མགོ་ལོག་རྣམ་རྒྱལ་གྱིས་རྟ་བྲག་དྭ་ཕྲུག་སློབ་གྲྭར་འཆད་ཁྲིད་འགོ་བཙུག་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མགོ་ལོག་རྣམ་རྒྱལ་གྱིས་རྟ་བྲག་དྭ་ཕྲུག་སློབ་གྲྭར་འཆད་ཁྲིད་འགོ་
མགོ་ལོག་རྣམ་རྒྱལ་གྱིས་རྟ་བྲག་དྭ་ཕྲུག་སློབ་གྲྭར་འཆད་ཁྲིད་འགོ་བཙུག་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-05-11ལྟ་ཀློག (6180)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཆད་ཁྲིད་དུས་ཀྱི་སྣང་བ།

       སྤྱི་ལོ་༢༠༡༦ལོའི་ཟླ་༥བའི་ཚེས་༡༠ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཟུར་བ་སྟེ་ད་སྐབས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོའི་ལས་གནད་བློ་སྟོན་པ། བོད་ཀྱི་ལོ་ཙཱ་བ་དང་དགེ་རྒན་ཆེན་མོ་༧མགོ་ལོག་མགར་པདྨ་རྣམ་རྒྱལ་ལགས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭས་གདན་འདྲེན་བྱས་ཏེ་ཉིན་འགར་འཆད་ཁྲིད་ཀྱི་འགོ་བརྩམས་ཡོད།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ཐུབ་བསྟན་ཉི་མས་སྣེ་ལེན་བྱེད་བཞིན་པ།

སློབ་གླིང་དུ་ཕེབས་བཞིན་པ།

ཁྲིད་གཞི་ནི་ཁོང་གིས་བསྒྱུར་བའི་རྒྱའི་རོའུ་ལུགས་ཀྱི་བསྟན་བཅོས་གྲགས་ཅན་སློབ་མའི་བསླབ་བྱ་ཞེས་པ་དེ་རེད།

    བོད་ཀྱི་ལོ་ཙཱ་བ་དང་དགེ་རྒན་ཆེན་མོ་༧མགོ་ལོག་རྣམ་རྒྱལ་ལགས་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་དྲིན་ཆེན་ཕ་མ་དང་གཏན་དུ་གྱེས་པའི་བྱིས་པ་དག་སློབ་ཆུང་ནས་སློབ་ཆེན་བར་དུ་བདག་སྐྱོང་གནང་མཁན་གྱི་སློབ་གྲྭ་ཁྱད་པར་བ་སྟེ། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭར་ཕེབས་ནས་དགེ་སློབ་ཡོངས་ལ་སློབ་ཁྲིད་གནང་བཞིན་པ།



       ཁོང་གིས་གསུངས་རྒྱུར། སློབ་གྲྭ་འདི་མགོ་ལོག་ཁུལ་གྱི་རྫོང་སོ་སོའི་དྭ་ཕྲུག་ཤ་སྟག་བྱམས་སྐྱོང་ཁྲོད་ནས་ཤེས་ཡོན་སྤྲོད་སའི་དམིགས་བསལ་བ་དང་ཁྱད་ཆོས་ཅན་ཞིག་ཡིན་པ་ང་ཚོས་ཤེས་དང་ཤེས་བཞིན་པ་རེད། དེའི་ཕྱིར་འདི་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པ་ང་ཚོའི་འོས་འགན་རེད། ལྷག་པར་དུ་མགོ་ལོག་གི་གཞུང་སྒེར་ཚང་མས་འདི་ལ་བདག་སྐྱོང་དང་རམ་འདེགས་བྱེད་པ་བཤོལ་དུ་མེད་པ་དང་གཟུར་མི་རུང་བའི་འོས་འགན་ཉག་གཅིག་རེད་བསམ་གྱིན་ཡོད།

     ང་དེ་རིང་འདིར་འོངས་ནས་ཉིན་འགའ་ལ་སློབ་ཁྲིད་བྱེད་པའི་མགོ་རྩོམ་རྒྱུ་དེའང་། ང་ལ་ལས་རྒྱུ་མེད་སོང་བ་དང་དུས་ཚོད་མང་སོང་བ་མ་རེད།  ཁྱེད་དགེ་སློབ་ཡོངས་ལ་དགའ་བ་དང་སེམས་ཁུར་མཚོན་བྱེད་ཙམ་དང་། ཕན་པ་ཅུང་ཟད་རེའང་ཡོད་ན་ཅི་མ་རུང་སྙམ་ནས་ལྷག་བསམ་གཙང་མས་འོང་བ་ལས།  གཞན་པའི་དམིགས་བྱ་ཅི་ཡང་མེད།  ཁྲིད་བྱའི་གཞུང་ཡང་རོའུ་ལུགས་པའི་བསྟན་བཅོས་ཁྲོད་ཀྱི་སློབ་མའི་བསླབ་བྱ་འདི་འདེམས་པའི་རྒྱུ་མཚན་ནི། ང་ཚོ་བོད་ལ་བསླབ་བྱ་དང་ལེགས་བཤད་མེད་པ་གཏན་ནས་མ་རེད།  འོན་ཀྱང་། བསླབ་བྱ་འདི་ལ་སློབ་མ་སྤྱི་དང་། ལྷག་པར་དུ་ཆུང་འབྲིང་སློབ་མའི་ཡིད་ལ་འཛིན་བདེ་ཞིང་དོན་གོ་སླ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པས་འུ་ཅག་དགེ་སློབ་ཚང་མས་འབད་པ་བྱས་ན་གྲུབ་འབྲས་ཡོད་ངེས་སྙམ་པ་ལགས། སྔོན་ཆད་ང་རང་དགེ་རྒན་ཡིན་པའི་སྐབས་སུ་སློབ་མའི་བསླབ་བྱ་འདི་གཞན་ཀྱིས་ལེགས་པོ་ཞིག་ཁྲིད་ཡོད་པའི་སྒྲ་ཐག་ལག་ཏུ་སོན་ནས། སློབ་མ་ཚོར་སྐབས་སྐབས་སུ་ཉན་དུ་བཅུག་ནས་བསླབ་པ་ཡིན། ཉིན་ཞིག་ངའི་བུས་ང་ལ་བཤད་རྒྱུར། ཨ་ཕ་ངས་ཁྱོད་ཀྱི་རྐང་བ་བཀྲུ་དགོས་ཟེར། ང་ཡ་མཚན་ནས་ཁྱེད་ཀྱིས་དེ་རིང་གློ་བུར་དུ་འདི་ལྟར་བསམ་དོན་ཅི་ཟེར་བ་ན། སློབ་མའི་བསླབ་བྱ་ལ་ཉན་ན་རང་གི་ཕ་མ་དང་དགེ་རྒན་ལ་སྲི་ཞུ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་ཞིག་རེད་ཟེར།  དེ་དུས་ང་རང་ཧ་ཅང་དགའ་ནས་བསླབ་བྱ་འདི་བོད་ཡིག་ལ་བསྒྱུར་ན་སློབ་མ་མང་བོ་ཞིག་ལ་འདི་ལྟར་ཕན་ངེས་སྙམ་ནས་བརྩོན་པ་ཡིན།

    དེ་བས་ན་འདིར་བཞུགས་ཀྱི་དགེ་སློབ་ཚང་མས་བསླབ་བྱ་འདི་བློར་བཟུང་ནས་སྐབས་སྐབས་སུ་ཚིག་དོན་ལ་བསམ་བློ་རེ་བཏང་ནས་རང་རྒྱུད་ལེགས་ལམ་དུ་བཅོས་རྒྱུ་དགེ་རྒན་ངའི་མཐར་ཐུག་གི་རེ་བ་ཡིན།

   མཁས་རྟགས་ཞི་ཞིང་དུལ་བ་ཟེར་བ་བཞིན་ཁོང་གིས་དཔོན་ཚུགས་དང་ཆེ་ཉམས་གཞི་ནས་སྤངས་ཏེ། སློབ་ཐུན་མཇུག་ཏུ་དགེ་སློབ་ཚོར་ཐལ་མོ་སྦྱར་ནས་སློབ་ཁྲིད་ཉིན་བཅུ་ཡས་མས་ཤིག་ལས་དགོས་རྒྱུ་མ་རེད་བསམ་གྱིན་ཡོད། དེ་ལ་འུ་ཅག་ཚང་མས་ཅུང་འབད་པ་བྱེད་རྒྱུ་བྱེད་བཀའ་དྲིན་ཆེ་གསུངས་ནས་སློབ་ཐུན་གྲོལ་སོང་། ༢༠༡༦/༥/༡༠  གཟའ་ཕུར་བུ།



༄༅།། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ངོ་སྤྲོད་མདོར་བསྡུས།


མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་སྟེ་ན་གཞོན་སློབ་གསོ་བ་རྟའུ་ཐུབ་བསྟན་ཉི་མ།

         མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནི་ཐུགས་རྒྱུད་བྱམས་བརྩེས་ཕྱུག་པའི་ནུབ་ལུགས་གསོ་རིག་རབ་འབྱམས་པ་ཁམས་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་བོད་ཀྱི་སློབ་གསོ་སྤྱི་དང་། ཁྱད་པར་དུ་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་དྲིན་ཆེན་ཕ་མ་དང་གཏན་ཏུ་གྱེས་ཤིང་ཉམ་ཐག་པའི་བྱིས་པ་ཚོར་ཡང་དག་པའི་སློབ་གསོ་དང་བདེ་སྐྱིད་བསྐྲུན་ཕྱིར་ཉིས་སྟོང་ལྔ་ལོར་གསར་དུ་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དང་ལོ་དགུའི་སློབ་གསོའི་འོས་འགན་སྒྲུབ་སའི་སློབ་གྲྭ་ཞིག་ཡིན་པར་མ་ཟད་དྭ་ཕྲུག་ཚོའི་གཞིས་ཁྱིམ་དྲོན་མོ་ཞིག་ཀྱང་ཡིན། རྟའུ་བློ་བཟང་དཔལ་ལྡན་ཁོང་རང་ཉིད་ཀྱང་ཆུང་དུས་ནས་ཕ་མ་དང་བྲལ་བས་ཉམ་ཐག་པའི་འཚོ་བ་ལ་རོལ་ཞིང་དཀའ་ཁག་གང་མང་མྱངས།  དེའི་ཕྱིར་ཁོང་གིས་རང་དཔེ་གཞན་ལ་སྦྱར་ནས་ནུས་པ་ཡོད་དགུ་རྩལ་འདོན་བྱས་ཏེ་ཉམ་ཐག་དྭ་ཕྲུག་ཚོར་ཤེས་ཡོན་སློབ་པར་རམ་འདེགས་དང་རོགས་སྐྱོར་བྱེད་པའི་ཆོད་སེམས་བརྟན་པོ་བཞག་ནས་ཕྱི་ལོ་1997ལོར་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་དུ་དྭ་ཕྲུག་སློབ་གྲྭ་ཞིག་བཙུགས།

     2000ལོར་མགོ་ལོག་ཁུལ་སློབ་གསོ་ཅུས་ཀྱི་འགོ་གཙོ་འཇིགས་མེད་སོགས་གོང་རིམ་གྱི་འགོ་ཁྲིད་འགའ་དང་འཕྲད་ནས་ཁོང་ལ་མགོ་ལོག་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་གྱི་ཡོང་ཁུངས་ཞན་པར་མ་ཟད།  བདག་མེད་དྭ་ཕྲུག་མང་བོ་ཡོད་ཀྱང་དམིགས་བསལ་གྱི་དྭ་ཕྲུག་སློབ་གྲྭ་མེད་པའི་མགོ་ལོག་ས་ཆ་འདིར་དྭ་ཕྲུག་སློབ་གྲྭ་ཞིག་འཛུགས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པས་ཁྱེད་ཀྱིས་ཐུགས་ལ་འཛིན་པར་ཞུ་ཞེས་ནན་གྱིས་ཞུས་པར་མ་ཟད་ཁ་པར་དང་བརྡ་འཕྲིན་ལམ་ནས་ཀྱང་ཡང་ཡང་འབྲེལ་གཏུགས་བྱས་ནས་རེ་བ་བཏོན།

     2001   ལོར་ཁོང་གི་སྐུ་ཟླ་ཆོས་ཉིད་ལྷ་མོ་མཚོ་སྔོན་ལ་ཕེབས་ནས་སྨན་རམས་པ་ཁ་ལོ་བརྒྱུད་ནས་ཁུལ་དཔོན་རྣམ་རྒྱལ་སོགས་ལ་འབྲེལ་གཏུག་བྱས་ཏེ་མགོ་ལོག་ས་གནས་སོ་སོར་དངོས་སུ་ལྟ་ཞིབ་ལ་སོང་དུས། མཐོ་སྒང་གི་ལོང་ཀྱོག་རེ་ན་ཐབས་ཆག་གི་འཚོ་བ་རོལ་ནས་བསྡད་ཡོད་པའི་བོད་མི་སྤྱི་དང་། ལྷག་པར་དུ་བདག་མེད་དྭ་ཕྲུག་མང་བོའི་ཉམ་ཐག་པ་དང་ཡིད་སྐྱོ་བའི་གནས་ཚུལ་མང་དུ་མཐོང་བས་བཟོད་གླགས་མེད་པའི་སྙིང་རྗེ་དང་སྐྱོ་སྣང་སྐྱེས་ཏེ། ཁོང་གི་ཁྱོ་ག་བློ་བཟང་དཔལ་ལྡན་ལགས་ལ་ཞལ་པར་བཏང་སྟེ་ཁྱེད་ཀྱིས་ནུས་པ་བཏོན་ནས་ས་འདིེར་དྭ་ཕྲུག་སློབ་གྲྭ་ཞིག་མ་བཙུགས་ཐབས་མེད་རེད་ཅེས་ནན་གྱིས་ཞུས། ཁུལ་དཔོན་གཞོན་པ་བསོད་ནམས་ཚེ་རིང་སོགས་ཀྱིས་ཀྱང་བརྡ་འཕྲིན་ལམ་ནས་རེ་བ་ཡང་ཡང་བཏོན།

      2005 ལོའི་ཟླ་3 པའི་ནང་མགོ་ལོག་ཁུལ་སློབ་གསོ་ཅུས་ཀྱི་འགོ་གཙོ་གཅོད་པ་དང་། ཁུལ་ཆོས་ལུགས་ཅུས་ཀྱི་འགོ་གཙོ་དགེ་ལེགས་གཉིས་ཀྱིས་གཙོས་འབྲེལ་ཡོད་ཀྱི་འགོ་བ་མང་བོ་ཞིག་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་ན་ཡོད་པའི་རྟ་བྲག་དྭ་ཕྲུག་སློབ་གྲྭར་ལྟ་སྐོར་དང་གཟིགས་ཞིབ་ལ་སོང་མཐར་ཁུལ་སྲིད་གཞུང་གིས་ཀྱང་རེ་བ་བཏོན་པས་ཁོང་གིས་སློབ་གྲྭ་འདི་འཛུགས་པར་ཐག་བཅད་དེ་སློབ་གྲྭ་འཛུགས་སའི་ས་རིན་དང་། ཆུ་འཐེན་གླ། ལམ་ལས་གླ། ལོ་བརྒྱད་ཀྱི་ནང་གཞུང་སྒྲུབ་དགེ་རྒན་བཅུ་མངགས་པའི་འགན་སྲིད་གཞུང་གིས་ལེན་པ་དང་། དེ་མིན་འགྲོ་གྲོན་ཡོངས་རྫོགས་རྟ་བྲག་སློབ་གྲྭས་གཏོང་རྒྱུར་བྱས་ནས་སློབ་འཛུགས་སྐོར་གྱི་གན་རྒྱ་སོགས་བཞག་སྟེ་མྱུར་དུ་སློབ་མགོ་བརྩམ་པའི་རེ་སྐུལ་བྱས། ལོ་དེར་བློ་བཟང་དཔལ་ལྡན་ལགས་ཀྱི་སྐུ་ཚ་རྟའུ་ཐུབ་བསྟན་ཉི་མས་ཆད་མེད་ཀྱི་ཟླ་ཕོག་འབབ་པའི་རྒྱལ་ཁབ་ཀྱི་བྱ་བ་ལེན་པའི་འདུན་པ་སོགས་རང་དོན་མང་བོ་ཞིག་རྒྱབ་ཏུ་དོར་ནས་རང་ལོ་ཉེར་དྲུག་སྟེང་ས་ཆ་མེད་དང་མི་རྒྱུས་མེད་ཀྱི་ས་ཆ་འདིར་འོངས་ཏེ་སློབ་གྲྭའི་ཐོག་མཐའ་བར་གསུམ་གྱི་འགན་ཡོངས་རྫོགས་དང་ལེན་བྱས་ནས་ཟླ་ལྔ་བའི་ནང་འཛུགས་སྐྲུན་གྱི་མགོ་བརྩམས་པ་དང་།

     2006 ལོར་ཁུལ་སློབ་གསོ་ཅུས་ཀྱི་འཐུས་ཚབ་ཅིག་དང་མཉམ་དུ་མགོ་ལོག་ཁུལ་གྱི་རྫོང་སོ་སོར་སོང་ནས་ཆེས་དཀའ་ཁག་ཆེ་བའི་དྭ་ཕྲུག་སློབ་མ་སུམ་ཅུ་བསྡུས་ཏེ་ལོ་དེའི་སྤྱི་ཟླ་8 པའི་ཚེས་6  ཉིན་དངོས་སུ་སློབ་མགོ་བརྩམས། དེ་ནས་བཟུང་ལོ་རེ་རེར་མགོ་ལོག་ཁུལ་གྱི་ས་གནས་སོ་སོའི་ཡུལ་ཚོའི་སྲིད་གཞུང་དང་མངགས་གཏོང་ཁང་། རྫོང་དམངས་སྲིད་ཅུས་བཅས་ཀྱི་དྭ་ཕྲུག་དཔང་ཡིག་ཚད་ལྡན་ཡོད་པའི་བྱིས་པ་སུམ་ཅུ་རེ་བསྡུས་ཏེ་བཅོས་མིན་གྱི་བྱམས་སྐྱོང་ཁྲོད་ནས་སློབ་གསོ་གཙུགས་སུ་བཟུང་བས།

    2015 ལོའི་མགོ་ལོག་ཁུལ་གྱི་འབྲིང་རྒྱུགས་ཁྲོད་སློབ་གྲྭ་འདིའི་སྐབས་དང་བོའི་མཐར་ཕྱིན་སློབ་མ་ཚོས་མགོ་ལོག་ཁུལ་གྱི་འབྲིང་རྒྱུགས་ཁྲོད་ཨང་དང་བོ་བླངས་པར་མ་ཟད། མི་སྒེར་གྱི་ཨང་དང་བོ་ཡང་སློབ་གྲྭ་འདིའི་སློབ་མ་པ་སངས་སྒྲོལ་མས་བླངས་པ་རེད།  ལོ་རེ་རེར་དགུན་གནང་སྐབས་སུ་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཚོ་གནའ་མཁར་ཟི་ལིང་དུ་ཁྲིད་ནས་སློབ་གྲྭ་ཆེན་མོ་དག་གི་དགེ་རྒན་མང་བོ་གདན་འདྲེན་ཞུས་ནས་རྩིས་དངོས་རྫས་གསུམ་སོགས་ལ་ཟབ་སྦྱོང་ནན་ཏན་བྱེད་པའི་ཞོར་དུ་གྲོང་ཁྱེར་གྱི་འགྲོ་སྟངས་འདུ་སྟངས་སོགས་ལའང་སྦྱོང་བསྡར་དང་མཛུབ་ཁྲིད་བྱས། སློབ་གྲྭ་འདིར་ཡོད་དུས་འདི་ལྟར་བདག་སྐྱོང་ལེགས་པོ་བྱེད་པར་མ་ཟད་སློབ་མ་རང་ཉིད་ཀྱིས་མོས་འདུན་དང་ནུས་པས་ལྕོགས་ཏེ་མཐོ་འབྲིང་དང་སློབ་ཆེན་སོགས་ཇི་ལྟར་འདོན་ཐུབ་ན་དེ་ལྟར་ཡོད་ཚད་ཀྱི་འགྲོ་སོང་སློབ་གྲྭས་གཏོང་བ་རེད། སློབ་གྲྭ་འདིའི་སྐབས་དང་བོའི་མཐར་ཕྱིན་སློབ་མ་ཚོ་རྒྱ་ནག་དུང་པེའི་ཧྲིན་ཡང་དང་ཧྲེང་ཧེ་སོགས་སུ་བསྐྱལ་ནས་བདག་སྐྱོང་བྱས་དང་བྱེད་བཞིན་ཡོད། ཆུང་དུས་ནས་སློབ་གྲྭར་མ་སོང་བར་ལོ་ན་ཅུང་ཆེ་བའི་དྭ་ཕྲུག་ཚོས་རང་ཁ་རང་གསོ་ཐུབ་པའི་རྐྱེན་དུ་དམིགས་ནས་ཚེམ་བཟོ་དང་ཐང་ག་འབྲི་བ་སོགས་ལག་ཤེས་ཀྱི་འཛིན་གྲྭ་འགའ་ཡང་བཙུགས་ཡོད།སློབ་གྲྭ་འདིར་ད་ལྟ་སློབ་མའི་མལ་ཁང་བཅུ་དང་སློབ་ཁྲིད་ཐོག་ཁང་གསུམ། ཟ་ཁང་ངམ་ཚོགས་ཁང་ཆེན་མོ་གཅིག ཇ་ཁང་། སྤྱིའི་ལུས་ཁྲུས་ཁང་ཆེན་མོ་དང་གཙང་སྤྱོད་ཁང་། ལུས་རྩལ་ཐང་ཆེན་བཅས་ཁྱོན་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་སྟོང་བདུན་ལྷག་དང་སློབ་གྲྭའི་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ལྔ་ཁྲི་དགུ་སྟོང་དགུ་བརྒྱ་བཞི་བཅུ་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་བརྒྱད་སྟོང་ལྷག་ཡོད། སྡོད་ཁང་གཅིག་གི་ནང་ལ་ཁྲུས་ཁང་དང་གཙང་སྤྱོད་ཁང་། ཚོགས་འདུ་ཁང་དང་སློབ་མའི་མལ་ཁང་། མ་ཡར་དང་དགེ་རྒན་གྱི་གཟིམ་ཁང་བཅས་ཡོད་ལ། སློབ་མ་སུམ་ཅུ་རེ་ལ་མ་ཡར་རེ་བཞག་ནས་དེ་དག་ལ་ཁྱིམ་གཅིག་གི་མིང་བཏགས་ཏེ་སློབ་ཚོས་མ་ཡར་དེ་ལ་ཨ་མ་ཞེས་འབོད་ཀྱིན་ཡོད། མ་ཡར་དེས་གཟའ་འཁོར་རེ་རེར་སློབ་མའི་གོན་པ་བཀྲུ་བ་དང་། དུས་གསུམ་དུ་ཟ་མ་ལྡུད་པ། ཁ་ཏ་སློབ་གསོ་བྱེད་པ་སོགས་ཨ་མ་ངོ་མ་ཞིག་གི་འགན་ཁུར་ནས་གཉོར་སྐྱོང་བྱེད་ཀྱིན་ཡོད་པས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་མཉམ་དུ་སྒྲུབ་སའི་སློབ་གྲྭ་ཁྱད་པར་བ་ཞིན་ཡིན། ད་ལྟ་སློབ་གྲྭ་འདིར་གྲ་སྒྲིག་འཛིན་གྲྭ་གཅིག་དང་སློབ་ཆུང་ལོ་རིམ་དྲུག དམའ་འབྲིང་ལོ་རིམ་གསུམ། ལག་རྩལ་འཛིན་གྲྭ་གསུམ་བཅས་ཁྱོན་སློབ་མ་སུམ་བརྒྱ་ཙམ་དང་དགེ་རྒན་སོ་གཉིས་དང་རྩིས་གཉེར་བ་གཅིག མ་ཡར་དགུ། ཇ་མ་གཉིས་དང་སྒོ་སྲུང་གཅིག་བཅས་ཡོད།

གསར་འགོད་པ། ས་སྒང་འཇམ་དབྱངས་མཁྱེན་རབ།



རྩོམ་སྒྲིག་འགན་འཁུར་བ།  མགར་རྩེའི་ཉི་ཟེར།  འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས་ཡེ་ཤེས།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b81e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530803
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།