ལོ་བརྒྱའི་སྔོན་གྱི་བོད་སྐྱོད་རེག་ཟིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ལོ་བརྒྱའི་སྔོན་གྱི་བོད་སྐྱོད་རེག་ཟིག
ལོ་བརྒྱའི་སྔོན་གྱི་བོད་སྐྱོད་རེག་ཟིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-05-05ལྟ་ཀློག (3855)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ལོ་བརྒྱའི་སྔོན་གྱི་བོད་སྐྱོད་རེག་ཟིག

རྩོམ་པ་བོ།          ཁཱ་བ་རྒུ་རྗི་ཤེས་རབ་རྒྱ་མཚོ།

དང་པོ།

     ཅིའི་ཕྱིར་ཞེ་ན། ང་ནི་རྒྱང་ཐག་རིང་བའི་བོད་ལ་འགྲུལ་བཞུད་བྱེད་དགོས་པའི་རྐྱེན་གཙོ་བོ་ནི་ནང་བསྟན་གཞུང་ལུགས་ཀྱི་མ་དཔེ་བཙལ་ཏེ་སྤྱི་ཚོགས་ཀྱི་མི་དམངས་ལ་ཞབས་ཞུ་ཞིག་བསྒྲུབ་འདོད་པ་དེ་ཡིན། མེན་གྱི་སྲིད་ལོ་ཉེར་བཞི་པའི་ཟླ་བཞི་པ་ནས་སྲིད་ལོ་ཉེར་བདུན་པའི་ཟླ་གསུམ་པའི་བར་ངས་བྱ་བ་ཙག་ཙིག་ཡོད་ཚད་དོར་ཏེ་འདུན་པ་རྩེ་གཅིག་གིས་ཡེའུ་ཀྲི་ཡི་སྐྱེར་བ་རི་ནས་《རྒྱལ་བའི་བཀའ་འགྱུར》ཞིབ་ཀློག་བྱས་པ་ཡིན། ཞིབ་ཀློག་དེའི་ཁྲོད་ནས་འགྱུར་གཞུང་རྣམས་ཡང་དག་འཁྲུལ་མེད་ཅིག་ཡིན་མིན་ལ་དོགས་པ་ཇེ་བས་ཇེ་མང་དུ་སོང་། རྒྱུན་རིང་བར་དུ་ང་ཚོས་མི་རྣམས་ཀྱིས་ཆོས་ལ་གོ་བ་ལེན་བདེ་བ་དང་སླན་ཆད་རྒྱ་འགྱུར་གྱི་གཞུང་ཉི་ཧོང་སྐད་དུ་འགྱུར་ངེས་རྣམས་ཀྱང་གྱ་ནོམ་པ་ཞིག་འབྱུང་ཕྱིར་ཆོས་ཀྱི་གཞུང་ལུགས་ཚད་ལྡན་ཞིག་འཚོལ་དགོས་པ་ནི་གནད་དུ་ཆེ་བར་སོང་ཡོད་དེ་མཚམས་མཚམས་སུ་སཾསྐྲྀཏའི་བླ་དཔེ་གཅིག་ལ་རྒྱ་འགྱུར་གྱི་འོག་དཔེ་སྣ་ཚོགས་བྱུང་ཞིང་དེ་དག་སྤྱི་ཙམ་གྱི་གོ་བ་འདྲ་ཡང་བྱེ་བྲག་གིས་མི་འདྲ་བ་མང་དུ་འདུག ལ་ལར་ཁྱད་པར་གནམ་ས་ལྟ་བུ་མཆིས་ཏེ་ནང་དོན་ལ་ཧེ་བག་ཆེ་བར་མ་ཟད་ཚིག་སྦྱོར་གྱི་གོ་རིམ་ཕན་ཚུན་གོ་ལྡོག་ཏུ་སོང་བའང་ཧ་ཅང་མང་། དེ་དག་ནི་སཾསྐྲྀཏའི་ལོ་ཙཱ་བ་དག་གིས་རྫུན་བཟོ་ལྷད་བཅོས་མིན་པ་སྨྲ་ཅི་དགོས། ཁོ་ཚོས་ད་དུང་རང་ཉིད་ཀྱི་འགྱུར་དེ་ནི་མ་དཔེ་ཇི་བཞིན་ཡིན་པ་ནན་གྱིས་བཤད། དེ་ན་མ་དཔེ་རང་ལའང་པར་གཞི་མི་འདྲ་བ་མང་དུ་ཡོད་པའམ། ཡང་ན་ལོ་ཙཱ་བས་ཡུལ་དང་དམངས་ཀྱི་བསམ་བློར་བསྟུན་ཏེ་མ་ཡིག་ལ་འདོར་ལེན་བྱས་པ་ཡིན་ཡང་སྲིད་མོད། གང་ལྟར་མ་དཔེ་མཐོང་ན་ད་གཟོད་འོག་དཔེའི་ལེགས་ཉེས་ཀྱི་ཤན་འབྱེད་ཐུབ།

     འོན་ཀྱང་བདག་གིས་ཤེས་པ་ལྟར་ན་སིངྒྷལར་སྔར་བཞིད་ཐེག་པ་ཆུང་བའི་ཆོས་གཞུང་དག་གནས་ཡོད་ཀྱང་། དེ་དག་གིས་བྱ་བ་འདི་ལ་རམ་འདེགས་ཆེར་མི་ཐོན་ཏེ་ད་ལྟ་ཅི་ནས་ཀྱང་མཁོ་གལ་ཆེ་བ་ནི་ཐེག་ཆེན་གྱི་ཆོས་གཞུང་རེད། དེ་ལྟ་ན་ཡང་ཐེག་ཆེན་གྱི་ཆོས་གཞུང་ནི་བལ་ཡུལ་དང་བོད་མཁོ་ན་མ་གཏོགས་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་རང་དུའང་འཇིག་ནས་མི་གནས་བར་བཤད། དེ་བས་ཆོས་ཀྱི་མ་དཔེ་ངོ་མ་ཞིག་འཚོལ་དགོས་ན་རང་ཉིད་དངོས་སུ་བལ་ཡུལ་ལམ་བོད་དུ་ཐེངས་ཤིག་འགྲོ་དགོས་པ་ནི་ལྡོག་མེད་རེད། ཡོ་རོབ་དང་ཨ་རིའི་ཤར་ཕྱོགས་རིག་པ་བ་དག་གིས་ཞིབ་འཇུག་བྱས་ཏེ་བོད་འགྱུར་ནང་བསྟན་གྱི་ཆོས་གཞུང་ཚང་མ་བརྡ་སྤྲོད་དང་བརྡ་དོན་གང་ལས་ཀྱང་རྒྱ་འགྱུར་ལས་ཧ་ཅང་ཡང་དག་ཡིན་པར་བཤད། གལ་ཏེ་ནང་བསྟན་གྱི་གཞུང་ཧྲིལ་བོའི་བོད་ཡིག་གི་འོག་དཔེ་ཡོད་ན་སཾསྐྲྀཏའི་མ་དཔེ་མེད་ཀྱང་ང་ཚོས་འོག་དཔེ་ལས་ཞིབ་དཔྱད་བྱ་ཆོག་པར་མ་ཟད་བོད་འགྱུར་གྱི་འོག་དཔེ་དང་རྒྱ་འགྱུར་གྱི་འོག་དཔེ་དག་བསྡུར་དཔྱད་ཀྱང་བྱ་ཆོག་པས་དེ་ནི་མ་གཞི་ནས་ཧ་ཅང་རིག་གཞུང་གི་རིན་ཐང་ཡོད་པའི་བྱ་བ་ཞིག་རེད།

ཞིབ་འཇུག་འཐུས་ཚང་ཞིག་བྱེད་འདོད་ན་ཐོག་མར་སྐད་ཡིག་གི་འགོག་རྐྱེན་སེལ་དགོས་པ་ནི་སྨོས་མེད་ཅིག་རེད། བོད་ཡིག་ལེགས་པོ་ཞིག་སྦྱང་ཕྱིར་ང་བོད་དུ་འགྲོ་བའི་སེམས་ཐག་བཅད་པ་ཡིན།

    སྐབས་དེ་ནི་མེན་གྱི་སྲིད་ལོ་ཉེར་དྲུག་པའི་ཟླ་བཞི་པ་རེད། བོད་ནི་ད་དུང་སྒོ་གཏད་རང་སྲུང་གི་བཀག་སྡོམ་དྲག་པོའི་འོག་ཡོད་པས་ནུབ་གླིང་པ་མང་པོས་རྒྱུ་ཚེགས་ཀྱི་འགྲོ་སོང་གཏོས་ཆེན་བཏང་སྟེ་ཕྲ་ཞིང་ཞིབ་པའི་ཐབས་ཇུས་ཀྱི་སྒོ་ནས་བོད་དུ་སྐྱོད་ཀྱང་མཇུག་འབྲས་ནི་ངལ་བ་སྟོང་ཟད་ཁོ་ནར་གྱུར། དེ་ན་ང་དབུལ་ཕོངས་ཀྱི་གྲྭ་རྐྱང་ཞིག་ལ་རེ་བ་འདི་མངོན་འགྱུར་ཡོང་ངམ། ང་རང་ལ་མཚོན་ཏེ་བཤད་ན་སྐྱེར་བ་གྲུབ་མཐའི་(སྡེ་བ་)དགོན་སྡེའི་ཁྲི་པའི་གོ་ས་དེས་འཚོ་བ་ཧ་ཅང་བག་ཕེབས་པོ་བྱུང་བར་མ་ཟད་སྐབས་དེར་ཐོ་ཁེའོ་པིན་སོའོ་ཁུལ་གྱི་དགྲ་བཅོམ་ལྔ་བརྒྱའི་དགོན་པའི་ཁྲི་པའང་ཡིན་པས་ཆོས་རྒྱུད་ནང་དུ་གྲགས་པ་ཆེན་པོ་བྱུང་། གྲུབ་འབྲས་ཀྱི་བར་ཐག་འདི་དག་ངས་བདེ་བླག་ངང་བགྲོད་པ་ཞིག་ཀྱང་ཡིན། མི་ཧ་ཅང་མང་པོའི་སེམས་སུ་ངས་གོ་སྐབས་བཟང་པོ་འདི་དག་བློས་བཏང་སྟེ་རྒྱུས་མེད་ཀྱི་རྒྱལ་ཁམས་འགྲིམས་ནས་ཚེ་སྲོག་གི་ཉེན་ཁ་བརྒྱུད་པ་དེ་གོ་བ་ལོན་ཐབས་བྲལ་བ་ཞིག་ཡིན་པར་འདུག་ཀྱང་འབྱོར་ཕྱུག་གི་འཚོ་བ་དང་བདེན་དོན་བར་གྱི་གདམ་ཀ་ནི་འཇིག་རྟེན་པའི་གནས་ལུགས་སྤྱིར་བཏང་བ་དག་གིས་གཞལ་ཆོག་པ་ཞིག་ག་ལ་ཡིན།

    སྐབས་དེར་བདག་གི་ཕ་མ་དང་གྲོགས་དགའ་བཤེས། ད་དུང་ངའི་ཆོས་ཁྲིད་ལ་ཉན་པར་དགའ་བའི་སློབ་བུ་ཚང་མས་ད་ཐེངས་ཀྱི་འགྲུལ་བཞུད་འདི་ནི་འཆི་ལམ་ཉག་ཅིག་ཡིན་པ་ཐེ་ཚོམ་མི་འདུག་སྙམ་སྟེ་གང་ཐུབ་ཅི་ཐུབ་ཀྱིས་ཁ་ཏ་བགྱིས་ནས་ང་རང་འགོག་ཐབས་བྱས། ངའི་བློ་ཐག་རྦད་ཆོད་དེས་ཁོ་ཚོའང་བྱ་ཐབས་ཟད་པས་ད་གཟོད་རང་ཉིད་ཀྱི་རེ་བ་ལྟར་ནང་བསྟན་གཞུང་ལུགས་ཀྱི་མ་དཔེ་ལ་ཞིབ་འཇུག་བྱེད་པའི་འདུན་པ་ཆེན་པོ་དེ་མངོན་འགྱུར་བྱུང་བ་རེད། ལོ་ཉེར་ལྔ་སྟེ་ང་རབ་ཏུ་བྱུང་བ་ནས་དགོན་སྡེ་དང་ཆོས་རྒྱུད་ཀྱི་བྱ་བ་ཕྲན་ཚེགས་དག་གི་ཅ་ཟིང་ལས་མ་ཐར་བས་བློ་གཅིག་སེམས་གཅིག་གིས་ཆོས་ཉམས་ལེན་བྱེད་པའི་སྐལ་བ་ཡེ་མ་རེག ངས་《རྒྱལ་བའི་བཀའ་འགྱུར》ཞིབ་ཀློག་བྱེད་པའི་སྐབས་སུའང་ཁྱིམ་གྱི་བྱ་བ་ཆེ་རིགས་དག་ཐག་གཅོད་མི་བྱེད་ཀ་མེད་བྱུང་། དེ་ནི་ང་རང་རབ་ཏུ་བྱུང་བའི་ཐོག་མའི་དམིགས་ཡུལ་དང་ཡོངས་སུ་འགལ་བས་རྣམ་རྒྱུན་རང་གི་རེ་བ་ལ་འཛམ་གླིང་སྟེང་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡར་ཆས་ཏེ་ཁྱིམ་གྱི་ལས་དང་རྒྱང་དུ་བཀྱེད་ནས་དམ་པའི་ཆོས་ལ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ་ཐུབ་ན་ཅི་མ་རུང་སྙམ། འདི་ཡང་རི་མོ་ཧི་མ་ལ་ཡ་བརྒལ་ཏེ་བོད་དུ་སྐྱོད་པར་ལྕག་ཐེབས་པའི་རྒྱུ་རྐྱེན་གཞན་ཞིག་ཡིན།

    འཇིག་རྟེན་ཕལ་པའི་མི་ཡིས་བྱ་གཞག་ཅི་ཞིག་བསྒྲུབ་དགོས་ན་ཡང་ཐོག་མའི་འདང་རྒྱག་ནི་གྲོན་དངུལ་ཡིན་ཞིང་ལྷག་ཏུ་ཕྱིའི་རྒྱལ་ཁབ་ཏུ་བགྲོད་པ་ལ་དེ་ལས་ཀྱང་ལམ་གླ་ཚགས་སུ་ཚུད་དགོས། འོན་ཀྱང་དམ་པའི་ཆོས་ཀྱི་རྐྱེན་པས་ང་ལ་དེ་འདྲའི་སེམས་ཁུར་ཡེ་མ་བྱུང་། བདག་ཅག་གི་སྟོན་པ་ཤཱཀྱ་མི་ནེའི་ཞལ་ནས། སུ་ཞིག་གི་སྤྱོད་པ་དམ་པའི་ཆོས་བཞིན་གནས་ན་དེ་ནི་ཡུལ་གང་དུའང་རུང་སྟེ་གྲང་ལྟོགས་ཀྱིས་འཆི་བ་ནི་མི་སྲིད་དོ།། ཞེས་གསུངས་སོ།། སྡོམ་ཁྲིམས་སྲུང་བ་ནི་རབ་བྱུང་པའི་གཞི་རྩ་དོན་ཡིན་ལ་དེ་ནི་ཁོའི་ལམ་དངུལ་དང་ཕྱི་སྤྲོད་དཔང་ཡིག་ཀྱང་ཡིན། ཁོ་བོ་ནི་རྒྱལ་བའི་བསྟན་པ་བཞིན་ཁེངས་སྐྱུང་ཞི་དུལ་གྱི་ཨ་ཙ་ར་ལྟོ་སློང་ཞིག་ཡིན་པས་ལམ་གླར་འདང་རྒྱག་མེད་ལ་ལག་ཏུ་དངུལ་རྡོག་བུ་གཅིག་མེད་ཀྱང་རྒྱང་ཐག་རིང་པོར་འགྲུལ་བཞུད་བྱེད་པའི་སྤོབས་སེམས་མཆིས། 

    འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བདེ་བར་གཤེགས་པ་སྟོན་པ་ཤཱཀྱ་མི་ནེ་ཡིས་སེམས་ཅན་རྣམས་ཀྱི་ཕྱིར་དུ་མཆོག་ཏུ་གྱུར་པའི་རྒྱལ་པོའི་ཅོད་པན་དང་། ལྟ་ན་སྡུག་པའི་ཕོ་བྲང་སོགས་དོར་ཏེ་རབ་ཏུ་བྱུང་ནས་ལྟོ་སྐྱ་གོས་ཧྲུལ་གྱིས་དཀའ་བ་དཔག་མེད་སྤྱད་པ་དྲན་ན་རང་ཉིད་ཀྱི་ངལ་བ་ཏོག་ཙམ་དེ་ཅི་ཡང་མིན་པར་སྙམ། རྗེས་སུ་བོད་དུ་སྐྱོད་པའི་ལམ་བར་ནས་དཀའ་བ་རབ་དང་རིམ་པ་བྱུང་ཡང་ངས་ནི་རྣམ་རྒྱུན་སྟོན་པ་ཤཱཀྱ་མི་ནེར་གསོལ་བ་སྙིང་ནས་བཏབ་པས་ཏག་ཏག་འགལ་རྐྱེན་ཡོད་ཚད་བདེ་བླག་ཏུ་བརྒལ་ཐུབ་པ་བྱུང་། ངས་གྲབས་བྱེད་དགོས་པའི་བྱ་བ་ནི་རྒྱ་གར་ལ་གང་ཐུབ་ཀྱིས་རྒྱུས་ལོན་ཞིག་བྱ་རྒྱུ་དེ་རེད། སྐབས་དེར་ཧྲིན་ནེ་ཁྲན་ན་མཚན་ལ་སློབ་དཔོན་ཤིན་རན་ཟེར་བ་ཞིག་ཡོད་པ་སིངྒྷལ་ནས་ཕྱིར་ལོག་མ་ཐག་པ་རེད། དེ་ནས་ང་ནི་ཁོང་གི་སྙན་གྲགས་ལ་ཡིད་སྨོན་ནས་དེ་རུ་ཆོས་ཞུ་བར་ཕྱིན་ཏེ་ལོ་གཅིག་ལྷག་ལ་བསྡད་པ་ཡིན། དང་ཐོག་ཁོང་གིས་ང་ལ་ཐུགས་སྤྲོ་བ་ཆེན་པོས་པཱ་ལིའི་སྐད་དང་ཆོས་གཞུང་སྣ་ཚོགས་སློབ་ཁྲིད་བྱས། རྗེས་སུ་ཁོང་གིས་ཐེག་ཆེན་པ་དག་གིས་རྒྱུན་དུ་འདི་ལ་ཐེག་ཆུང་ཞེས་འབོད་ནའང་དོན་དངོས་སུ་ཐེག་པ་ཆུང་བུ་ནི་ལྷད་མ་ཞུགས་པའི་ནང་བསྟན་ཁུངས་མ་དེ་རེད། གྲྭ་པ་གཤའ་མ་དག་གིས་ངེས་པར་དུ་ཆོས་གོས་སེར་པོ་གྱོན་དགོས། སྒྲིབ་སྦྱོང་ནི་སྤྱོད་ལམ་ལས་མངོན་དགོས་པ་ཞིག་རེད། ཁྱོད་ཀྱིས་ཀྱང་ཆོས་གོས་སེར་པོ་གྱོན་རོགས་ཟེར། དུས་དེ་ཤེད་ཅིག་ནས་བཟུང་སློབ་དཔོན་ཤིན་རན་གྱིས་རང་གི་བསམ་བློ་ཁྱབ་སྤེལ་གྱི་ཕྱིར་དུ་རྣམ་དག་ཚོགས་པ་ཟེར་བ་ཞིག་གསར་དུ་བཙུགས།

    སྐབས་དེར་ངས་དེ་ནས་ཐེག་པ་ཆུང་བུ་ལ་སློབ་སྦྱོང་བྱས་ནའང་སློབ་དཔོན་ཤིན་རན་གྱི་ལྟ་ཚུལ་དང་འདོད་ཚུལ་ལ་འཐད་པ་ཡེ་མ་བྱུང་། ངས་ལྷག་བསམ་ཟོལ་མེད་ཀྱིས་རང་གི་ལྟ་བ་ཁོང་ལ་ཞུས་པས་དེ་ནས་བཟུང་ངེད་གཉིས་འཆམ་པོ་མ་བྱུང་། སློབ་དཔོན་གྱིས་ང་རང་མོས་པ་ཆེ་བའི་ཐེག་ཆེན་ནི་སྟོང་བཤད་རྐྱང་རྐྱང་ཞིག་ཡིན་པར་སྙམ་ལ་ངས་ཀྱང་གུ་དོག་ཁ་རུབ་ཀྱི་ཐེག་ཆུང་གཞུང་ལུགས་དག་དེ་འདྲའི་ཕུན་ཚོགས་ཤིག་མིན་པར་འདོད། དེ་ནས་བཟུང་པཱ་ལི་སློབ་སྦྱོང་གི་ཕྱོགས་ནས་ཁོང་ནི་ངའི་དགེ་རྒན་ཡིན་མོད་གཞུང་ལུགས་དང་ལྟ་བའི་བའི་ཕྱོགས་ནས་ངེད་གཉིས་འགལ་ཟླར་སོང་ནས་ཁོང་གི་སྐད་ཆ་གང་ལའང་ཉན་མི་སྤྲོ་བར་གྱུར། སློབ་དཔོན་ཤིན་རན་དེ་ལ་ཧ་ཅང་མ་མོས་པར་ནང་ཁུལ་དུ་སྒྲིག་ཅིག་བཞག་ཅིང་མིང་ལ་ཁ་ཕོ་ཆེ་བའི་ཐེག་ཆེན་གྱི་ཕྱིར་དུ་དམ་ཆོས་ཁུངས་མ་ལ་གུས་པ་མི་ཞུ་བའི་མི་ནི་དགོན་པ་ནས་འདུག་མི་ཆོག་ལ་ཆོས་གོས་རྣམ་གསུམ་མེད་པའི་གྲྭ་པའང་འདུག་མི་ཆོག་ཟེར། ཁོང་གི་སྒྲིག་ཡིག་དེ་ང་ལ་བསྟན་ཅིང་ངས་ཁོང་ལ་དེ་འདྲ་ཡིན་ན་ང་རང་མུ་མཐུད་དུ་འདུག་ཐབས་བྲལ་བས་གལ་ཏེ་ཟས་རིན་སོགས་འགྲོ་སོང་ཙག་ཙིག་དག་ང་རང་གིས་བཏང་སྟེ་སྔར་བཞིན་དགོན་པའི་བྱ་བ་ཁུར་དུ་བླངས་ན་ཁྱེད་ཀྱིས་ང་རང་པཱ་ལིའི་སྐད་ཁོ་ན་སྦྱང་བའི་སློབ་བུ་ཞིག་གི་ཚུལ་གྱིས་སྡོད་དུ་བཅུག་ན་ཨེ་ཆོག་ཞུས་ཀྱང་ཁོང་གིས་ངའི་རེ་བ་དང་ལེན་མ་བྱས།

    ཁོང་གིས་སེམས་གཏིང་ནས་ང་རང་གོ་སྐོན་བློ་འགུག་བྱ་འདོད་དེ་ཡང་དང་ཡང་ཁྱོད་རང་གང་བྱུང་དུ་བོད་ལ་སོང་ནས་དོན་དངོས་ཀྱི་རིན་ཐང་མེད་པའི་ཐེག་ཆེན་གཞུང་ལུགས་ལ་ཞིབ་འཇུག་བྱེད་པ་ལས་སིངྒྷལར་སོང་ནས་ནང་བསྟན་ཆོས་གཞུང་ཁུངས་མ་ཞིག་བསླབས་ན་མི་དགའམ། ཁྱོད་ཀྱི་ནང་བསྟན་གྱི་དགོངས་གཞི་ངོ་མ་དེ་རྟོགས་རྗེས་ཐེག་ཆེན་གཞུང་ལུགས་ཞེས་ཁ་ལ་ཐོགས་ཐོགས་སུ་འདུག་མི་སྲིད། གལ་སྲིད་ཁྱོད་རང་ངའི་སློབ་བུ་བྱས་ཏེ་སིངྒྷལར་སོང་ན་ཉིད་ཀྱི་གྲུ་གླ་དང་སློབ་ཡོན་ངས་མཁོ་སྤྲོད་བགྱི་ཆོག འདི་འདྲ་བྱས་ན་མི་བཟང་ངམ། དེ་འདྲ་མིན་ན་ཁྱོད་ཀྱིས་ཅི་ལྟར་བྱས་ཀྱང་ཕྱི་འགྲིམ་དུ་འགྲོ་བའི་གྲོན་དངུལ་གསོག་མི་ཐུབ་ཟེར། ངས་ཁོང་ལ། དེང་སྐབས་ཉི་ཧོང་ལ་མཁོ་བ་ནི་ཐེག་ཆེན་གཞུང་ལུགས་རེད། དེ་བས་ང་ལ་དངུལ་གྱིས་རོགས་རམ་ག་ཚད་བྱས་ཀྱང་སྙིང་པོ་འདི་དོར་ནས་ཁྱེད་ཀྱིས་གཅེས་པར་འཛིན་པའི་ཐེག་པ་ཆུང་བུ་ལ་ཞུགས་ཐབས་བྲལ། ཉིད་ཀྱི་ཁ་ཞེ་གཉིས་མེད་ཀྱི་སློབ་སྟོན་ལ་ངས་ནམ་ཡང་བཀའ་དྲིན་ཞུ། འོན་ཀྱང་ངས་འདི་ནས་བསླབས་པ་ནི་སྐད་ཡིག་ཁོ་ན་ཙམ་ལས་ཆོས་ཀྱི་ལྟ་བ་ནི་ཁ་ཁ་སོ་སོ་ཡིན་པས་དགོངས་ཚོམ་མ་གནང་ཞུས་པ་ཡིན། སྐད་ཆ་དེས་སློབ་དཔོན་ཧ་ཅང་མ་མཉེས་ནས་མི་རིང་བར་ང་དགོན་པ་ནས་གནས་དབྱུང་བཏང་སོང་། འདི་ནི་མེན་གྱི་སྲིད་ལོ་སུམ་ཅུ་བའི་ཟླ་གཉིས་པའི་ནང་གི་བྱ་བ་ཞིག་རེད།


ཡིག་སྒྱུར་བ་དང་རྩོམ་ཡིག་མཁོ་སྤྲོད་པ་རང་དྲ་བའི་གསར་འགོད་པ་འབྲོག་སངས་ཡིན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505545
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།