འཛམ་གླིང་གི་རྩོམ་པ་པོ་ཐམས་ཅད་ཀྱི་ནང་ནས་བརྩམས་ཆོས་ཆེས་མང་བའི་བོ་དོང་ཕྱོགས་ལས་རྣམ་རྒྱལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། » འཛམ་གླིང་གི་རྩོམ་པ་པོ་ཐམས་ཅད་ཀྱི་ནང་ནས་བརྩམས་ཆོས་ཆེས་མང་བའི
འཛམ་གླིང་གི་རྩོམ་པ་པོ་ཐམས་ཅད་ཀྱི་ནང་ནས་བརྩམས་ཆོས་ཆེས་མང་བའི་བོ་དོང་ཕྱོགས་ལས་རྣམ་རྒྱལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-05-10ལྟ་ཀློག (5748)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 འཛམ་གླིང་གི་རྩོམ་པ་པོ་ཐམས་ཅད་ཀྱི་ནང་ནས་བརྩམས་ཆོས་ཆེས་མང་བའི་བོ་དོང་ཕྱོགས་ལས་རྣམ་རྒྱལ།

རྩོམ་པ་པོ་མི་གསལ། 

    དེ་ཡང་འདི་ལྟར་ཐོས་ཏེ། འཛམ་གླིང་ན་སྐད་ཡིག་ཡོད་པའི་མི་རིགས་ཞིག་ཡིན་ན། དེལ་རང་གི་སྐད་ཡིག་ལས་བྲིས་པའི་རྩོམ་ཡིག་འདྲ་མིན་ཅི་རིགས་ཡོད། དེའི་ནང་གི་མི་རིགས་ལ་ལའི་སྐད་ཡིག་ཧ་ཅང་དར་རྒྱས་སུ་སོང་བས་ལྷུན་པོའི་རྔམ་ལ་འགྲན་བཟོད་པའི་རྩོམ་ཡིག་མང་བོ་བྲིས་ཡོད། ཡང་མི་རིགས་ལ་ལའི་སྐད་ཡིག་དར་རྒྱས་སུ་འགྲོ་མ་ཐུབ་པས་རྩོམ་ཡིག་ཀྱང་ཉུང་ངུ་ཞིག་ལས་མེད། གང་ལྟར་ཡང་སྐད་ཡིག་ཡོད་པའི་མི་རིགས་ཤིག་ལ་མི་རིགས་རང་གི་སྐད་ཡིག་ལས་བྲིས་པའི་རྩོམ་ཡིག་ཡོད་ལ། རྩོམ་ཡིག་གི་མང་ཉུང་མི་འདྲ་བ་ཙམ་མ་གཏོགས། རྩོམ་ཡིག་གཏན་ནས་མེད་པའི་སྐད་ཡིག་ཅིག་མེད་པར་གྲགས་སོ། །

    འཛམ་གླིང་གི་མི་རིགས་སོ་སོའི་གནས་ཚུལ་མི་འདྲ་སྟབས། གསུང་རྩོམ་མང་ཉུང་ཡང་མི་འདྲ། རང་རེ་བོད་རིགས་ལྟ་བུ་ལ་མཚོན་ན་ཡང༌། རྩོམ་ཡིག་གི་སྤུས་ཚད་དང་མཁས་པ་རེ་རེའི་རྩོམ་ཡིག་མང་ཉུང་གི་ཐད་ནས་སྔོན་ཐོན་གྱི་མི་རིགས་གང་དང་ཡང་འགྲན་ནུས་ཤིང༌། མི་དོ་ས་ཆེན་པོ་མེད་པར་གྲགས། ཁྱད་པར་དུ་བོད་ཡིག་གི་རྩོམ་ཡིག་དག་གི་ནང་དོན་ནི་ཆོས་ལུགས་དང༌། ཆབ་སྲིད། དཔལ་འབྱོར། རིག་གནས། སློབ་གསོ། སྨན་བཅོས་སོགས་གནའ་རབས་ཀྱི་རིག་གནས་མ་ཚང་བ་མེད་པ་ཞིག་ཡིན་པས་བོད་ཀྱི་གསུང་འབུམ་རྣམས་ནི། འཛམ་གླིང་མི་རིགས་ཁག་གི་གསུང་འབུམ་ཐམས་ཅད་ཀྱི་ནང་ནས་བཀྲག་མདངས་ལྷང་ངེར་འཚེར་ཞིང༌། ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རིན་པོ་ཆེ་ཞིག་དང་མཚུངས་སོ་ཞེས་བཤད་ནའང་མི་ཆོག་པ་གང་ཡང་མེད་དོ། །

    གནའ་ནས་ད་ལྟའི་བར་དུ་དཔེ་ཆའམ་རྩོམ་ཡིག་རིགས་འདྲ་མིན་རྩོམ་མཁན་གྱི་རྩོམ་པ་པོ་བགྲང་ལས་འདས་པ་ཞིག་བྱོན་པའི་ནང་ན། ལ་ལར་རྩོམ་ཡིག་ཧ་ཅང་མང་བ་དང་ལ་ལར་རྩོམ་ཡིག་མང་ཉུང་འཚམས་པ་དང༌། ལ་ལར་རྩོམ་ཡིག་ཉུང་ངུ་ཞིག་ལས་མེད། མཁས་པ་ལ་ལའི་གསུང་འབུམ་པོ་ཏི་ཤིན་ཏུ་མང་བས་དུམ་པ་བརྒྱ་ཕྲག་ལས་བརྒལ་བ་དང༌། ལོ་རྒྱུས་ཀྱི་དུས་སྐབས་ཡུན་རིང་ནང་རྩོམ་ཡིག་བོར་སོང་བ་ཡང་མང་བོ་ཡོད། དཔེར་ན་གནའ་སྔ་མོའི་རོང་ཟོམ་མ་ཧཱ་པཎྜི་ཏ་ཆེན་པོར་གསུང་འབུམ་པོ་ཏི་བཅུ་ཕྲག་འགའ་ཞིག་ཡོད་པར་བཤད་ཀྱང༌། ད་ལྟའི་དུས་ན་པོ་ཏི་ཆུང་ཆུང་གསུམ་ཙམ་མ་གཏོགས་མཐོང་རྒྱུ་མེད། དེ་མིན་ཚང་མ་བརླགས་པར་གྲགས། ཀུན་མཁྱེན་ཀློང་ཆེན་པའི་《གསུང་འབུམ་དཀར་ཆག》 ནང་ན་གསུང་འབུམ་པོ་ཏི་བཅུ་ཕྲག་གཉིས་ཙམ་ཡོད་པར་བཤད་ཀྱང༌། ད་ལྟ་《སྙིང་ཐིག་ཡ་བཞི》ལ་པོ་ཏི་དྲུག 《ཀློང་ཆེན་མཛོད་བདུན་སྐོར་གསུམ》 དང་བཅས་པར་པོ་ཏི་བརྒྱད། ཐོར་བུར་པོ་ཏི་གཅིག 《ཆོས་འབྱུང་》 པོ་ཏི་གཅིག་སྟེ་ཁྱོན་སྡོམ་པོ་ཏི་བཅུ་དྲུག་མ་གཏོགས་མེད། དེ་མིན་ཚང་མ་བོར་བར་གྲགས། མཁས་པ་ལ་ལའི་གསུང་འབུམ་དཔར་བརྐོ་མ་ཐུབ་པར་དུས་འཁྲུག་གིས་བརླགས་པ་ཡང་མང་བོ་ཡོད། དཔེར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུངས་འབུམ་མང་བོ་ཞིག་མཚོ་སྔོན་དུས་འཁྲུག་གིས་བརླགས་པའི་གནས་ཚུལ་དམུ་དགེ་བསམ་གཏན་ཚང་གི 《དྲིས་ལན་ལི་དྭངས་རང་སྒྲ》 ལས་གསུངས། དཔེ་དེ་བཞིན་དུ་གཡུལ་འཁྲུག་གིས་མཁས་པ་མང་བོ་ཞིག་གི་གསུང་འབུམ་བརླགས་པའི་གནས་ཚུལ་རྣམས་རང་རེའི་མིག་ལམ་དུ་མངོན་པ་ཧ་ཅང་མང༌། གསུང་འབུམ་མང་བོ་ཞིག་ཤིང་དཔར་དུ་བཀོད་ནའང་འཕྲིན་ལས་རྒྱས་མ་ཐུབ་པར་གཡུལ་འཁྲུག་གི ས་བརླགས་པ་ཡང་མི་ཉུང༌། དཔེར་ན་རིག་འཛིན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་གསུང་འབུམ་ལ་《མདོ་རྒྱུད་རིན་པོ་ཆེའི་མཛོད》 པོ་ཏི་བཅུ་གསུམ་གྱི་བདག་ཉིད་ཅན་གྱིས་ཐོགས་དྲངས་པའི་གསུང་རྩོམ་མང་བོ་ཡོད་པ་ཚོགས་དྲུག་རང་གྲོལ་གྱི་སྐུ་རིང་ལ་རེབ་གོང་གོའུ་སྡེ་དགོན་པར་ཞིང་དཔར་དུ་བཀོད་པར། འཕྲིན་ལས་ཆེན་པོ་རྒྱས་ལོང་མ་བྱུང་བའི་སྐབས་ལ་ཟི་ལིང་དམག་གིས་དཔར་ཞིང་མེར་བསྲེགས། ད་ལྟ་དེའི་གསུང་འབུམ་ཆ་ཚང་ཞིག་ལག་ལ་རེག་ཐབས་མི་ལྡན། འབྱུང་བཞི་འཇིགས་པས་བརླགས་པའི་གསུང་འབུམ་དང་གསུང་འབུམ་གྱི་ཤིང་དཔར་ཡང་ཧ་ཅང་མང་བོ་ཡོད།

     གོང་དུ་ཞུས་པའི་གསུང་འབུམ་དེ་དག་གི་ཤིང་དཔར་ཕལ་ཆེ་བ་དགོན་སྡེ་ཁག་གི་དཔར་ཁང་དང་བླ་ཆེན་ཁག་གི་བླ་བྲང་དང་གྲྭ་ཚང་སོ་སོའི་འདུ་ཁང་གི་སྟེང་ཁང་དང་སྤྱི་ཁང་གི་ནང་ན་བཞུགས། ཡང་ཞིང་དཔར་ཉུང་ངུ་རེ་ཁྱིམ་ཚང་རང་རང་གི་ཁྱིམ་ནའང་གཉེར་ཚགས་བྱས་ཡོད། གསུང་འབུམ་གྱི་དཔེ་ཆ་ཡང་ཕལ་ཆེ་བ་དགོན་སྡེ་ཁག་གི་དཔེ་མཛོད་རྣམས་དང༌། མི་དཔོན་ཆེན་པོ་དག་གི་དཔེ་མཛོད་ཁང་ན་བཞུགས་ཤིང༌། མི་སེར་རང་ཉིད་ཀྱི་ཁྱིམ་ན་ཡང་ཡོད་དོ། །འོ་ན་བོད་ལ་ད་སྔ་ཡན་ཆད་རྩོམ་ཡིག་འདྲ་མིན་འབྲི་མཁན་གྱི་མཁས་པ་མང་ཉུང་ཅི་འདྲ་ཡོད་ཅེ་ན། བོདལ་དེ་སྔ་རྩོམ་ཡིག་འབྲི་མཁན་གྱི་མཁས་པ་འདི་ཙམ་བྱུང་ངོ་ཞེས་པའི་སྡོམ་རྩིས་ཤིག་མ་མཐོང༌། མཁས་པ་ལ་ལས་རྩོམ་ཡིག་བྲིས་མྱོང་བའི་མཁས་པ་མི་གྲངས་ཁྲི་ཕྲག་གཅིག་ལས་བརྒལ་ལོ་ཞེས་ཚོད་རྩིས་བྱས་ཀྱང་ཁུངས་ལུང་རྣམ་དག་ཡོད་མེད་མི་ཤེས། ད་ལྟ་བོད་ན་གསུང་འབུམ་རི་བོ་ལྟ་བུ་ཞིག་བརྩེགས་ཡོད་པ་འདི་རྣམས་ནི་སྔོན་བྱོན་གྱི་མཁས་པ་དག་གིས་བོད་རིགས་མི་དམངས་ལ་བཞག་པའི་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་ཞིག་ཡིན་པ་ནི་སྨོས་མ་དགོས་སོ། 

    བོད་ལ་རྩོམ་ཡིག་འབྲི་མཁན་གྱི་མཁས་པ་དེ་འདྲ་མང་བོ་ཞིག་བྱོན་པའི་ནང་ན་རྩོམ་ཡིག་ཧ་ཅང་མང་བོ་ཡོད་པའི་མཁས་པ་གང་དག་ཡིན་སྙམ་ན། གསུང་འབུམ་མང་བོ་ཡོད་པའི་མཁས་པ་ཚང་མ་བགྲང་ཚོད་མེད་ཀྱང༌། མཁས་པ་དེ་ཚོའི་ནང་ནས་མཚོན་བྱེད་རང་བཞིན་ལྡན་པའི་མཁས་པ་འགའ་ཞིག་བྱོན་དུས་ཀྱི་གོ་རིམ་ལྟར་ཞུ་ན་འདི་ལྟ་སྟེ། རོང་ཟོམ་མ་ཧཱ་པཎྜིཏ་ཆོས་ཀྱི་བཟང་བོ་དང༌། ལོ་ཆེན་རིན་ཆེན་བཟང་བོ། རྔོགས་བློ་ལྡན་ཤེས་རབ། བུ་སྟོན་ཐམས་ཅད་མཁྱེན་པ། བོན་སྨན་རི་བ་ཤེས་རབ་རྒྱལ་མཚན། མཉམ་མེད་ཙོང་ཁ་པ་ཡབ་སྲས།ཇོ་ནང་ཀུན་མཁྱེན་ཏཱ་ར་ན་ཐ། རྒྱལ་བ་ཀློང་ཆེན་རབ་འབྱམས། བོ་དོང་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་མཁྱེན་རྩེ་དབངབོ། ཀརྨ་མི་བསྐྱོད་རྡོ་རྗེ། གོང་ས་ལྔ་བ་ཆེན་མོ། སི་ཏུ་པཎ་ཆེན། སྐྱབས་མགོན་ཚོགས་དྲུག་རང་གྲོལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ཉག་རོང་སི་ལ་རྒྱལ་མཚན་སོགས་གསུང་འབུམ་མང་བོ་ཡོད་མཁན་གྱི་མཁས་པ་ཧ་ཅང་མང༌། གསུང་འབུམ་ཤིན་ཏུ་མང་བོ་ཡོད་པའི་མཁས་པ་ཆེན་པོ་བཞི་ཡོད་པ་འདི་ལྟ་སྟེ། 

    དང་པོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རེད། ཁོང་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་ལྷ་ལྡན་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང༌། ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་ཐུགས་གཞོལ། དགུང་ལོ་བརྒྱད་ཀྱི་ཐོག་རྒྱལ་དབང་ལྔ་བའི་སྐུ་མདུན་དུ་བཅར་ནས་མདོ་སྔགས་སོགས་ཀྱི་སྤྱི་དང་བྱེ་བྲག་གི་གཞུང་དོན་མང་བོ་གསན། འདར་པ་ལོ་ཙཱ་ལས་སྐར་རྩིས་དང༌། སྒྲ་རིག་པ། ལུ་འགོ་བླ་མཁྱེན་ངག་གི་དབང་བོ་ལས་དབྱངས་འཆར། བྱང་པ་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེ་ལས་བྱང་ཁོག་ཡུལ་ཐིག་དང༌། རྩ་རྒྱུད་སྡོང་འགྲེམས། གསང་སྨན་ཆིག་རྒྱུད་སྐོར་གྱི་མན་ངག་བཅས་གསོ་བ་རིག་པ་སྦྱང་བ་སོགས་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མ་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་མཛད།རྒྱལ་དབང་ལྔ་བ་ཆེན་པོས་རྒྱལ་ཚབ་ཀྱི་ལས་ཀ་བསྩལ་ནས་ལོ་ཉི་ཤུ་རྩ་དྲུག་གི་རིང་སྡེ་སྲིད་བཟུང་ནས་སྲིད་བསྐྱངས། རྩེ་ཕོ་བྲངཉམས་གསོ་དང་རྒྱ་བསྐྱེད་གནང༌། རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས།《གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི》ལ་ཞུས་དག་མཛད་དེ་དཔར་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། གསུང་རྩོམ་སྐོར་ལ་《ཕུག་ལུགས་རྩིས་ཀྱི་ལེགས་བཤད་བཻཌཱུརྱ་དཀར་པོ》དང༌།《བཻཌཱུརྱ་དཀར་པོའི་གཡའ་སེལ》 《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》 《ཁྲིམས་ཡིག་དྭངས་ཤེལ་ཉེར་གཅིག》《གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་སྟོན》 《དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་བཻཌཱུརྱ་སྔོན་མོ།》《མན་ངག་རྒྱུད་ཀྱི་ལྷན་ཐབས་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི》 སོགས་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་སྣ་ཚོགས་པོ་ཏི་ཉི་ཤུ་རྩ་དྲུག་མཛད།《གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི》 ཡི་དགོངས་དོན་རྣམས་མ་འདྲེས་མཚོ་ལ་ཟླ་སྐར་ཤརབ་ལྟར་མིག་ལམ་དུ་གསལ་བར་འཆར་བའི་སྔོན་གྱི་བྲིས་ཆ་ཐང་དེབ་གྲངས་བདུན་ཅུ་དོན་བདུན་གྱི་མཚོན་བྱེད་དཔེ་རིས་བཀོད། གཞན་ཡང་མཁས་པ་གཞན་པའི་གསུང་འབུམ་ལེགས་བསྒྲིགས་དང་ཞུ་དག་བཏང་བ་ཡང་པོ་ཏི་དྲུག་ཅུ་ཡོད་ལ། ཁྱོན་སྡོམ་པའི་པོ་ཏི་གྱ་དྲུག་བཞུགས། ལྕགས་པོ་རིར་སྨན་གྱི་སློབ་གྲྭ་འགྲོ་ཕན་རིག་བྱེད་གླིང་བཙུགས་པ་སོགས་སྐུ་ཚེ་ཧྲིལ་པོར་རང་རིགས་ཆོས་སྲིད་གཉིས་ཀར་ཕན་པའི་དོན་ཆེན་ཁོ་ན་མཛད། མཐར་རབ་བྱུང་བཅུ་གཉིས་པའི་ཞིང་བྱ་ལོ་སྟེ་སྤྱི་ལོ( ༡ ༧ ༠ ༥ )ལོར་སོག་ལྷ་བཟང་ཧན་ནམ། མིང་ངོ་མར་ལྷ་བཟང་ཀླུ་དཔལ་དུ་འབོད་པ་དེས་བཀྲོངས་སོ། །

རྩོམ་ཡིག་མཁོ་སྤྲོད་པ།  སེར་སྐོར་འཇམ་ཚེ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། siao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653505
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།