགོས་པ་ཡིན།

  འོ་ན་ཁྱད་པར་འབྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། མི་ཚེའི་སྙིང་བོ་དེ་མཐར་གཏུགས་ན་ཅི་ཞིག་ལ་ངོས་འཛིན་དགོས་པ་གསལ་བར་ཤེས་པར་བྱ་རྒྱུ་དང་། ཤེས་ནས་དེའི་ཐབས་ལ་འབད་པར་བྱེད་པ་དེ་དེ་ལ་སྙིང་བོ་ལེན་ཚུལ་ཡིན།  དེ་ཇི་ལྟར་བྱས་ནས་ཤེས་ཐུབ་ཅེ་ན། དེ་ཤེས་ཆེད་ཐོག་མར་རིག་གཞུང་རྣམ་དག་ཅིག་ལ་ཐོས་བསམ་བྱེད་དགོས་པ་ཡིན་ཏེ། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པར་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པ་ལྟ་བུ་ཡིན་ལ། སྤྱིར་ནང་ཆོས་ཞེས་པ་ནི་མི་ཚེའི་སྙིང་བོ་དེ་མཐར་གཏུགས་ན་ཅི་ཞིག་ཡིན་པ་དང་།  སྙིང་བོ་མ་ལོན་ན་གནོད་སྐྱོན་ཅི་ཞིག་ཡོད་པ་དང་། སྙིང་བོ་ལོན་ན་ཕན་ཡོན་ཅི་ཞིག་ཡོད་པ་དང་། སྙིང་བོ་ལེན་པའི་ཐབས་ཤེས་ཇི་ལྟར་ཡོད་པ་སོགས་གོ་རིམ་ཡོད་པ་དང་ཆ་ཚང་བ་མ་ནོར་བའི་སྒོ་ནས་གསལ་བར་སྟོན་པའི་སློབ་གསོ་ཞིག་གམ། རིག་གཞུང་ཡང་དག་པ་ཞིག་ལ་གོ་དགོས་པ་ཡིན། དེ་ཡང་ཚོམས་ཀྱི་ཚིག་དྲངས་མ་ཐག་པ་འདི་ནི་སྔོན་ལྷ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ། ཆོས་རྣམས་གང་གིས་ཤེས་འགྱུར་ཞིང་། །སྡིག་ལས་གང་གིས་ལྡོག་པར་འགྱུར། །དོན་མེད་གང་གིས་སྤོང་པ་དང་། །གང་གིས་མྱ་ངན་འདས་ཐོབ་འགྱུར། །ཞེས་ཞུས་པའི་ལན་དུ་གསུངས་པ་རེད། ཚིག་འདིས་གཙོ་བོར་མི་ཚེའི་སྙིང་བོ་མཐར་ཐུག་དེ་གང་ཡིན་པ་དང་། སྙིང་བོ་ཇི་ལྟར་ལེན་པའི་ཐབས་མདོར་དྲིལ་ནས་གསུངས་པ་རེད།

   འོ་ན་མི་ཚེའི་སྙིང་བོ་མཐར་ཐུག་དེ་གང་ལ་ངོས་འཛིན་དགོས་ཤེ་ན། མྱ་ངན་འདས་པར་འགྱུར་ཞེས་པས་བསྟན་པ་ལྟར། སྡུག་བསྔལ་དང་སྡུག་བསྔལ་བསྐྱེད་པའི་རྒྱུ་ལས་ཉོན་གྱི་འཆིང་བ་བཅད་ནས་ཐོབ་པའི་མི་འགྱུར་བའི་བདེ་བ་མྱང་འདས་དེ་ཉིད་མི་ཚེའི་སྙིང་བོ་ཡིན་པར་བསྟན་པ་ཡིན། སྤྱིར་མྱང་འདས་ལ་དམན་པའི་མྱང་འདས་དང་མི་གནས་པའི་མྱང་འདས་སོགས་ཡོད་ཚུལ་སོགས་ནི་མང་བར་འགྱུར་བས་རེ་ཞིག་མི་བཤད་དོ། །

   འོ་ན་མི་ཚེའི་སྙིང་བོ་མཐར་ཐུག་པ་མྱང་འདས་དེ་ཉིད་བསྒྲུབ་པའི་ཐབས་ཅི་ཞིག་ཡོད་ཅེ་ན། ལྷག་པའི་བསླབ་པ་གསུམ་ཡོད་ཅེས་པའོ། ། དེ་ཡང་ཚིག་དང་བོ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པ་སྟེ། དགེ་བའི་བཤེས་གཉེན་ལ་བསྟེན་ནས་ཐོས་པ་རྣམ་དག་བྱས་པས་དགེ་སྡིག་གི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་འགྱུར་ཞིང་། ཤེས་པ་ལྟར་ལུས་ངག་གི་ཉེས་སྤྱོད་སྡོམ་པར་བྱེད་པ་ལ་འབད་པས་སྡིག་པ་ལས་ལྡོག་པར་འགྱུར་བ་སྟེ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཚུལ་བསྟན། ཚིག་རྐང་གསུམ་པས་ཐོས་པའི་དོན་ཚུལ་བཞིན་ཡིད་ལ་བྱས་པས་དོན་མེད་པ་ལ་རྣམ་པར་གཡེང་པ་སྤོང་བར་འགྱུར་ཞེས་ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་ཚུལ་བསྟན། ཚིག་རྐང་བཞི་བས་བསླབ་པ་དེ་གཉིས་ལ་བརྟེན་པའི་ཤེས་རབ་ཀྱིས་སྡུག་བསྔལ་གྱི་རྩ་བ་བདག་འཛིན་དྲུངས་ནས་ཕྱུང་སྟེ་ཐར་བ་མྱང་འདས་འཐོབ་པར་བྱེད་དོ་ཞེས་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཚུལ་གསུངས་པ་རེད།

  དེ་ལྟར་ཤེས་པ་ན་འདུས་བྱས་མི་རྟག་པའི་ངང་ཚུལ་ལ་བསམ་བློ་བཏང་ནས་དུས་ཚོད་དམ་འཛིན་བྱེད་པ་གལ་ཆེ་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། དལ་འབྱོར་ཚང་བའི་མི་ལུས་ཤིན་ཏུ་རྙེད་དཀའ་ཞིང་། རྙེད་ན་རིན་ཐང་ཆེ་མོད། འོན་ཀྱང་མི་རྟག་པ་འགལ་རྐྱེན་རུ་འཛིངས་པ་རླུང་དམར་ནང་གི་མར་མེ་ལྟ་བུ། འཇིག་སླ་བ་ཆུ་ཡི་ཆུ་བུར་ལྟ་བུའི་རང་བཞིན་ཡིན་པ་ངེས་པར་བྱས་ཏེ། འཆི་བདག་དང་ལག་གང་སྔ་བརྩད་ནས་འདིའི་སྟེང་ནས་མི་ཚེའི་སྙིང་བོ་ཞིག་ཨེ་ལོན་བལྟ་དགོས་ཏེ། གལ་ཏེ་མ་ལོན་པར་ཤི་སོང་ན་ཕྱི་མ་རྣམས་སུ་འདི་ལྟ་བུ་འཐོབ་རྒྱུ་ཧ་ཅང་དཀའ་མོ་རེད་ཅེས་གསུངས་པ་ཡིན་ལ། གསུངས་པ་ལྟར་དོན་ལའང་གནས་ཡོད་པས་སོ། །

   དེ་ཡང་མི་ཚེའི་སྙིང་བོ་གང་ཡིན་ངོས་འཛིན་ཚུལ་དང་། སྙིང་བོ་ལེན་ཚུལ་ཡང་གནའ་དེང་གི་སྟོན་པར་གྲགས་པ་རྣམས་དང་མཁས་པར་གྲགས་པ་མང་བོས་སྣ་ཚོགས་པ་ཞིག་གསུངས་འདུག་མོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་སྒྲུབ་པའི་ཕྱིར། །དང་བོར་འབད་དེ་ཤེས་རབ་བསྐྱེད། །ཅེས་གསུངས་པ་ལྟར་དངོས་སུ་མཐོང་བ་དང་མ་མཐོང་བའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་ཡིན་པས་ཤེས་རབ་བསྐྱེད་དགོས་ལ། བརྟག་ཅིང་དཔྱོད་པའི་ཤེས་རབ་དེ་ལྡན་ན་མགོ་གཏུགས་སའམ་རྒྱབ་གཏད་ས་མ་ནོར་བ་ཞིག་རྙེད་པར་འགྱུར་བ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས།།བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་པ་ལྟར་ཡོན་ཏན་ཤེས་ནས་དད་པ་ཐོབ་ན་ནི་སུ་དང་གང་གིས་ཀྱང་གཡོ་མི་ནུས་པས་སོ། །

   དེ་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས།  བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག།དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་ཕྱོགས་ལྷུང་དང་བྲལ་བའི་བློ་གཟུ་བོའི་སྒོ་ནས་བརྟགས་ཤིང་དཔྱད་ནས། མི་ཚེའི་སྙིང་བོ་ལེན་ཚུལ་སྟོན་པའི་སྟོན་པ་རྣམ་དག་དང་། དེསབསྟན་པའི་གཞུང་ལུགས་སམ་གྲུབ་མཐའ་ཡང་དག་ཅིག་གི་རྗེས་སུ་འབྲངས་རྒྱུ་ཤིན་ཏུ་གལ་ཆེ་བས་གྲུབ་མཐའ་ལ་སློབ་དགོས་བྱུང་བ་ཡིན། ཆོས་ལ་དད་པ་ཡོད་མཁན་ཚོས་ཉམས་ལེན་བྱེད་འདོད་ན་གྲུབ་མཐའ་ལ་སློབ་དགོས་པ་བཤད་མ་དགོས་མོད། དད་པ་མེད་ཀྱངཆོས་ལ་ཞིབ་འཇུག་བྱེད་འདོད་ནའང་འདི་ལ་སློབ་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། 

   དེས་ན་དེ་རིང་དཔེ་ཁྲིད་ལ་འོངས་མཁན་སློབ་མ་ཚོ་ཕལ་ཆེ་བ་ཞིབ་མཇུག་སློབ་མ་དང་འབུམ་རམས་པ་ཡིན་པས། ཕྱོགས་ལྷུང་ཅན་གྱི་འདོག་འགྱུར་ཤེལ་མིག་དེ་རེ་ཞིག་ཕུད་དེ་ཐོས་བསམ་གཤའ་མ་ཞིག་བྱེད་ཐུབ་ན་ཞིབ་འཇུག་ལེགས་པོ་ཞིག་འོངས་ངེས་ཡིན་གྱི། དེ་ལྟ་མ་ཡིན་པར་ཞིབ་འཇུག་བྱས་ན་ནི། མིང་ལ་ཞིབ་འཇུག་ཟེར་ཡང་དོན་ལ་རགས་འཇུག་ལས་ཀྱང་རགས་འཇུག་ཅིག་ཏུ་འགྱུར་བར་ཐེ་ཚོམ་ཟ་མི་དགོས་པ་ལྟ་བུ་ཡིན་ནོ།།

དེས་ན་འདི་ནི་ང་ཚོ་མིའི་འཚོ་བ་སྐྱིད་སྡུག་ལེགས་ཉེས་ལ་འབྲེལ་བ་ཅི་ཡང་མེད་པའི་ལྷ་སྒྲུང་ལྟ་བུའི་སྟོང་བཤད་ཅིག་དང་། ཚེ་འདི་ལ་ཕན་པ་ཅུང་ཟད་ཀྱང་མེད་པའི་ཕྱི་མ་ཁོ་ན་བརྗོད་བྱར་བྱེད་པའི་དོན་མེད་ཅིག་ཀྱང་གཏན་ནས་མིན་ཏེ། ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་ལས་ཚེ་སྔ་ཕྱིའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དཔོག་ཐུབ་པས། དངོས་གནས་འཚོ་བ་བདེ་མོ་སྐྱིད་པོ་ཞིག་རོལ་འདོད་ན།  ད་ལྟའི་བསམ་བློ་དང་ཀུན་སྤྱོད་ལེགས་ཉེས། འཚོ་བ་རོལ་སྟངས། ཕན་ཚུན་བར་འབྲེལ་བ་བྱེད་སྟངས། བྱ་བ་སྒྲུབ་ཚུལ། སློབ་སྦྱོང་བྱེད་ཚུལ་སོགས་འདི་དང་འདི་ལྟ་བུ་བཟང་ལ་། དེ་དང་དེ་ལྟ་བུ་མི་བཟང་ངོ་ཞེས་གསལ་བར་སྟོན་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡིན་པས་མིའི་རིག་གནས་ཡིན་གྱི། ཆོས་ལུགས་པ་ཚོ་མ་གཏོགས་ཡོད་མེད་ཀྱང་མི་ཤེས་པའི་ལྷའི་རིག་གནས་མིན། དངོས་ཡོད་ཀྱི་འཚོ་བ་དང་འབྲེལ་ནས་སློབ་དགོས་པས་འཚོ་བ་ལ་ཕན་པའི་རིག་གནས་ཡིན་གྱི། འཚོ་བ་དང་ཁ་བྲལ་དུ་སོང་བ་བྱ་རོག་སོ་རྟོག་ལྟ་བུའི་སྟོང་བཤད་ལབ་བརྡོལ་ཞིག་ནི་མིན་ནོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531522
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།