པེ་ཏའོ་ཡི་སྙན་ངག

ཁྲི་སེམས་དཔས་བསྒྱུར།
པེ་ཏའོ(1949—)ཕ་ཡུལ་ཀྲེ་ཅང་ཧུའུ་ཀྲོའུ་ཡི་ཡིན་ལ།པེ་ཅིན་ནས་སྐྱེས། རིག་གསར་སྐབས་སུ་སློབ་འབྲིང་ནས་མཐར་ཕྱིན་རྗེས་པེ་ཅིན་ནས་བཟོ་པ་བྱས།རྒྱའི་དམངས་ཁྲོད་དུས་དེབ་གྲགས་ཅན《དེ་རིང》གསར་སྤེལ་བྱེད་མཁན་གྲས་ཀྱི་གཅིག་ཡིན་ལ།ད་ལྟ་ཕྱིའི་རྒྱལ་ཁབ་ཏུ་གཞིས་ཆགས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཏུ་པར་སྐྲུན་བྱེད་བཞིན་པའི་རྩོམ་རིག་དུས་དེབ《དེ་རིང》གི་སྒྲིག་གཙོའི་འགན་ཁུར་ཡོད།བརྩམས་ཆོས་《པེ་ཏའོ་ཡི་སྙན་ངག་བདམས་བསྒྲིགས》དང《ཉི་མའི་གྲོང་གི་ཟིན་ཐོ》《པེ་ཏའོ་དང་ཀུའུ་ཁྲིན་གྱི་སྙན་ངག་བདམས་སྒྲིག》《པེ་ཏའོ་ཡི་སྙན་ངག་ཕྱོགས་བསྒྲིགས》《རྒྱུས་མེད་ཀྱི་མཚོ་ངོགས》སོགས་མང་དུ་ཡོད་པ་རེད།ཁོང་ནི་རྒྱ་ནག་གི་རབ་རིབ་སྙན་ངག་གི་འཐུས་ཚབ་སྙན་ངག་པ་ཡིན་ནོ།།
ལན་ལྡོན་པ།
ཁྲེལ་མེད་ནི་ཁྲེལ་མེད་པའི་ལམ་ཡིག་ཡིན།
བླ་མེད་ནི་བླ་མེད་པའི་དུར་ཡིག་ཡིན།
ལྟོས་དང་། གསེར་ཆུ་བྱུགས་པའི་མཁའ་དབྱིངས་སུ།
འདས་པོའི་ལྡོག་གཟུགས་འཁྱོག་པོ་འཕྱོ་ཞིང་ཁེངས།
འཁྱག་རོམ་གྱི་དུས་རིམ་འདས་ཟིན་ནའང་།
ག་ས་གང་དུ་ད་དུང་འཁྱག་རོམ་གྱིས་ཁེངས་འདུག་པ་
འདི་ཅི་རེད།
ཧའོ་ཝང་ཅོ①གསར་རྙེད་བྱུང་ཟིན་ནའང་།
མཚོ་འཁྱིལ②སྟེང་ད་དུང་གཡོར་གྲུ་མང་པོས་འཚང་
ཁ་རྒྱག་པ་འདི་ཅི་རེད།
ང་རང་འཇིག་རྟེན་འདིར་འོང་དུས།
ཤོག་བུ་དང་། ཐག་པ།གྲིབ་གཟུགས་ལས་ཅི་ཡང་བཟུང་མེད།
དེ་ནི་འདྲི་གཅོད་གྱི་སྔ་རོལ་དུ།
ཁྲིམས་ཐག་བཅད་ཟིན་པ་དག་གི་སྐད་སྒྲ་སྒྲོག་འདོན་
བྱེད་པའི་ཆེད་དུ་ཡིན།
ངས་ཁྱེད་ལ་བཤད་ཆོག འཇིག་རྟེན་ལགས།
ང—རང—ཡིད—མི—ཆེས།
གལ་ཏེ་ཁྱེད་ཀྱི་རྡོག་འོག་ཏུ་འགྲན་སློང་པ་ཆིག་སྟོང་ཡོད་ཚེ།
ང་རང་ཆིག་སྟོང་གི་རྗེས་ཀྱི་མི་དེར་བརྩི་རོགས།
གནམ་སྔོན་པོ་ཡིན་པར་ང་རང་ཡིད་མི་ཆེས།
འབྲུག་སྒྲའི་བྲག་ཅར་ང་རང་ཡིད་མི་ཆེས།
རྨི་ལམ་ནི་རྫུན་མ་ཡིན་པར་ང་རང་ཡིད་མི་ཆེས།
ཤི་རྗེས་རྣམ་སྨིན་མི་འཁོར་པར་ང་རང་ཡིད་མི་ཆེས།
གལ་ཏེ་རྒྱ་མཚོའི་འགྲམ་ངོགས་ཅིས་ཀྱང་བརྡོལ་སྲིད་ཚེ།
སྡུག་གི་ཆུ་ཕུང་མ་ལུས་ངའི་སེམས་ཁོང་དུ་འབྱོ་བར་ཤོག
གལ་ཏེ་ས་གཞི་ངེས་པར་དུ་དབྱིངས་སུ་འཕགས་པར་
འགྱུར་ན།
འགྲོ་མིར་ཡང་བསྐྱར་འཚོ་གནས་ཀྱི་ཡང་རྩེ་ཞིག་གདམ་
དུ་འཇུག་རོགས།
གོ་སྐབས་གསར་བ་དང་འོད་མདངས་འཚེར་བའི་སྐར་མ།
ཡོལ་བ་མེད་པའི་ནམ་མཁའི་དབྱིངས་སུ་འཚང་
བཞིན་འདུག
དེ་ནི་ལོ་ངོ་སྟོང་ཕྲག་ལྔའི་རིང་གི་གཟུགས་བརྙན་ཡི་གེ་རེད།
དེ་ནི་མ་འོངས་པར་མི་རྣམས་ཀྱིས་ཅེ་རེར་བལྟ་བའི་
མིག་ཟུང་རེད།
1976.4
ཡོད་ཚད།
ཡོད་ཚད་ནི་ལས་དབང་རེད།
ཡོད་ཚད་ནི་སྨུག་སྤྲིན་རེད།
ཡོད་ཚད་ནི་མཇུག་འབྲས་མེད་པའི་གླེང་སློང་རེད།
ཡོད་ཚད་ནི་འཕྲལ་དུ་ཤོར་འགྲོ་བའི་འཚོལ་སྙེག་ཡིན།
དགའ་སྤྲོ་ཡོད་ཚད་ལ་འཛུམ་མདངས་མེད།
དཀའ་སྡུག་ཡོད་ཚད་ལ་མཆི་མའི་ཤུལ་རྗེས་མེད།
སྐད་ཆ་ཡོད་ཚད་ནི་བསྐྱར་ཟློས་ཡིན།
འབྲེལ་འདྲིས་ཡོད་ཚད་ནི་ཐོག་མའི་མཇལ་འཛོམས་རེད།
བརྩེ་དུང་ཡོད་ཚད་སེམས་ཁོང་དུ་སྦས།
འདས་དོན་ཡོད་ཚད་རྨི་ལམ་ཁྲོད་བསྐུངས།
རེ་བ་ཡོད་ཚད་ཀྱིས་འགྲེལ་བཤད་བསྣམས་འདུག
དད་མོས་ཡོད་ཚད་ཀྱིས་འཁུན་སྒྲ་བསྣམས་འདུག
ཐོལ་བྱུང་ཡོད་ཚད་ལ་སྐད་ཅིག་མའི་ལྷིང་འཇགས་ཡོད།
འཆི་བ་ཡོད་ཚད་ལ་རྒྱུན་རིང་བའི་བྲག་ཅ་ཡོད།
འགྲོ།
སྡོང་ལོ་གྲོག་རོང་གི་ཟབ་སར་སྤུར་ཟིན།
ཡིན་ཡང་གླུ་སྒྲ་ལ་ལོག་མལ་མི་འདུག
འགྲོ།
འཁྱག་རོམ་སྟེང་གི་ཟླ་འོད།
གྲམ་གཞུང་ནས་གྱེན་དུ་འཕྱུར།
འགྲོ།
མིག་ཟུང་མཁའ་དབྱིངས་སུ་གཏད་དེ།
སེམས་པས་མུན་མདོག་གི་རྔ་བོ་ཆེ་དྲག་ཏུ་བརྡུངས།
འགྲོ།
ང་ཚོའི་དྲན་པ་ཉམས་མེད།
ང་ཚོ་ཚེ་སྲོག་གི་མཚེའུ་འཚོལ་དུ་འགྲོ།
འགྲོ།
ལམ་ཡ་ལམ་དུ།
རྒྱ་མེན་དམར་པོས་ཁྱབ་འདུག
ཉི་མའི་གྲོང་གི་ཟིན་ཐོ། (ཚན་བཀོད)
ཚེ་སྲོག
ཉི་མ་ཡང་སྟེང་དུ་འཕགས་བྱུང་།
བྱིས་པ།
རྒྱ་མཚོ་ཆེན་པོ་ཤོང་ཐུབ་པའི་རི་མོ་ཞིག
ལྟེབས་ནས་ཕུག་རོན་དཀར་མོ་ཞིག་ཏུ་གྱུར།
ངལ་རྩོལ།
ལག་པས། སའི་གོ་ལ་བཅིངས།
ཞི་བདེ།
རྒྱལ་པོ་ཤི་ཟིན་པའི་ཡུལ་གྲུར།
མེ་མདའ་རྙིང་བ་དེར་ཡལ་འདབ་རྒྱས་ཤིང་།
མྱུ་གུ་འབུས་ཏེ།
དབང་བོ་སྐྱོན་ཅན་གྱི་འཁར་བར་གྱུར།
སྒྱུར་པ་པོའི་མཆན།
①ཧའོ་ཝང་ཅའོ།(好望角,Cape of Good Hope) དེ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་སུ་ཆགས་ཤིང་། ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཧིན་རྡུ་རྒྱ་མཚོའི་བར་གྱི་སྐམ་སའི་མཚོན་རྟགས་གལ་ཆེན་ཞིག་ཡིན།
②མཚོ་འཁྱིལ། (死海,the Dead sea)དེ་ནི་དབྱི་སི་རལ་དང་ཅོར་ཏན་གཉིས་ཀྱི་མཚམས་སུ་གནས་པའི་ཚྭ་མཚོ་ཞིག
རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་འབུམ་རྩེ་ཡག
|