ནུབ་བྱང་མི་རིགས་སློབ་ཆེན་ནས་ས་ལམ་ཐེག་གསུམ་མཛེས་རྒྱན་ཁྲིད་སྐབས་སྔོན་འགྲོའི་ཚུལ་དུ་བཤད་པའི་སྙིང་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »ནུབ་བྱང་མི་རིགས་སློབ་ཆེན་ནས་ས་ལམ་ཐེག་གསུམ་མཛེས་རྒྱན་ཁྲིད་སྐབ
ནུབ་བྱང་མི་རིགས་སློབ་ཆེན་ནས་ས་ལམ་ཐེག་གསུམ་མཛེས་རྒྱན་ཁྲིད་སྐབས་སྔོན་འགྲོའི་ཚུལ་དུ་བཤད་པའི་སྙིང་གཏམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-05-14ལྟ་ཀློག (4894)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནུབ་བྱང་མི་རིགས་སློབ་ཆེན་ནས་ས་ལམ་ཐེག་གསུམ་མཛེས་རྒྱན་ཁྲིད་སྐབས་སྔོན་འགྲོའི་ཚུལ་དུ་བཤད་པའི་སྙིང་གཏམ།

 ༼འདི་ནི་ངས་ལོ་གཉིས་གསུམ་ཙམ་གྱི་སྔོན་དུ་ནུབ་བྱང་ནས་ས་ལམ་གྱི་དཔེ་ཁྲིད་འགོ་འཛུགས་སྔོན་འགྲོར་བཤད་པ་ཡིན་ལ། སྐལ་མཉམ་འགའ་ལ་ཕན་ཐོགས་ཀྱང་སྲིད་སྙམ་ནས་དེའི་རྗེས་སུ་མ་བརྗེད་གོང་དེའི་ནང་དོན་ཅུང་ཙམ་མདོར་བསྡུས་ཏེ་རང་ཉིད་ཀྱིས་ཟིན་བྲིས་སུ་བཏབ་པའོ།།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 འོ་ལགས་སོ། ། རྣམ་པ་ཚོ་ཚང་མ་བདེ་མོ། ད་ཐེངས་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་འདི་ནས་ཞིབ་འཇུག་སློབ་མ་གཙོ་བྱས་པའི་ཁྱེད་ཅག་སློབ་མ་མང་བོ་ལ་དཔེ་ཁྲིད་བྱེད་དགོས་བྱུང་སོང་། ཁྱེད་ཚོའི་གྲས་ནས་ལ་ལ་ཞིག་གིས་སྔར་ཡང་ངའི་དཔེ་ཁྲིད་ཉན་མྱོང་ལ། འགའ་ཞིག་གིས་ད་ཐེངས་གསར་དུ་ཉན་པ་རེད། སློབ་མ་གསར་རྙིང་གང་ཡིན་ཡང་སེམས་ནས་ནམ་ཡང་བརྗེད་མི་རུང་བ་ནི།  རང་ཉིད་སློབ་མ་ཞིག་ཡིན་པ་དེ་ཡིན། སློབ་གྲྭ་ཆེན་མོ་ཡིན་ནའང་ཆོག ཞིབ་འཇུག་སློབ་མ་ཡིན་ནའང་འདྲ། འབུམ་རམས་པ་ཡིན་ནའང་རུང་། ཚང་མ་སློབ་མ་ཡིན་པ་འདྲ་འདྲ་ཡིན། རང་ཉིད་སློབ་མ་ཡིན་པ་གསལ་བར་ཤེས་ཡོད་ན། སློབ་མའི་བྱ་བ་སློབ་གཉེར་ཡིན་པའང་གསལ་བར་ཤེས་དགོས། སློབ་གཉེར་བྱེད་པ་ལ་ངེས་པར་དེའི་གོ་རིམ་ཤེས་དགོས། འོ་ན་གོ་རིམ་ཇི་ལྟར་ཡོད་ཅེ་ན། ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་དེ་ངེས་པར་བརྒྱུད་དགོས། དེ་ཡང་ཐོས་ཞེས་པ་གཙོ་བོར་དཔེ་ཁྲིད་ཉན་པ་ལ་སོགས་པའི་སྒོ་ནས་སློབ་སྦྱོང་བྱེད་ཚུལ་ལ་གོ་དགོས་པ་དང་། བསམ་ཞེས་པ་ཐོས་པ་ཙམ་དུ་མ་བཞག་པར་ཐོས་པའི་དོན་ལ་རྟོག་ཅིང་དཔྱོད་དགོས་ཚུལ་དང་། སྒོམ་ཞེས་པ་བརྟག་ཅིང་དཔྱད་ནས་འཁྲུལ་མེད་དུ་ངེས་པ་ན། དོན་དེ་ཉིད་རང་གི་འཚོ་བ་དང་སྦྲེལ་ནས་ལག་ལེན་དུ་བསྟར་བ་ལ་གོ་དགོས་པ་ཡིན། དེས་ན་ཐོག་མར་ཐོས་པ་རྣམ་དག་ཅིག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན་པས་ན་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཚང་གིས། དང་བོར་ཐོས་པའི་སྒྲོན་མེ་མ་སྦར་ན། །ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང་། །རྣམ་བྱང་ཐར་བའི་ལམ་གྱི་བགྲོད་ཚུལ་སོགས། །བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། །ཐོས་པས་བློ་མིག་སྦྱངས་པར་གྱིས་ཤིག་ཨང་། །ཞེས་ཐོག་མར་ཐོས་པ་མ་བྱས་ན་ཡང་ལོག་གི་བླང་དོར་གསལ་བར་འབྱེད་མི་ནུས། དེས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོབ་འདོད་ན་ཐོག་མར་ཐོས་པ་བྱེད་དགོས་པར་གསུངས་པ་ལ། བསམ་བློ་གཏོང་ཤེས་ན་གོ་རྒྱུ་ཡ་མཚན་པ་ཡོད་སྙམ།

     འོ་ན་ཐོས་པ་བྱེད་ཡུལ་གང་ཡིན་ཞེ་ན། རྗེ་བཙུན་བྱམས་པ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བུས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་རིག་པའི་གནས་ལྔ་ལ་ཐོས་པ་བྱེད་དགོས་པར་གསུངས་ལ། དེས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀ་སྦྱོང་དགོས་པར་བསྟན་པ་རེད། དེས་ན་ཁྱེད་ཚོ་རྟེན་སྐྱ་བོ་ཡིན། སྤྱི་ཚོགས་ཀྱི་སློབ་གྲྭ་འགྲིམ་པའི་སློབ་མ་ཡིན་པས་གཙོ་བོ་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ལ་སྦྱོང་དགོས། དེ་ལེགས་པོ་ཞིག་འོངས་ན་དམ་པའི་ལྷ་ཆོས་འགྲུབ་པ་ལའང་རྨང་གཞི་བཏིང་བ་ཡིན་ཏེ། ཇི་སྐད་དུ། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་བ་གམ་ན་གནས། །ཞེས་གསུངས་པའི་ཕྱིར་རོ། །

  ད་དུང་གཏན་ནས་བརྗེད་མི་རུང་བ་ཞིག་ནི། ཁྱེད་ཚོ་སློབ་གྲྭ་ཆེན་མོ་བ་རྐྱང་རྐྱང་ཞིག་གི་མི་ཚད་དེ། བོད་ཀྱི་སློབ་གྲྭ་ཆེན་མོ་བ་དང་། བོད་ཀྱི་ཞིབ་འཇུག་སློབ་མ། བོད་ཀྱི་འབུམ་རམས་པ། བོད་ཀྱི་དགེ་རྒན་ཆེན་མོ་སོགས་ཁྱེད་ཚོ་ཚང་མའི་མིང་གི་སྔོན་དུ་ཡོད་པའི་བོད་ཅེས་པའི་ཡིག་འབྲུ་གཅིག་པོ་འདིའི་དོན་ལ་ཐུགས་བསམ་ལེགས་པོ་རེ་ཅིས་ཀྱང་གཏོང་དགོས་པར་འདུག་སྙམ།   ཐུགས་བསམ་ཇི་ལྟར་གཏོང་དགོས་ཞེ་ན། བོད་མི་རིགས་དང་བོད་ཀྱི་རིག་གནས་ལ་དགའ་མི་དགའ་དང་། ཁས་བླངས་མ་བླངས་ལ་ལྟོས་པ་མེད་པར་རང་ཉིད་སྔོན་བསགས་ཀྱི་ལས་དང་སྨོན་ལམ་གྱི་སྟོབས་ལས་བོད་མི་རིགས་ཀྱི་ནང་དུ་སྐྱེས་པའམ། བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་མཁན་ནམ། ཞིབ་འཇུག་བྱེད་མཁན་གྱི་གྲས་སུ་སྐྱེས་ཡོད་པ་ནི་མངོན་སུམ་རེད། དེས་ན་གལ་ཏེ་ཁྱེད་ཚོའི་སློབ་སྦྱོང་གི་དམིགས་ཡུལ་དེ་མཐར་ཕྱིན་དཔང་ཡིག་ཙམ་མམ། ཟླ་ཕོག་ཙམ་གྱི་ཆེད་དུ་མིན་པར་སྦྱངས་འབྲས་ལེགས་པོ་ཞིག་གི་ཆེད་དུ་ཡིན་ན། རང་གི་སྦྱང་བྱའི་རིག་གནས་དེ་ཤེས་དགོས་པའང་བསྙོན་མེད་ཡིན།

 དེས་ན་ཁྱེད་ཚོ་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དང་། བོད་ཀྱི་ཞིབ་འཇུག་སློབ་མ། བོད་རིག་པ་ལ་སློབ་གཉེར་བྱེད་མཁན་གྱི་འབུམ་རམས་པ་དང་། བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སོགས་ཡིན་དུས། བོད་ཀྱི་རིག་གནས་རྨང་གཞིར་བཟུང་བའི་སྟེང་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་ལ་སློབ་དགོས་པ་ནི། རྟོགས་ལྡན་ལ་ལུང་རིགས་ཀྱིས་བསྒྲུབ་མི་དགོས་པ་ཞིག་རེད། དེས་ན་དམ་པ་ཚོས་རང་གི་རིག་གནས་ལ་མཁས་དགོས། གཞན་གྱི་རིག་གནས་ལ་སྦྱོང་དགོས་ཞེས་པའི་གདམས་ངག་ཟབ་མོ་འདིའི་དོན་གོ་དགོས་པ་ཡིན། དེ་ཡང་ད་སྐབས་བོད་ཀྱི་རིག་གནས་ལའང་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་གཉིས་སུ་ཕྱེ་ནས་བཤད་ཀྱིན་འདུག   བོད་ཀྱི་ན་གཞོན་སློབ་གཉེར་བ་ཚོའི་གྲས་ན། དེང་རབས་རིག་གནས་ནི་གཙོ་བོ་ཚན་རིག་ལག་རྩལ། ཆབ་སྲིད་དཔལ་འབྱོར། དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་འདིའི་དར་རྒུད་ལ་ཞིབ་འཇུག་བྱས་ནས་དར་ཐབས་ཀྱི་སྐོར་འབའ་ཞིག་གླེང་བའི་རིག་གཞུང་སྐོར་ལ་ངོས་འཛིན་བཞིན་ཡོད་པར་མ་ཟད། དེ་ནི་སྤྱི་ཚོགས་ཡར་རྒྱས་གཏོང་བྱེད་ཀྱི་རྩ་བ་རེད་བསམ་མཁན་མི་ཉུང་བ་ཞིག་ཡོད། འོན་ཀྱང་སྲོལ་རྒྱུན་ནི་དེ་ལས་ལྡོག་སྟེ། བག་འཁུམ་དང་རྙིང་ཞེན་སོགས་ཀྱི་རང་བཞིན་ཅན་ཞིག་ཡིན་པར་མ་ཟད། ལྷག་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ནང་ཆོས་དང་འདྲེས་ནས་ཡོད་ལ། ནང་ཆོས་ནི་ཚན་རིག་དང་རྒྱབ་འགལ་དུ་སོང་ཞིང་། དཔལ་འབྱོར་ལ་དགྲ་རུ་བལྟ་བའི་ཆོས་ལུགས་ཤིག་ཡིན་པས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་འགག་རྡོ་རེད་ཅེས་སོགས་བཤད་མཁན་དང་བསམ་མཁན་ཡང་མི་ཉུང་བ་ཞིག་ཡོད།

   འོན་ཀྱང་ངས་བལྟས་ན་བཤད་ཚུལ་འདི་སྐོར་ལ་ང་ཚོས་ད་དུང་སེམས་ལྷོད་ལ་ཕབ་སྟེ་བརྟག་དཔྱད་གཏོང་དགོས་པ་ཧ་ཅང་མང་སྙམ། དཔེར་ན་བཤད་ཚུལ་དང་བོ་ནང་ཆོས་ཚན་རིག་དང་རྒྱབ་འགལ་དུ་སོང་མ་སོང་གི་སྐོར་ལ་མཚོན་ན་བཤད་རྒྱུ་ཤིན་ཏུ་མང་ན་ཡང་། དེ་དག་རེ་རེ་བཞིན་བཤད་པ་འདིར་སྐབས་སུ་མ་བབས་ཤིང་བཤད་ཀྱང་མི་དགོས་མོད། འོན་ཀྱང་དཔེ་མཚོན་ཙམ་ཞིག་བཤད་ན། ན་ནིང་དོ་ཚིགས་རྒྱའི་དངོས་ལུགས་རིག་སྨྲ་བ་ཆེན་པོ། ནོ་པེར་བྱ་དགའ་ཐོབ་མཁན་སྐུ་ཞབས་དབྱང་ཀྲིན་ཉིན་(杨振宁)གྱིས། ཚན་རིག་པ་ཚོས་གསར་དུ་ཤེས་པའི་གྲུབ་འབྲས་མང་དུ་གླེང་མཐར་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ། (最新出现的观点,不再把世界看成一个迥然分割、互不相干的"零件"组成的机器,从本质上看,宇宙是一个相互关联、总和构造、包罗万象的有机统一体。)ཆེས་གསར་དུ་རྙེད་པའི་ལྟ་ཚུལ་ནི། འཛམ་གླིང་འདི་གཞི་རྩ་ནས་སོ་སོར་སོང་ཞིང་། ཕན་ཚུན་འབྲེལ་མེད་དོན་གཞན་དུ་གྱུར་བའི་ལྷུ་ལག་སྣ་ཚོགས་ལས་གྲུབ་པའི་འཕྲུལ་ཆས་ཤིག་ཏུ་མི་བལྟ་བར། ངོ་བོ་ཉིད་ཀྱིས་ན་འཇིག་རྟེན་ནི་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་ངམ། མང་བོ་ཕན་ཚུན་འདུས་ནས་གྲུབ་པའམ། སྣ་ཚོགས་ཀུན་འདུས་ཀྱི་སྐྱེ་ལྡན་གཅིག་གྱུར་གྱི་ངོ་བོ་ཉིད་དུ་འཛིན་བཞིན་ཡོད་དོ་ཞེས་བཤད། དེས་ན་འདི་ནི་ཚན་རིག་པ་ལ་མཚོན་ན་གྲུབ་འབྲས་གསར་བ་ཞིག་རེད།

འོན་ཀྱང་ཚན་རིག་པ་རྣམས་ཀྱིས་གསར་དུ་རྙེད་པར་རློམ་པའི་ལྟ་ཚུལ་འདི་སྐུ་ཞབས་ཁོང་གིས་བལྟས་ན་ནང་ཆོས་སུ་སྔོན་ནས་བཤད་ཟིན་པའི་དོན་ཞིག་ཡིན་གྱི་གྲུབ་འབྲས་གསར་བ་ནི་མིན་པར་གསུང་གི་ཡོད་དེ། (我希望再一次强调,这种最新的观点对于佛教来说并不是一件新鲜事。早在2500年以前佛陀在其<缘起经>的教理中明确、明显地阐述了因缘律。所以可以说"因缘律"与"相对论"之间存在着统一完美的协调。)ངས་ད་དུང་ནན་གྱིས་བཤད་འདོད་པ་ནི། ཆེས་གསར་དུ་རྙེད་པར་རློམ་པའི་ལྟ་ཚུལ་འདི་དག་ནང་བསྟན་ལ་མཚོན་ན་དོན་དག་གསར་བ་ཞིག་གཏན་ནས་མིན་ཏེ། ལོ་ངོ་གཉིས་སྟོང་ལྔ་བརྒྱ་ལྷག་གི་ཡར་སྔོན་དུ་སངས་རྒྱས་ཀྱིས་རྟེན་འབྲེལ་གྱི་མདོ་ལས། རྒྱུ་རྐྱེན་གྱི་ཆོས་ཉིད་ཆེས་ཤིན་ཏུ་གསལ་བར་གཏན་ལ་ཕབ་ཡོད་ལ། རྒྱུ་རྐྱེན་གྱི་ཆོས་ཉིད་ཅེས་པ་དང་ལྟོས་བཅས་ཀྱི་རིག་པ་ཞེས་པ་གཉིས་ཀྱི་བར་ལ་མཐུན་སྦྱོར་གཅིག་མཚུངས་ཀྱི་རང་བཞིན་ལེགས་པར་ལྡན་ཡོད་ཅེས་བཤད་དོ། ། ད་དུང་ཚན་རིག་པ་མང་བོས་ཐག་གིས་མི་ཆོད་པ། འགྲེལ་བཤད་རྒྱག་མི་ཐུབ་པ་མང་བོ་ཞིག་མཐར་ནང་ཆོས་ལ་བརྟེན་ནས་གསལ་བར་གྱུར་བ་མང་བོ་བྱུང་དང་འབྱུང་བཞིན་ཡོད་པ་ལ་བསྙོན་ཇི་ལྟར་ལྡིང་།

   གོང་དུ་བཤད་པ་དེ་ལ་སོགས་པ་བཤད་བྱ་ཤིན་ཏུ་མང་ཞིང་རིགས་པས་ཀྱང་འགྲུབ་པས་ན་ནང་ཆོས་རྨོངས་དད་དུ་འདོད་པ་ནི། ཚན་རིག་ཅེས་པ་རྨོངས་དད་དོ་ཞེས་པ་ལྟར་ཆེས་ཤིན་ཏུ་དགོད་བྲོ་བའི་གནས་ཁོ་ནའོ། །

བཤད་ཚུལ་གཉིས་པ་ནང་ཆོས་སུ་བཟང་ངན་གྱི་དབྱེ་བ་མ་བཀར་བར་དཔལ་འབྱོར་ཡོད་ཚད་དགྲ་རུ་བལྟའོ་ཞེས་པ་ནི་ནང་ཆོས་ལ་ཞིབ་ཏུ་མ་བལྟས་པས་རྒྱུས་མེད་ཀྱི་རྒྱུས་གཏམ་དུ་སོང་འདུག་སྟེ། ནང་ཆོས་ཉམས་ལེན་བྱེད་མཁན་རྣམས་ཀྱི་འདོད་བྱ་ནི། དབུ་མ་རིན་ཆེན་འཕྲེང་བ་ལས། དང་བོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བའོ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །ཕྱིས་ནི་ངེས་པར་ལེགས་པ་འོང་། །དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་བར་འདོད། །ཅེས་གསུངས་པ་ལྟར་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་གཉིས་ལས་མ་འདས་ལ། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱང་ཚེ་གཅིག་གི་ཡུན་ལ་འགྲུབ་པ་ཆེས་ཤིན་ཏུ་དཀའ་བས་སྐྱེ་བ་དུ་མ་བརྒྱུད་དགོས། སྐྱེ་བ་ཡང་ངན་སོང་གསུམ་སོགས་སུ་སྐྱེས་ན་ཆོས་བསྒྲུབ་མི་ནུས་པས་མངོན་མཐོ་ལྷ་མིའི་རྟེན་ལ་བསྒྲུབ་དགོས། དེ་ལས་ཀྱང་མི་དང་། མིའི་ནང་ནས་ཀྱང་འཛམ་བུ་གླིང་བའི་རྟེན་མཆོག་ཏུ་གྱུར་བར་གསུངས་ལ། འཛམ་གླིང་གི་མིའི་རྟེན་ཡིན་ཡང་གང་རུང་རུང་གིས་མི་འོང་བས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་དལ་འབྱོར་གྱི་ལུས་རྟེན་དགོས་པར་གསུངས་ལ།

  མཐོ་རིས་ཀྱི་ཡོན་ཏན་བདུན་ནི།  འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། བདག་ནི་གང་དུ་སྐྱེས་ནས་ཐུབ་པ་ཡི། །གསུང་གི་བདུད་རྩི་འཐུང་བ་དེ་ཡི་ཚེ། །རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག།ཅེས་གསུངས་པ་ལྟར་ཆོས་སྒྲུབ་པ་དང་མཐུན་པའི་སྐྱེ་གནས་སུ་གྱུར་བའམ། མཐོ་རིས་ཀྱི་ཡོན་ཏན་བདུན་ཏེ། རིགས་མཐོ་བ། གཟུགས་བཟང་བ། འབྱོར་བ་ཆེ་བ། གཉེན་ཉེ་དུ་སོགས་འཛོམས་པའི་དབང་ཕྱུག་ཕུན་སུམ་ཚོགས་པ། ཤེས་རབ་ཆེ་བ། ཚེ་རིང་བ། ནད་མེད་པ་སོགས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་་བདུན་ཡིན་ལ།  ཆོས་སྒྲུབ་མཁན་གྱི་ནང་བ་སངས་རྒྱས་པ་ཞིག་ཡིན་ན། དེ་ལྟ་བའི་རྟེན་ཕན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་སྲོལ་ཡོད།

 དེས་ན་ཐབས་ལམ་ཡང་དག་པ་ལས་བྱུང་བའི་རྒྱུ་འབྱོར་དེ་བེད་སྤྱོད་གཏོང་ཤེས་ན་བསོད་ནམས་གསོག་ཅིང་ཆོས་བསྒྲུབ་པའི་ཆ་རྐྱེན་དུ་འགྲོ་བས་སྨོན་གནས་སུ་བྱེད་ཅིང་། གཞན་ཡང་ནང་བའི་གཞུང་ལས་ཕུན་ཚོགས་སྡེ་བཞི་དར་བར་སྨོན་ལམ་འདེབས་པ་དེས་ཀྱང་ནོར་ལ་མཐའ་གཅིག་ཏུ་དགྲ་རུ་ལྟའོ་ཞེས་པ་མི་བདེན་པར་ཤེས་ནུས་པའི་་ཕྱིར། ཕུན་ཚོགས་སྡེ་བཞི་ཞེས་པ་ནི། ནོར་གྱི་སྡེ། འདོད་པའི་སྡེ། ཆོས་ཀྱི་སྡེ། ཐར་བའི་སྡེ་བཞི་ལ་ཟེར། དེ་ཡང་མདོར་བསྡུས་ན་འཁོར་འདས་གཉིས་ཀྱི་དབང་དུ་བྱས་ནས་བཤད་པ་སྟེ། འཁོར་བ་བའི་འདོད་པའམ་འདོད་བྱ་ནི་བདེ་སྐྱིད་ཀྱི་འཚོ་བ་ཡིན་ལ། དེ་སྒྲུབ་བྱེད་ཀྱི་གཙོ་བོ་ནི་ནོར་ལོངས་སྤྱོད་ཡིན་པས་དེ་ཉིད་འཕེལ་བར་བྱེད་པའི་ཐབས་ལ་བརྩོན་དགོས་པར་གསུངས་པ་མང་བ་དང་། ཡང་བློ་ཁ་ཅུང་ཟད་མཐོ་བ་རྣམས་ནི་འཁོར་བའི་བདེ་བ་ཙམ་ལ་ཡིད་མི་ཆགས་ཏེ། དེའི་སྐྱོན་མཐོང་བར་ནུས་པའི་ཕྱིར། གལ་ཏེ་སྐྱོན་མཐོང་བ་ཙམ་དུ་ལུས་ན་སྲོ་ཤི་བ་ཉིད་ལས་མེད་ཀྱང་། དེ་སྤོང་བྱེད་ཀྱི་གཉེན་པོ་ཡོད་པའང་ཤེས་ནུས་པས་ཡིད་ཞུམ་པར་མི་འགྱུར་བར་མ་ཟད། སྐྱོན་མཐའ་དག་ལས་གྲོལ་བའི་ཐར་བ་དོན་དུ་གཉེར་བའི་འདུན་པ་ལ་བརྟེན་པའི་བརྩོན་འགྲུས་སྐྱེ་བའི་ཕྱིར། དེས་ན་དེའི་རྒྱུ་ཆོས་བསྒྲུབ་དགོས་པའང་ཤེས་ནས་ལམ་ལ་སློབ་པ་ལ་དགའ་བར་འགྱུར་བའི་ཕྱིར།

 ལྷག་པར་དུ་དེ་རིང་འདིར་དཔེ་ཁྲིད་ལ་ཕེབས་པའི་ཞིབ་འཇུག་སློབ་མ་རྣམས་ཀྱི་གཙོས་བོད་ཀྱི་རིག་གནས་ལ་སློབ་གཉེར་བྱེད་མཁན་ཁྱེད་ཅག་སློབ་གྲྭ་ཆེན་མོ་བ་རྣམས་ལ་མཚོན་ན། ཆོས་ལ་དད་མི་དད་ཇི་ལྟར་ཡིན་ཡང་། བོད་བརྒྱུད་ནང་བསྟན་ལའང་ངེས་པར་སློབ་སྦྱོང་བྱེད་དགོས་སྙམ། ཅིའི་ཕྱིར་ཞེ་ན། རྒྱུ་མཚན་དང་བོ། ཁྱེད་ཅག་ནི་དངོས་པོ་རྣམས་ཀྱི་གནས་ལུགས་དང་མི་ཚེའི་སྙིང་བོ་འཚོལ་མཁན་ཡིན་ལ། དེ་དཔྱིས་ཕྱིན་པར་བཤད་པའི་གཞུང་ནི་ནང་ཆོས་ལས་ལྷག་པ་བཙལ་དུ་མེད་ཚུལ་གཟུར་གནས་ཀྱི་ཚན་རིག་པ་འགའ་ཞིག་དང་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་མང་བོས་བཤད་དང་བཤད་མུས་སུ་ཡོད་པ་རང་ཅག་ལ་མཐོང་ཐོས་སུ་ཡོད་པ་འདིའོ། །

  རྒྱུ་མཚན་གཉིས་པ། ད་ལྟ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཞི་བདེ་དང་འཆམ་མཐུན་གླེང་མཁན་ཇེ་མང་དང་ཇེ་མང་རེད། ཁྱེད་ཅག་ཀྱང་ཕལ་ཆེར་ཞི་བདེ་དང་འཆམ་མཐུན་འོངས་ན་འདོད་མཁན་ཤ་སྟག་ཡིན་རྒྱུ་རེད་སྙམ། དེས་ན་ཞི་བདེ་དང་འཆམ་མཐུན་སྒྲུབ་བྱེད་གཙོ་བོ་ནི་ནང་ཆོས་ལས་ལྷག་པ་ཞིག་མེད་ཚུལ་ཡང་གཟུར་གནས་ཀུན་ལ་མཐུན་སྣང་ཡིན།

   ང་ཚོ་ནི་དུས་རབས་ཉེར་གཅིག་པའི་འགོ་སྟོད་དུ་གནས་པའི་མི་རབས་ཡིན། ང་ཚོས་སེམས་ལྷོད་ལ་ཕབ་སྟེ་ཕྱིར་འདང་ཞིག་བརྒྱབ་ན། འདས་ཟིན་པའི་དུས་རབས་ཉི་ཤུ་བ་དེ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་འཁྲུག་རྩོད་རྒོད་པའི་དུས་རབས་ཤིག་རེད། མི་ས་ཡ་མང་བོ་ཕྱི་ནང་གི་འཁྲུག་རྩོད་ཀྱི་རྐྱེན་ལས་ཤི་སོང་བ་རེད། དཔེར་ན་འཛམ་གླིང་འཁྲུག་ཆེན་དང་བོ་དང་གཉིས་པ། ཀྲུང་གོ་དང་འཇར་པན་བར་གྱི་དམག་འཁྲུག གོ་མིན་ཏང་དང་གུང་ཁྲན་ཏང་བར་གྱི་དམག་འཁྲུག ཨུ་རུ་སིའི་ནང་འཁྲུག ཀམྤོ་ཛའི་ནང་འཁྲུག ཁོ་རི་ཡའི་དམག་འཁྲུག ཝེ་ཏི་ནམ་གྱི་དམག་འཁྲུག་སོགས་སུ་ཤི་བའི་མི་གྲངས་ཀྱིས་མི་ལོངས་ལ། ཚན་རིག་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སྣོད་བཅུད་ཀུན་ལ་གནོད་འཚེ་གཏོང་བྱེད་ཀྱི་ལག་ཆ་རྡུལ་ཕྲན་འབར་མདེལ་སོགས་ཀྱང་གྲངས་ཇེ་མང་དང་ནུས་པ་ཇེ་ཆེར་སོང་བས། མི་ཁྲི་འབུམ་མང་བོ་བློར་མི་ཤོང་བ་ལྟ་བུའི་སྡུག་བསྔལ་ལ་སྦྱར་བ་ཡོངས་གྲགས་རེད། དེ་ཡང་ཞིབ་ཏུ་དཔྱད་ན་འདས་ཟིན་པའི་དུས་རབས་ཉི་ཤུ་བ་དེ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཆོས་ལུགས་མི་དགོས། ཀུན་སྤྱོད་མི་གཙོ། སེམས་བཟང་མི་མཁོ། གཙོ་བོ་བཙན་ཕྱུག་དབང་གསུམ་གལ་ཆེ་ཟེར་བའི་དུས་རབས་ཤིག་ཡིན་འདུག དེའི་སྟབས་ཀྱིས་དེ་འདྲའི་ཆག་སྒོ་བློར་མི་ཤོང་བ་མང་བོ་བསྟུད་མར་བྱུང་བ་རེད་ཅེས་གཟུར་གནས་མཁས་པ་མང་བོས་གསུངས་བཞིན་ཡོད། དེའི་ཕྱིར་འཛམ་གླིང་ཤར་ནུབ་ཀུན་ན་སྲོལ་རྒྱུན་གྱི་བསམ་བློ་ཀུན་སྤྱོད་བཟང་བོ་དང་ཆོས་ལུགས་སླར་གསོ་བྱེད་དགོས་པའི་འབོད་བསྐུལ་གཏོང་དང་གཏོང་བཞིན་ཡོད་སྐབས་ཤིག་རེད།

   དེས་ན་སྔར་ཡང་ངས་འདི་ནས་བོད་བརྒྱུད་བསྟན་ལས་བྱུང་བའི་སེམས་ཁམས་རིག་པ་སྟེ། སེམས་དང་སེམས་བྱུང་གི་རྣམ་གཞག་དཔེ་ཁྲིད་བྱས་པ་ཡིན། ད་ཐེངས་དེ་ལས་ཅུང་ཞིག་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བཏང་སྟེ་ས་ལམ་གྱི་རྣམ་གཞག་ཁྲིད་རྒྱུ་ཡིན། ཁྱེད་ཚོར་ལས་ཀ་གཞན་དང་བསླབ་བྱ་གཞན་མང་བས་དགོན་སྡེ་ན་ཡོད་པའི་གྲྭ་བ་ཚོ་དང་འདྲ་བར་ནང་བའི་གཞུང་ཆེན་ཁག་ལ་ཞིབ་ཏུ་སྦྱོང་ཁོམ་མེད་པས། སྤྱི་དོན་ལྟ་བུའི་ཉུང་ངུ་རེས་གཞུང་ཆེན་ཁག་གི་སྤྱིའི་འགྲོ་ཚུལ་ཧ་གོ་ཡོང་བའི་གཞུང་རེ་ལ་ངེས་པར་འཇུག་དགོས། དེ་ལྟ་བུ་རེ་ལའང་མ་སྦྱངས་ན་ནི་བཟང་ངན་གང་གི་ཕྱོགས་ཀྱང་བཤད་མི་ཤེས་པས། ཞིབ་འཇུག་ནི་དེ་བས་ཀྱང་བྱེད་ཐབས་མེད། དེས་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་འཇུག་མི་ཐུབ་ཀྱང་། དེ་དག་གི་སྤྱི་དོན་ལྟ་བུའི་གྲུབ་ས་གསུམ་ལ་ཅུང་ཟད་རེ་སྦྱངས་ན་འགྲོ་ཕྱོགས་ཙམ་ཞིག་རེ་ཤེས་འོངས་པས་ཁྱེད་ཚོའི་ཞིབ་འཇུག་ལའང་ཕན་པ་ཡོད་ངེས་ཤིང་ཐག་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528047
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།