ཡིད་སྐྱོ་བའི་བྱང་འབྲོག་གི་འཚོ་ཐབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »ཡིད་སྐྱོ་བའི་བྱང་འབྲོག་གི་འཚོ་ཐབས།
ཡིད་སྐྱོ་བའི་བྱང་འབྲོག་གི་འཚོ་ཐབས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-29ལྟ་ཀློག (4960)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ཡིད་སྐྱོ་བའི་བྱང་འབྲོག་གི་འཚོ་ཐབས།


                མཁན་པོ་ཚུལ་ཁྲིམས་བློ་གྲོས།
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

    བོད་གངས་ཅན་གྱི་བྱང་རྒྱུད་ན་གནས་པའི་འབྲོག་པ་སྤྱི་དང་ཁྱད་པར་དུ་མདོ་སྨད་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་དེང་སང་གི་འཚོ་ཚུལ་ནི་ཤིན་ཏུ་ཡིད་སྐྱོ་ཞིང་འཇིགས་སུ་རུང་བ་ཞིག་སྟེ། འབྲོག་པའི་སྐྱེས་པ་རྣམས་ལས་ལ་མི་བརྩོན། བྱིས་པ་རྣམས་སློབ་གྲྭར་མི་འགྲོ་ཞིང༌། སེམས་ཅན་གྱི་སྲོག་གཅོད་པ་ཁོ་ན་ལ་བརྟེན་ནས་ཁ་ཟས་རྒྱབ་གོས་ཐམས་ཅད་འཚོལ་སྒྲུབ་བྱེད་དེ། ལོ་རེ་ལ་ཁྱིམ་ཚང་རེས་ལུག་བརྒྱ་ཕྲག་མང་པོའམ་སྟོང་ཕྲག་ཙམ་རེ་བཤས་རར་ཕབ། དེའི་ཤ་རིན་དང་ཁྲག་རིན་དང་སྲོག་རིན་གྱིས་རང་གི་ཁ་གསོ་བར་བྱེད། ཚུལ་དེ་ནི་གཅན་གཟན་རྣམས་ཀྱི་འཚོ་ཚུལ་དང་ཁྱད་པར་རྩ་བ་ནས་མེད། གོས་ལུས་གང་བ་ཙམ་དང་ཟས་ལྟོ་གང་བ་ཙམ་གྱི་ཕྱིར་དུའང་སེམས་ཅན་མང་པོའི་སྲོག་བཅད་ཡོད། མི་ཚེ་གང་པོར་སྲོག་བཅད་པ་རྣམས་བསྡོམས་ན། མི་རེ་རེ་ལའང་ཚེ་ཕྱི་མར་འགྲོ་ཉིན་ལུག་སྟོང་ཕྲག་མང་པོའམ་ཁྲི་ཕྲག་འགའ་རེའི་སྡིག་པ་འཁྱེར་རྒྱུ་ཡོད་ངེས་ཡིན་པས། ཚེ་ཕྱི་མར་ཕལ་མོ་ཆེ་ཞིག་ངན་སོང་དུ་འགྲོ་ངེས་པ་ཤ་སྟག་ཡིན། ཁམས་ཀྱི་འབྲོག་པ་རྒད་པོ་ཞིག་གིས། རང་གི་ལག་པ་དྲོན་པོས་མཆུ་བཅིངས་ནས་བསད་པའི་ཟོག་བསྡོམས་ན་ཉིས་བརྒྱ་ལྷག་ཅིག་འདུག་ཟེར། མདོ་སྨད་ཀྱི་འབྲོག་པ་ཕྱུག་པོ་འཆི་ཁ་མ་ཞིག་གིས། རང་གིས་བསད་པ་དང་གཞན་ལ་གསོད་དུ་བཅུག་པ་ཐམས་ཅད་བསྡོམས་ན་ལུག་ཁྲི་གཉིས་དང་ལྷག་ཅིག་སོང་འདུག་ཟེར་བ་ལྟ་བུ་རེད། ཡུལ་ཕྱོགས་འདི་དག་ན་དགོན་པ་ཁྲ་ཤིག་གེ་བ་དང་བླ་མ་བརྗིད་ཡེར་རེ་བ་མང་པོ་མཇལ་རྒྱུ་ཡོད། འོན་ཀྱང་ལས་ཚུལ་འདི་ལ་དོ་སྣང་བྱེད་མཁན་ནི་ཤིན་ཏུ་དཀོན་ཏེ། སེམས་ཅན་གྱི་ལས་སྨིན་ན། སངས་རྒྱས་ཀྱི་མཐུ་རྡུགས་ཞེས་པ་དེ་ཡིན་ཡང་ཐང་ལ་གཞན་ཞིག་ཡིན་ཡང་སྲིད་དོ། །
དེ་ལྟར་སེམས་ཅན་གྱི་སྲོག་གཅོད་པ་ཁོ་ན་ལ་བརྟེན་ནས་འཚོ་བ་སྐྱེལ་བ་འདི་ནི་འཚོ་ཐབས་ཡོངས་རྫོགས་ཀྱི་ནང་ནས་ཆེས་སྡུག་ཤོས་དེ་རེད། ཚེ་ཕྱི་མར་མ་ཟད་ཚེ་འདིར་ཡང་སེམས་ཅན་གྱི་སྲོག་ལ་གཅེས་བསྲུང་མི་བྱེད་པའི་བག་ཆགས་གོམས་པའི་དབང་གིས་རིམ་གྱིས་མི་རྣམས་ཀྱིས་ནང་ཕན་ཚུན་དུའང་བཙན་དབང་དང་འཁྲུག་རྩོད་བྱེད་པ་ལ་འཛེམ་བག་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། ཨ་རིའི་བཙོན་ཁང་ནང་ནས་ཉེས་པ་ཤིན་ཏུ་ཆེ་བའི་མི་རྣམས་ལ་བརྟགས་པས་བརྒྱ་ཆ་བདུན་ཅུ་དེ་སྔར་དུད་འགྲོ་རྣམས་ལ་མནར་གཅོད་གཏོང་མཁན་རྣམས་ཡིན་ཞེས་ཟེར་རོ། །རང་ཅག་གི་ཕ་ཚེ་བུ་རབས་དང་བཅས་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་སྲོག་གཅོད་པ་ལས་གཞན་པའི་འཚོ་ཐབས་ཅི་ཡང་མི་ཤེས་པ་གཅན་གཟན་ལྟ་བུ་འབའ་ཞིག་ཏུ་གྱུར་ན་དེ་ལས་བློ་ཕམ་པ་དང་གྱོང་རྒུད་ཆེ་བ་ཅི་ཞིག་ཡོད། ད་ལྟ་དེང་རབས་ཀྱི་འཚོ་བ་སྐྱེལ་ཚུལ་དང་འཚོ་རྐྱེན་སྒྲུབ་ཚུལ་ཇི་འདྲའི་སྣ་ཚོགས་པ་དག་འདུག་པས་ཐབས་གཞན་རེ་ལ་བསམ་བློ་བཏང་ན་མི་འོང་རྒྱུ་མེད། ཁྱད་པར་དུ་བྱིས་པ་རྣམས་ལ་རིག་གནས་དང་ལག་རྩལ་སློབ་ཏུ་བཅུག་ན། མི་རབས་དེ་ཕན་ཆད་ནས་བཟུང་བསྒྱུར་བཅོས་ལེགས་པར་འོང་བ་ཡིན་ནོ། །
གལ་ཏེ་ཁོ་བོ་ཅག་སྔར་ནས་འདི་འདྲ་བ་ཡིན་པས་གཞན་མི་དགོས་སོ་ཞེ་ན། སྔར་འདི་འདྲའི་སྡིག་པ་ཚབས་ཆེན་བྱེད་པའང་མེད་ལ། འཚོ་ཚུལ་གཞན་པའི་གདམ་ག་བྱ་རྒྱུའང་དཀའ་བའི་དབང་གིས་དེ་ལྟར་ཡིན་མོད། ད་ལྟ་དེ་དང་མི་འདྲ་སྟེ་དུས་རབས་གསར་བ་ལ་འཚོ་བ་སྐྱེལ་སྟངས་གསར་བ་བྱ་རྒྱུ་ཡོད་པའི་ཕྱིར་རོ། །ཁ་ཅིག་ཟོག་ལུག་བཤས་རར་མ་ཕབ་ན་མང་ཆེས་པས་རང་སའི་ཐོག་ཏུ་མི་ཤོང་ངོ་ཞེས་ཟེར་ན། གལ་ཏེ་མི་ཤོང་བ་ཁོ་ནའི་དབང་གིས་གསོད་པ་ཡིན་ན་ནི། དེ་ཤོང་ཐབས་བྱེད་སླ་སྟེ། ད་ལྟ་འཛམ་བུ་གླིང་ན་མི་མང་ཆེས་ཏེ་རང་སའི་ཐོག་ཏུ་མི་ཤོང་བ་ན། སྐྱེ་བ་ཚོད་འཛིན་བྱེད་པའི་ཐབས་ལ་བརྟེན་པ་ལྟར་བྱ་ཆོག་སྟེ། མི་ལ་དེ་ལྟར་ཚོད་འཛིན་བྱེད་རུང་ན་དུད་འགྲོ་ལའང་ཅིའི་ཕྱིར་མི་རུང༌། དེས་ན་ལུག་ཐུག་དང་ཁྱུ་གཡག་ཉུང་ཙམ་བྱས་ན་ཟོག་ལུག་རྣམས་ཉུང་ཕྱམ་གྱིས་འགྲོ་བས་དེ་བས་ལས་སླ་བ་ཅི་ཞིག་ཡོད། དངོས་སུ་གསོད་པ་ལས་དེ་དགའ་ངེས་ཡིན་ནོ། །དེས་ན་འབྲོག་པ་རྣམས་ཀྱིས་ནོར་ལུག་ཉུང་ཙམ་ཞིག་ཉར་ཞིང་དེ་རྣམས་ཀྱི་སྲོག་ལ་གནོད་པ་མེད་པའི་སྒོ་ནས་བེད་སྤྱད་བྱ་ཞིང་རང་གི་ས་བཟུང་ནས་འདུག་ཅིང༌། སྐྱེས་པ་རྣམས་རང་སའམ་གཞན་ས་ཅི་རིགས་སུ་སོང་ནས་ངལ་རྩོལ་གྱིས་འཚོ་རྐྱེན་གཞན་པ་བསྒྲུབ་དགོས། འབྲོག་པའི་སྐྱེས་པ་ཕལ་ཆེར་ཡིག་རྨོངས་ཤ་སྟག་ཡིན་པས་རིག་གནས་དང་ལག་རྩལ་གྱིས་ནོར་རྫས་མི་རྙེད་མོད། ངལ་རྩོལ་གྱིས་ནོར་རྫས་ཅིའི་ཕྱིར་མི་རྙེད། རང་གི་ངལ་རྩོལ་གྱིས་རང་ཁ་གསོ་བ་འདི་དྲང་བདེན་གྱི་འཚོ་ཐབས་བསྔགས་པར་འོས་པ་ཡིན་ཏེ། ཚེ་འདི་ཕྱི་གཉིས་ཀར་སེམས་གནོང་དགོས་པ་ཅི་ཡང་མེད་པས་འདི་ཕྱོགས་སུ་འབད་པ་བྱེད་རྒྱུ་ཅིས་ཀྱང་གལ་ཆེའོ། །
ཞེས་པ་འདི་ཡང་རབ་གནས་མེ་ཕག་དགུན་ཟླ་ར་བའི་ཚེས་༡༦ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ།། །།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་གླིང་བུའི་སྙེ་མ།


རྩོམ་སྒྲིག་འགན་ཁུར་བ། མགར་རྩེ་ཉི་ཟེར།   ཁཱ་ཤེས་རབ་རྒྱ་མཚོ།   འབའ་སྣང་གྲོལ།  ཨ་བུ་འབྲོང་། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།