བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རི་མོའི་སྐོར་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རི་མོའི་སྐོར་གླེང་བ
བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རི་མོའི་སྐོར་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-05-03ལྟ་ཀློག (4271)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རི་མོའི་སྐོར་གླེང་བ།

          དགེ་རྒན་ཆེན་མོ་ངག་དབང་འཇིགས་མེད་ལགས་ནི།  བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་སློབ་སྟོན་དགེ་རྒན།བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་གཞུང་ལུགས་ཀྱི་ཆེད་ལས་མཁས་པ། ཐང་ག་ཚད་འཇལ་གྱི་ཆེད་ལས་མཁས་པ། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྡོ་ཚོན་ལས་བཟོ་བྱེད་པའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ། བོད་རང་སྐྱོང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དབུ་ཁྲིད་ཚོགས་པའི་ཨུ་ཡོན་ལྷན་ཚོགས་ལས་སྲོལ་རྒྱུན་མཛེས་རྩལ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་མཛད་པའི་གསུང་རྩོམ་ལ།   ༼   བོད་ཀྱི་རི་མོའི་ལོ་རྒྱུས་བསྡུས་པ།༽ ༼    བོད་རྒྱ་མཛེས་རྩལ་ཚིག་མཛོད་གཉིས་མཉམ་བརྩམས་དང་།༽༼བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས།(བསྒྱུར)༽སོགས་ལྗགས་རྩོམ་གནང་བ་མ་ཟད། རི་མོའི་བརྩམས་ཆོས༼བཀྲ་ཤིས་པའི་རྩམ་པ།༽ དང་༼སྐྱེས་པ།    ༽སོགས་ཀྱི་མུ་འབྲེལ་བརྩམས་ཆོས་སྐོར་ཞིག་སྔོན་ཆད་རྒྱལ་ཡོངས་ཀྱི་མཛེས་རྩལ་འགྲེམས་སྟོན་སྟེང་བདམས་ཐོན་བྱུང་ཞིང་རྒྱལ་ཕྱི་ནང་གི་གཟེངས་རྟགས་ཐོབ་མྱོང་།ཁོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་གི་འགན་འཁུར་བ་དང་།བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཐད་ཀྱི་དཔྱད་རྩོམ་བཅུ་ཕྲག་ལྷག་བོད་རིག་པའི་ཞིབ་འཇུག་ལྟེ་གནད་ཀྱི་རིག་གཞུང་དུས་དེབ་སྟེང་སྤེལ་ཞིང་རིག་གཞུང་ཉམས་ཞིབ་དང་བགྲོ་གླེང་སོགས་མཛད་ཡོད།དགེན་ངག་དབང་འཇིགས་མེད་ལགས་ནི་མིག་སྔར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་ཐད་སྙན་གྲགས་ཆེས་ཆེར་ལྡན་པའི་ཆེད་ལས་མཁས་པ་ཞིག་ཡིན་ནོ།།

 

   ༢༠༡༦ལོའི་ཟླ་༥པའི་ཚེས་༢ཉིན་གྱི་སྔ་དྲོར། དགེན་ངག་དབང་འཇིགས་མེད་ལགས་ཀྱིས་ཀྲུང་གོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པའི་འཛིན་གྲྭ་ཐོག་མའམ་སྤྱི་ཚོགས་ལས་རིགས་སྟེང་གི་ཐང་གའི་རི་མོ་བ། བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཁག་ཅིག་ལ།    བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་མཛེས་རྩལ།༽ ཞེས་པའི་སྐོར་ནས་སློབ་ཁྲིད་གནང་བའི་ནང་དོན་ཁག་གཤམ་གསལ་ལྟར། འཆད་ཁྲིད་ནང་དོན་ཚན་པ་གཉིས་སུ་དབྱེ་ཡོད་ཅིང་།གཅིག བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་སྐོར་གླེང་བ། ཉིས།བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་དང་འབྲེལ་བའི་སྐོར་གླེང་བ།  ཁོང་གིས་གསུང་རྒྱུར།འཛམ་གླིང་གི་ཡང་རྩེར་གནས་པའི་མི་རིགས་ཤིག་གིས་མཚོ་བོད་མཐོ་སྒང་དུ་ཐོག་མའི་གཞི་བཟུང་ཞིང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རིག་གནས་གྱ་ནོམ་པ་ཞིག་གསར་བསྐྲུན་མཛད་པའི་མངོན་རྟགས་ནི་རིག་གནས་ཆེ་ཆུང་བཅུའི་སྲོལ་ཕྱེས་པའོ།།དེའི་ནང་དུ་མཚན་ཉིད་རིག་པ་དང་ཆོས་ལུགས།རྩོམ་རིག་དང་སྒྱུ་རྩལ།མི་ཆོས་ཀུན་སྤྱོད་དང་མཛེས་དཔྱོད་རིག་པ་སོགས་ཇི་སྙེད་ཅིག་འདུས་ཡོད་དོ།། ཧ་ལམ་ལོ་དུང་ཕྱུར་གཉིས་སམ་ཁྲི་བཞི་སྟོང་གི་ནང་ཚུན་དུ།མཚོ་བོད་མཐོ་སྒང་དུ་རྒྱ་མཚོ་རིམ་གྱིས་བྲི་ནས་སྐམ་སར་གྱུར་བ་དང་།ལོ་ཁྲི་ལྔའི་གོང་རོལ་ནས་བོད་ལ་འགྲོ་བ་མིའི་རིགས་བྱུང་ཞིང་མཚོ་བོད་མཐོ་སྒང་དུ་རྡོ་ཆས་རྙིང་མའི་དུས་རིམ་སོགས་རིམ་གྱིས་གྲུབ་པའོ།།ལོ་བཞི་སྟོང་ངམ་ལྔ་སྟོང་གི་གོང་རོལ་དུ།བོད་ནི་རྡོ་ཆས་གསར་མའི་དུས་རིམ་དུ་བསྐྱོད་མྱོང་བ་རེད།  དེ་དག་ནི་ཁ་རུབ་རིག་གནས་རྗེས་ཤུལ་དང་ཆུ་ཀོང་རིག་གནས་རྗེས་ཤུལ་སོགས་ལས་བདེན་པ་ར་སྤྲོད་ཐུབ་ཅིང་།  རྫ་ཆས་བཟོ་བ་དང་འཚོ་བའི་ཉེར་སྤྱད་ཀྱི་ཡོ་བྱད་བཟོ་བ།རྡོ་ཆས་དུས་རིམ་ནང་དུ་རྡོ་ཆས་ནས་ལྕགས་ཆས་དང་ཟངས་ཆས་སུ་བར་བརྒལ་བྱེད་པ།རྡོ་བརྐོས་སྒྱུ་རྩལ་དང་རྡོ་བུམ་འཛུགས་སྐྲུན་སྒྱུ་རྩལ།སྲོག་ཆགས་ཀྱི་རུས་ཆས་སོགས་རྒྱན་ཆས་སུ་སྤྱོད་པ།རི་དྭགས་རྔོན་པའི་གདོད་མའི་དུས་རིམ་ནང་རོལ་དབྱངས་དང་ཞབས་བྲོ་སོགས་བྱུང་བ།མཐོ་སྒང་གི་སྒྱུ་རྩལ་འཕེལ་བའི་གོ་རིམ་ནང་དུ་འབྲོག་ལས་དང་ཞིང་ལས་སོགས་བྱུང་སྟེ།རིམ་བཞིན་ཐོན་སྐྱེད་བྱེད་ཐབས་དང་རང་བྱུང་ཁོར་ཡུག་སོགས་དང་འཚམ་པའི་ཆོས་ལུགས་དད་མོས་སྒྱུ་རྩལ་གྱི་འདུ་ཤེས་ཀྱང་གྲུབ་ཡོད་པ་རེད་ཟེར། ད་དུང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ནང་ཚན་དུ་རི་མོ་དང་།བརྐོས་དཀྲོལ།འཛུགས་སྐྲུན།བཟོ་རིགརོལ་དབྱངས།ཞབས་བྲོ།ཟློས་གར་སོགས་འདུས་ཤིང་འདི་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ནོ།།ང་ཚོས་བོད་ཀྱི་ཆོས་ལུགས་རིག་གནས་ལ་རྒྱུས་ལོན་དང་ངོས་འཛིན་ཡོང་བར་བྱེད་རྒྱུ་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་འདིའི་མཛེས་རྩལ་ཁྱད་ཆོས་རང་ངོས་ལས་ཐག་གཅོད་བྱས་ཡོད་པ་ཞིག་ལགས། མཛེས་རྩལ་གྱི་ཁྱད་ཆོས་ལའང་གསུམ་སྟེ། དངོས་པོའི་རང་བཞིན། མྱོང་རོལ་གྱི་རང་བཞིན། རིག་གནས་རང་བཞིན། སྒེར་ཚུགས་ཀྱི་རང་བཞིན་བཅས་འདུས་ཡོད།

 བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་གྱི་སྐོར་ནས་རི་མོའི་གྲུབ་མཐའ་ལྔ་ནི། བལ་ལུགས། སྤྱི་ལོའི་དུས་རབས་བདུན་པ་ནས་བཅུ་གསུམ་གྱི་བར།༼ ལོ་ངོ་དྲུག་བརྒྱའི་ཡུན་ཚད།༽   བྱིའུ་སྒང་ལུགས། སྤྱི་ལོ་དུས་རབས་བཅུ་གསུམ་ནས་བཅོ་ལྔ་པའི་བར། ༼ལོ་ངོ་༢༠༠ཡུན་ཚད༽    སྨན་ཐང་ལུགས་དང་མཁྱེན་ལུགས། སྤྱི་ལོའི་དུས་རབས་བཅོ་ལྔ་ནས་ད་ལྟ་བའི་བར། ༼ལོ་ངོ༥༠༠ཡུན་ཚད།༽ སྒར་བྲིས་ལུགས། སྤྱི་ལོའི་དུས་རབས་བཅུ་དྲུག་ནས་ད་ལྟའི་བར། ༼ལོ་ངོ་༦༠༠ཡུན་ཚད།༽  འདི་ལྟར་རེ་རེ་བཞིན་ཞིབ་བརྗོད་བྱས་ཤིང་མདོར་དྲིལ་ཏེ་སྙིང་བོ་གཅིག་བསྡུས་ཀྱིས་ཚུལ་དུ་སྨྲས་ན། བོད་ནི་ཤེས་རིག་དར་སྔ་བའི་མི་རིགས་ཤིག་ཡིན་པ་དང་།  རིག་གནས་ཆེ་ཆུང་བཅུ་ལས་བཟོ་རིག་པའི་ནང་ཚན་བྱེ་བྲག་ཏུ་བཤད་པ་དང་། སྔོན་ཆད་ཀྱི་རྗེས་ཤུལ་དང་བྲག་བརྐོས་རི་མོ་སོགས་ལ་བལྟས་ནས་བོད་སྔ་མའི་སྒྱུ་རྩལ་གྱི་ཚད་སོགས་ལ་གདེང་འཇོག་དང་།བོད་ཀྱི་བཙན་པོ་རིམ་བྱོན་གྱི་དུས་སུ་བོད་ཀྱི་ཤེས་རིག་དང་སྒྱུ་རྩལ་ཇི་ལྟར་རྒྱ་བསྐྱེད་དུ་བཏང་བ།རྗེས་སུ་སྲོང་བཙན་གྱི་རིང་ནས་བོད་ལ་ཕྱི་ཕྱོགས་སྒྱུ་རྩལ་གྱིས་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ་བོད་ཀྱི་སྤྱི་ཚོགས་ནང་དུ་རང་ལུགས་བྱིའུ་སྒང་ལུགས་སོགས་རིམ་པར་བརྒྱུད་པའི་རི་མོའི་ལུགས་བཞི་ཙམ་བྱུང་བ་དང་དེ་དག་གི་རི་མོའི་ལུགས་ལ་ཁྱད་ཆོས་གང་དང་གང་ཡོད་པ་སོགས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་དེར་བཞུགས་ཀྱི་སློབ་བུ་དག་ལ་བུམ་པ་གང་བྱོའི་ཚུལ་གྱིས་འཆད་ཁྲིད་གནང་། དེ་ལས་གཞན་དམངས་ཁྲོད་ལྷ་རིས་པ་དག་གིས་རི་མོ་གཅིག་པུར་དོ་སྣང་ཆེར་མི་མཛད་པར་རིག་གནས་སྦྱོང་དགོས་པ་མ་ཟད། ལྷག་པར་དུ་ཐང་གའི་རིག་གཞུང་སྤྱིའི་ཆ་ལ་སྦྱོང་བ་མི་དམན་པ་མཛད་རྒྱུ། དཔེར་བཞག་སྟེ་འཆད་ན། དགེན་བསྟན་པ་རབ་བརྟན་མཆོག་གིས་མི་ཚེ་གཅིག་གི་ནང་དུ་ཐང་ག་འབྲི་བཞེངས་གཅིག་པུ་མ་ཡིན་པར་གཞུང་ལུགས་སོགས་ལ་ཉམས་ཞིབ་མཛད་དེ་རང་ཅག་བོད་ཀྱི་བཟོ་རིག་འདི་ཉིད་ཡར་རྒྱས་གོང་འཕེལ་གྱི་དོན་དུ་ལག་རྩལ་དང་གཞུང་ལུགས་ཟུང་འབྲེལ་གྱིས་ཞིབ་འཇུག་རྒྱ་ཆེར་གནང་ཡོད་ཅིང་།ཁོང་ཉིད་ལ་མཚོན་ནས་བཤད་ནའང་མི་ཚེ་འདིར་རང་ཅག་གི་སྲོལ་རྒྱུན་སྒྱུ་རྩལ་འདིའི་ལམ་ཁ་གསར་བ་ཞིག་གི་ཆེད་དུ་ངལ་བ་ལྷུར་བཞེས་གནང་གིན་ཡོད་ཟེར།ཁྱེད་ཅག་ལོ་ཆུང་དག་གིས་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་གལ་ཆེན་པོ་འདི་མ་འོངས་པར་སྒྲུབ་དགོས་ཤིང་།རིག་གཞུང་ཞིབ་འཇུག་ཅིག་གི་ངོས་ཐད་ནས་བཤད་ན་ཁོ་ཚོ་ཆེད་ལས་མཁས་པ་ཡིན་ཡང་ནོར་འཛོལ་གྱི་ཆ་སོགས་མཆིས་སྲིད་པས་ཚང་མས་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དང་། ལྟ་བ་གཅིག་མཐུན་མིན་པར་དོགས་སློང་མང་པོ་དང་དགག་བཞག་མང་དུ་མཛད་རྒྱུ།ཞིབ་འཇུག་གོ་རིམ་ཁྲོད་ནས་གཞན་གྱི་ལྟ་བའི་རྗེས་ཁོ་ནར་མི་འབྲངས་པར་རང་ཉིད་ལ་བརྟན་ཚུགས་དགོས་པ་ཞིག་ཡིན་དགོས་ཟེར།དེ་མ་ཡིན་པར་འགའ་ཤས་ཤིག་གིས་རིག་གཞུང་གི་ལྟ་གྲུབ་དང་ལུང་རིགས་ཅི་ཡང་མེད་པར་གཞན་པའི་ལྟ་བ་སོགས་ཁས་ལེན་བྱེད་མི་སྲིད་པའི་ཕྱོགས་ལྷུང་གི་ལྟ་ཚུལ་སོགས་རིང་དུ་དོར་ནས་ཚུལ་ལྡན་བརྩམས་ཆོས་གསར་རྩོམ་བྱེད་པ་དང་།ཚོགས་བསགས་དགེ་སྦྱོང་གི་ཆེད་དུ་ལྷ་སྐུའི་སྣང་བརྙན་བྲིས་ཏེ་རང་ཅག་ཁ་བ་རི་བའི་བཟོ་རིག་འདི་ཉིད་འཛམ་གླིང་ལ་ཁ་ཕྱོགས་པ་དང་།དུས་དང་བསྟུན་པའི་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་གདམ་གསེས་དང་འཚོལ་ཞིབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ་ཞེས་ནན་གྱིས་གསུངས་སོ།།
 

   

གོང་འཁོད་ཀྱི་ནང་དོན་ཁག་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་པའི་གྱི་ན་བ་ཀུན་བཟང་རྒྱལ་མཚན་ནས་སྐབས་དེའི་མཐོང་སྣང་དང་བཅས་པ་བརྙན་དུ་ཕབ་ཡོད་ཅིང་ནང་དོན་མདོར་བསྡུས་ཙམ་འདི་ཟིན་འགོད་བྱས་པ་ཡིན་མོད།ཕྲན་གྱི་རིག་གཞུང་གི་སྟོབས་ཞན་ཅིང་འགྱུར་སོགས་ཀྱི་ནང་དོན་དག་མ་དག་པའི་ཆའམ་ཡང་ན་ནོར་བའི་ཆ་ཡོད་སྲིད་པས། དགེ་བའི་བཤེས་གཉེན་དང་སྒྱུ་རྩལ་མཁས་དབང་དག་གིས་མུ་མཐུད་དུ་ལམ་སྟོན་མཛད་རོགས་ཞུ།  །ཁ་དྲོ། བཀྲ་ཤིས།


རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23524759
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།