ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུ
ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-27ལྟ་ཀློག (8526)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །ངས་བལྟས་ན་བོད་ཀྱི་ཆུ་དང་ཆོས་གཉིས་ཆར་ལ་ཀྲུང་གོ་བ་སྐྱོབ་པའི་ནུས་པ་ཡོད།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


   དང་བོ།  བོད་ཀྱི་ཆུས་ཀྲུང་གོ་བ་སྐྱོབ་ནུས་ཚུལ་ཅུང་ཙམ་གླེང་བ།
  སྐྱབས་དང་སྐྱོབ་པ་ཞེས་པའི་ཐ་སྙད་འདི་ལ་དེང་དུས་ཀྱི་ན་གཞོན་མང་བོ་ཞིག་དེ་ཙམ་མི་དགའ་བར་སྣང་སྟེ།   མི་ཡི་ནུས་པ་གནམ་ལས་རྒྱལ་བར་ངེས་པས། ང་ཚོས་རང་བྱུང་ལ་བཅོས་བསྒྱུར་བྱེད་དགོས་ཤིང་། རང་བྱུང་འདུལ་སྦྱོང་བྱེད་དགོས་ཞེས་པ་ལྟ་བུའི་སྒྲུབ་བྱེད་ལྟར་སྣང་རེ་ལ་བརྟེན་ནས། མི་དང་རང་བྱུང་སོགས་སུ་དང་གང་ལའང་བརྟེན་མི་དགོས་པར་རང་ཉིད་གཅིག་བུའི་ནུས་པ་ལ་བརྟེན་ནས་ཡོད་ཚད་ལས་རྒྱལ་ནུས་ཚུལ་སོགས་སྟོང་སྣང་འབའ་ཞིག་བཙན་གྱིས་སྒྲུབ་པར་འདོད་ཅིང་། འདུས་བྱས་རྟེན་འབྱུང་གི་ཆོས་ཉིད་ལ་བསྙོན་ཅི་ནུས་བྱེད་དོ། །
རེ་ཞིག་གཞན་ཐམས་ཅད་གླེང་རྒྱུ་བཞག་ནས་ཆུ་ལ་མ་བརྟེན་པར་སྡོད་ལུགས་མེད་ཚུལ་བཤད་ན། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་། དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་མ་ལུས་པ། ཆུ་ཞེས་པའི་འཇིག་རྟེན་འདིར་ཆེས་རྨང་གཞིར་གྱུར་བའི་དངོས་པོའམ་རྫས་ཤིག་ཡོད་པ་དེའི་མཐུ་ལ་ངེས་པར་བརྟེན་དགོས་ཤིང་། ཆུའམ་ཆུའི་རྫས་ཡོད་པས་སྐྱེ་དངོས་དང་སྲོག་ཆགས་མ་ལུས་པའི་སྲོག་གནས་པ་དང་འཕེལ་བ་དང་རྒྱས་པར་གྱུར་བ་ཡིན་ནོ། །རྟེན་འབྱུང་གི་ཆོས་ཉིད་ཁས་མི་ལེན་པ་ཁོ་རང་ཡང་། གལ་ཏེ་མི་ཞིག་ཡིན་པ་ཁས་ལེན་རྒྱུ་ཡིན་ན། ཆུ་ལ་མ་བརྟེན་ཐབས་མེད་ཡིན་ཏེ། དེང་རབས་རིག་གནས་ཀྱི་བཤད་ཚུལ་ལྟར་ན་ཁམས་སྙོམས་པའི་མི་ཞིག་གི་ལུས་ལ་ཆ་བཞག་ན། ཕལ་ཆེར་དེའི་ལྗིད་ཚད་ཀྱི་བརྒྱ་ཆའི་དྲུག་ཅུ་རེ་བརྒྱད་ཙམ་དེའི་ལུས་ལ་གནས་པའི་ཆུའི་ལྗིད་ཚད་ཀྱིས་ཟིན་པར་བཤད་པས་སོ། །
  འོན་ཀྱང་རྟེན་འབྱུང་མ་ཡིན་པའི་ཆོས་ཤིག་གཏན་ནས་མི་རྙེད་ཅིང་མིའི་རིགས་འདི་ཡང་རང་བྱུང་ལ་མ་བརྟེན་པར་འཚོ་ཚུལ་ཞིག་ཀྱང་གཏན་མི་སྲིད་དེ། དེ་ཡང་ཞིབ་ཏུ་བཤད་ན། དེ་ལས་ཀླད་ཞོ་ལས་75%ཙམ་ཆུ་ཡིན་ལ། ཁྲག་གཤེར་ལས་83%ཙམ་ཆུ་དང་། ཤ་གནད་ལས་76%ཙམ་ཆུ་དང་། ཐ་ན་སྲ་ཞིང་མཁྲེགས་པའི་རུས་ཀྲང་ལས་ཀྱང་22%ཙམ་ཆུས་ཟིན་པར་བཤད་འདུག་པས། ཆུ་མེད་ན་བཟའ་བཅའི་ནང་གི་བཅུད་ཚུར་ལེན་མི་ནུས་ཤིང་། བྱང་ཁོག་ལ་གནས་པའི་སྙིགས་མ་ཕྱིར་འབྱིན་མི་ནུས་པས་ན་སྨན་སོགས་ཀྱང་ཐོན་དགོས་སའི་ལུས་ཀྱི་ཆ་དེར་ཐོན་མི་ནུས་པར་བཤད་དོ། །དེས་ན་ལུས་ལ་ཡོད་པའི་ཆུའམ་ཆུའི་རྫས་ལས་1%——2%ཙམ་ཇེ་ཉུང་དུ་སོང་ན་སྐོམ་པའི་ཚོར་བ་སྐྱེ་ལ། བརྒྱ་ཆའི་ལྔ་ཙམ་ཇེ་ཉུང་དུ་སོང་ན་ཁ་ལྕེ་སྐམ་ཞིང་སྐྱི་པགས་ལ་གཉེར་མ་ཆགས་པར་མ་ཟད། དྲན་རིག་མི་གསལ་ཞིང་འཁྲུལ་སྣང་ཡང་འབྱུང་བར་བཤད། དེས་ན་ཟས་མ་རྙེད་ཀྱང་དུས་ཡུན་ཅུང་རིང་ཙམ་འཚོ་ཐུབ་༼ལ་ལས་ཟླ་གཉིས་ཙམ་འཚོ་ཐུབ་པར་བཤད་པའང་ཡོད།༽མོད། འོན་ཀྱང་ཆུ་ཙམ་ཡང་ཁར་མ་རེག་ན་ནི། ཆེས་རིང་མཐའ་ཉིན་བདུན་ཙམ་ལས་འཚོ་མི་ཐུབ་པར་བཤད་དོ། །
    དེ་ལྟར་ཆུ་ནི་མི་སྒེར་རམ་ཚོགས་པའམ་རང་བྱུང་ཁམས་གང་གི་ཆ་ནས་བལྟས་ཀྱང་། ཅི་དང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཚེ་སྲོག་དང་འཚོ་གནས་ཀྱི་ཐོན་ཁུངས་ཆེས་གལ་ཆེ་བ་ཞིག་རེད། ཡིན་ན་ཡང་ཀུན་གྱིས་ཤེས་གསལ་ལྟར། ཀྲུང་གོ་ནི་ཆུ་དཀོན་པའི་རྒྱལ་ཁབ་ཅིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ན་ཆུ་ཆེས་དཀོན་པའི་རྒྱལ་ཁབ་བཅུ་གསུམ་ཡོད་པའི་གྲས་སུ་བཞག་ཡོད། དེ་ཡང་གསལ་བར་བཤད་ན། ཆུ་དཀོན་ཚབས་ཆེ་བའི་ས་ཁུལ་ནི་ཀྲུང་གོའི་བྱང་བརྒྱུད་ཡིན་ནོ། །ཀྲུང་གོའི་བྱང་བརྒྱུད་ལ་མཚོན་ན། ཆུ་དཀོན་པའི་གནད་དོན་འདི་གཏན་ནས་སྣང་མེད་དུ་འཇོག་མི་རུང་བའི་གནས་སུ་སླེབས་འདུག་སྟེ། འདིས་སྐྱེ་ཁམས་ཁོར་ཡུག་ཇེ་ངན་དུ་གཏོང་བ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་འདུག་པས་སོ། །བྱང་ཕྱོགས་སུ་བྱེ་མའི་རླུང་འཚུབ་ཇེ་ཐུ་ཇེ་ཐུར་འགྲོ་བཞིན་པ་དང་། རྩྭ་ཐང་བྱེ་མར་འགྱུར་བཞིན་པའི་མྱུར་ཚད་ཀྱང་ཧ་ལས་འགྲོ་བ་ཞིག་ཡིན་ནོ། །དེའི་ཕྱིར་དཔྱོད་ལྡན་མང་བོ་ཞིག་གིས། དེར་གནས་ཀྱི་བུ་རབས་ཚ་བརྒྱུད་རྣམས། མ་འོངས་པར་ཇི་ལྟར་འཚོ་གནས་བྱེད་པའི་གནད་དོན་ལ་འཇིགས་བསྐུལ་ཐེབས་པའི་གནས་ཚུལ་ཚོར་ནས་ཡོད་དོ། །བྱང་བརྒྱུད་ཀྱི་ཆུ་དཀོན་པའི་ཉེན་ཁ་འདི་སེལ་བའི་ཆེད་དུ། དམངས་ཁྲོད་ཆུ་བེད་ཆེད་ལས་པ་གོའུ་ཁེ་ཟེར་བ་ཞིག་གིས། ལྷོ་ཆུ་བྱང་འདྲེན་ནུབ་ལམ་ཆེན་མོ་ཞེས་པའི་ཆུ་འདྲེན་པའི་ཐབས་ཇུས་ཤིག་བཏོན་ཅིང་། ཁོས་བཤད་པའི་ལྷོ་ཆུ་བྱང་འདྲེན་ནུབ་ལམ་ཆེན་མོ་ཞེས་པ་ནི། དོན་དངོས་སུ་བོད་ལྗོངས་ཀྱི་ཆུ་ཀླུང་ཆེན་པོ་རྣམས། ཆུ་ཧ་ཅང་དཀོན་པའི་ཀྲུང་གོའི་བྱང་བརྒྱུད་དུ་འདྲེན་རྒྱུ་ལ་ཟེར་བ་ཡིན་ནོ། །ཐབས་ཇུས་དེ་ལ་ལྟ་ཚུལ་མི་མཐུན་པ་མང་ཞིང་། དེ་ལ་ངོ་རྒོལ་བྱེད་མཁན་དག་གི་འདོད་ཚུལ་གཙོ་བོ་ནི། བོད་ལྗོངས་ན་དེ་འདྲའི་ཆུ་མང་བོ་ཞིག་འདྲེན་རྒྱུ་མེད་པར་མ་ཟད། ལས་ཚེགས་ནི་བསམ་ཡུལ་ལས་འདས་པ་ཞིག་མཆིས་པས་ཐབས་ཇུས་འདི་ལ་མོས་མཐུན་བྱེད་ཐབས་བྲལ་ཅེས་ཟེར་རོ། །
      འོན་ཀྱང་ཕྱོགས་འདི་ལ་ཞིབ་འཇུག་ཞིབ་མོ་བྱེད་མྱོང་བའི་སྐུ་ཞབས་ལིས་ལིན(李伶)ཟེར་བས་ཐབས་ཇུས་དེ་ལེགས་པར་འདོད་པར་མ་ཟད། དེའི་རྒྱུ་མཚན་ཡང་གསུམ་བཏོན་འདུག  རྒྱུ་མཚན་དང་བོའི་སྐབས་སུ། བོད་ཡུལ་ན་ཆུ་མང་སྟེ། ཕལ་ཆེར་རྨ་ཆུའི་ཆུ་ཚད་འདྲ་བ་ལྡབ་བཅུ་གཉིས་ཙམ་ཡོད་མོད། འོན་ཀྱང་ཡིད་ཕངས་པ་ནི་བེད་སྤྱད་པའི་ཚད་ནི་བརྒྱ་ཆའི་གཅིག་ཙམ་ལས་ཟིན་མེད་ཅིང་། དེ་ལས་ལྷག་མ་ཡོངས་རྫོགས་ཕྱི་རྒྱལ་ལ་བཞུར་འགྲོ་བཞིན་ཡོད་པས། དམའ་ས་ན་གནས་པའི་རང་རྒྱལ་བ་མང་བོ་ཞིག་གིས་ཆུ་མེད་པའི་སྡུག་བསྔལ་མྱོང་བཞིན་འདུག་པས་འཕྲོ་བརླག་ཆེན་པོར་སོང་། གལ་ཏེ་དེ་ལས་གསུམ་ཆའི་གཅིག་ཙམ་བྱང་བརྒྱུད་དུ་འདྲེན་ཐུབ་ན། ཀྲུང་གོའི་བྱང་བརྒྱུད་ལ་རྨ་ཆུའི་ཆུ་ཚད་འདྲ་བ་ལྡབ་བཞི་ལས་ཇེ་མང་དུ་འགྲོ་བས། ཀྲུང་གོའི་ནུབ་བྱང་བརྒྱུད་ཡོངས་དང་ཧྭ་བྱང་དང་བྱང་ཤར་གྱི་ནུབ་ཁུལ་དུ་གཏོགས་པའི་ས་གནས་རྣམས་ལ་ཆུ་་མེད་པའི་གནད་དོན་དེ་ཐག་གཅོད་བྱེད་ཐུབ་འགྲོ་ཞེས་བཤད་ཡོད།
རྒྱུ་མཚན་གཉིས་པའི་སྐབས་སུ། བོད་ལྗོངས་ཀྱི་ཆུ་འབབ་ས་མཐོ་བས། མཐོ་ས་ནས་མར་བཞུར་བའི་ཆུས་གློག་གཏོང་ཆོག་ལ། ཆུ་འདྲེན་ཡང་སླའོ་ཞེས་བཤད་ཡོད།
རྒྱུ་མཚན་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱི་བཟང་ངོ་ཞེས་བཤད་ཡོད། དེ་ཡང་བོད་ཀྱི་ཡུལ་ནི་ས་མགོ་མཐོ་བས་འཛམ་གླིང་གི་རྒྱ་ཕིབ་ཏུ་གྲགས་པ་ལྟར་ཡིན་པ་དང་།  མིའི་འགུལ་བསྐྱོད་ཉུང་ལ་འབགས་བཙོག་མེད་དོ། །སྨུག་ཕྱིའི་འོད་ཐིག་གི་འོད་འཕྲོ་བའི་ཤུགས་བཙན་པས་འབུ་ཕྲ་དང་དུག་གི་ནུས་པ་ཡོངས་སུ་བཅོམ་ཡོད་པ་དང་། ལྷག་པར་དུ་གངས་ཆུ་ཡིན་པས་ནུས་པ་ཆེ་ལ་འཇུ་སྟོབས་ཆེའོ། །དེས་ན་ཆུ་བཟང་བོས་སྲོག་སྐྱོབ་ནུས་ལ། ཆུ་བཟང་བོས་ཀྲུང་གོ་བ་སྐྱོབ་ནུས་སོ་ཞེས་བཤད་དོ། །
      གལ་ཏེ་བོད་ཀྱི་ཆུས་ཀྲུང་གོ་བ་སྐྱོབ་ཐུབ་ཅེས་པའི་བཤད་འདི་བདེན་པར་གྲུབ་ན། བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་བསྲུང་སྐྱོབ་བྱེད་རྒྱུ་ནི་བོད་པ་ཁོ་ནའི་འགན་འཁྲི་ཞིག་མིན་གྱི། ཀྲུང་གོའི་མི་ཡོངས་ལ་རག་ལས་པའི་འགན་འཁྲི་ཞིག་ཡིན་ནོ།།


 གཉིས་པ། བོད་ཀྱི་དམ་ཆོས་ཀྱིས་ཀྲུང་གོ་བ་སྐྱོབ་ནུས་ཚུལ་ཅུང་ཙམ་གླེང་བ།

ཀྲུང་གོ་བ་སྐྱོབ་དགོས་པའི་གནས་སུ་སླེབས་ཟིན་པ་ཡིན་ནམ་ཞེ་ན། ང་ཚོས་བློ་གཟུ་བོར་གནས་པའི་སྒོ་ནས་ད་ལྟའི་གནས་བབ་ལ་དབྱེ་ཞིབ་ཅིག་བྱེད་ཐུབ་ན། ལན་ཞིག་རང་བཞིན་གྱིས་རྙེད་འོང་ངོ་། །འཚོ་བ་ཇེ་ལེགས་སུ་སོང་ཡང་། ཀུན་སྤྱོད་ཉམ་ཆག་ཏུ་གྱུར་ཅེས་པ་ནི། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་འདིའི་རིང་གི་ཀྲུང་གོ་བ་ཡོངས་ཀྱི་ཐུན་མོང་གི་ཚོར་སྣང་ཡིན་པ་མངོན་སུམ་ཡིན། འོ་ན་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁྱིམ་ཚང་ལ་བདེ་སྐྱིད་དང་སྤྱི་ཚོགས་ལ་བདེ་འཇགས་ཐོབ་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དུག་འཚོང་དང་། ནག་འཚོང་། གཞང་འཚོང་། འཆལ་སྤྱོད་ལ་སོགས་པ་གད་སྙིགས་ཀྱི་རིགས་ཇེ་མང་དང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ལྐོག་རྔན་ཟ་བ་དང་རུལ་བསུངས་སུ་གྱུར་བའི་སྣང་ཚུལ་སོགས་ཀུན་སྤྱོད་ཡོངས་སུ་ཉམས་པའི་མཇུག་འབྲས་ཡིན་ནོ། །
      འདི་ནི་ངས་ཁུངས་མེད་པར་གང་འདོད་དུ་བཤད་པ་མིན་ཏེ། ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོའ་ིཉེས་བསགས་རིག་པའི་དགེ་རྒན་ཆེན་མོ་ཝེ་ཕེན་ཞོན་གྱིས། ང་ཚོས་མིག་གིས་དངོས་སུ་མཐོང་བཞིན་པ་ནི་རྒྱལ་ཁབ་བཙུགས་ཚུན་ཆད་དུ་ཉེས་པ་བསགས་པའི་ཚད་ཆེས་མཐོན་པོར་འཕར་ཐེངས་ལྔ་བ་ཡིན། ཚད་མཐོར་འཕར་ཐེངས་འདི་༡༩༨༩ལོར་བྱུང་བ་ནས་བཟུང་ད་བར་དུ་ཇེ་དམའ་རུ་འགྲོ་མ་མྱོང་ལ། དེ་བས་ཀྱང་ཡ་ང་བ་ནི་ལོ་རེ་བཞིན་ཇེ་ཐུ་ཇེ་ཐུར་འགྲོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལོ་རེ་བཞིན་གྱོད་གཞི་ས་ཡ་གཅིག་དང་འབུམ་ལྔ་རེ་འབྱུང་བཞིན་ཡོད་ཅིང་། ཚབས་ཆེན་རང་བཞིན་ཅན་གྱི་གྱོད་གཞི་འབུམ་ལྔ་རེ་འབྱུང་གི་ཡོད། ༡༩༨༥ལོ་ལས་ལྡབ་དྲུག་གིས་འཕར་ཡོད་པའམ། ཡང་ན་རྒྱལ་ཡོངས་སུ་སྐར་ཆ་ཉི་ཤུ་རེའི་ཡུན་ལ་གྱོད་དོན་རེ་བྱུང་ཞིང་། སྐར་མ་གང་རེའི་ཡུན་ལ་གྱོད་དོན་ཚབས་ཆེན་རེ་བྱུང་བ་རེད། ཐེངས་འདིའི་ཚད་མཐོར་འཕར་བའི་ཉེས་བསགས་ལ་གྲངས་འབོར་ཆེ་བ་ལས་གཞན། ད་དུང་ངེས་པར་དོ་ཁུར་བྱེད་དགོས་སའི་ཁྱད་ཆོས་གསར་བ་བཞི་ཡོད་དེ། ན་གཞོན་ཅན། རྩ་འཛུགས་ཅན། འཁོར་སྐྱོད་ཅན། རིག་ནུས་ཅན་བཅས་ལྡན་པས་སོ། །ལོ་རེ་བཞིན་ད་དུང་མི་ཚད་ལ་མ་ཕྱིན་པའི་ན་ཆུང་ཆིག་འབུམ་ལྔ་ཁྲི་ནས་ཉིས་འབུམ་ལས་བརྒལ་བ་ཙམ་གསོད་གཅོད་དང་འཕྲོག་བཅོམ་སོགས་ཀྱི་ལས་ལ་ཞུགས་བཞིན་ཡོད་ཅིང་། བྱེད་ཐབས་ཡ་ང་ཞིང་གདུག་རྩུབ་ཆེ་བ་ཡང་མི་དར་མས་གྱོད་དོན་བཟོ་ཚུལ་ལས་ཅུང་ཟད་ཀྱང་མི་དམན་པར་འདུག་གོ །གཞན་ཡང་རྒྱལ་ཡོངས་ཉེས་བསགས་ཀྱི་༦༠%ནི་སྤྱི་ཚོགས་གནོད་སྐྱོན་གྱི་རང་བཞིན་ཧ་ཅང་ཆེ་བའི་དཔུང་བརྡང་ཉེས་བསགས་ཁོངས་སུ་གཏོགས།  དེ་ལས་ཀྱང་ཆེས་དངགས་སྐྲག་སྐྱེད་པར་བྱེད་པ་ནི། སྤྱི་ཚོགས་ནག་པོའི་རང་བཞིན་ལྡན་པའི་ཉེས་བསགས་དཔུང་བརྡང་ཞིག་ཀྲུང་གོ་ན་མངོན་གསལ་དུ་འབྱུང་བཞིན་འདུག་ལ། འཇབ་རྒོལ་དོན་རྐྱེན་ཡང་དུས་དུས་སུ་མང་དུ་འབྱུང་བཞིན་ཡོད་དོ། །གློག་རྩིས་ལ་བརྟེན་ནས་ནག་ཉེས་བཟོ་བས་མཚོན་གསར་བྱུང་རིག་ནུས་ཅན་གྱི་ཉེས་བསགས་ཀྱི་རྣམ་པའང་དུས་དང་བསྟུན་ནས་འབྱུང་བཞིན་ཡོད། ཡིད་བརྟོན་ཉམས་དམས་ཀྱིས་དྲངས་པའི་རྩོད་པ་དང་གྱོད་གཞི་མང་བོ་ཞིག་ཀྱང་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་འདུག་གོ་ཞེས་བཤད་པས་སོ། །
     འོ་ན་ཅིའི་ཕྱིར་ཀུན་སྤྱོད་ལ་དེ་འདྲའི་ཉམ་ཆག་ཐེབས་པ་ཡིན་ཞེ་ན། བསམ་བློ་སྟོང་གསོབ་ཏུ་གྱུར་བའི་མཇུག་འབྲས་ཡིན་ནོ། །འོ་ན་ཅིའི་ཕྱིར་བསམ་བློ་དེ་ལྟར་སྟོང་གསོབ་ཏུ་གྱུར་བ་ཡིན་ཞེ་ན། དེ་ནི་ཡང་དག་པའི་དད་མོས་ཉམས་པའི་མཇུག་འབྲས་ཡིན་ནོ། །གལ་ཏེ་མིའི་རིགས་ལ་ཡང་དག་པའི་དད་མོས་ཤིག་མེད་པར་གྱུར་ན་ནི། ཐལ་ཆེ་བའི་སྒེར་སེམས་དང་སྐམ་སྲེད་སོགས་ངན་རིགས་བརྒྱུད་མར་འཁོར་བའི་གཅོང་ནད་འདི་གསོ་ཞིང་བཅོས་པའི་བདུད་རྩི་སྨན་མཆོག་ཅིག་ཤིན་ཏུ་རྙེད་དཀའ་བས། རང་བཞིན་གྱིས་མུ་མཐུད་དུ་འབྱུང་བར་འགྱུར་བ་ནི། གནས་ལུགས་མཐོང་བའི་བློ་མིག་དང་། ཀུན་སྤྱོད་ཉམས་པར་འགྱུར་བ། སྒྲིག་ལམ་འཁྲུགས་པར་འགྱུར་བ་སོགས་ལས་མ་འདས་ཤིང་། དེ་ལ་བརྟེན་ནས་བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་བྱེད་པ་དང་། ལུགས་མེད་བཙན་དབང་དེ་གནས་ལུགས་ཀྱི་ཚབ་ཏུ་འཇོག་པ་སོགས་ཡ་མ་གཟུགས་ཀྱི་སྣང་ཚུལ་ཅི་ཡང་འབྱུང་བར་འགྱུར་བ་ཉིད་དོ། །སེམས་ཀྱི་ནད་སེལ་བ་ལ་ཆེས་མཆོག་ཏུ་བསྔགས་པའི་སྨན་བཟང་བོ་ནི་ནང་བསྟན་ལས་ལྷག་པ་ཞིག་མེད་ཅིང་། སྒོམ་བསྒྲུབ་བྱེད་པའི་རྩ་ལག་ཡོངས་སུ་རྫོགས་པའི་སེམས་སྦྱོང་གི་སྨན་མཆོག་ནི་བོད་བརྒྱུད་ནང་བསྟན་ལས་ལྷག་པ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བོད་བརྒྱུད་ནང་བསྟན་ནི་བསམ་བློ་སྟོང་གསོབ་དང་ཀུན་སྤྱོད་ཉམས་ཆག་གི་ནད་ཀྱིས་ཡོངས་སུ་ཟིན་པའི་ཀྲུང་གོ་བ་ཐམས་ཅད་སྐྱོབ་ཅིང་འཆོས་པར་བྱེད་པའི་ཐུན་མིན་གྱི་སྨན་མཆོག་ཅིག་ཡིན་ནོ། །
   གོང་དུ་བཤད་པ་ལྟར། ད་ལྟའི་ཀྲུང་གོ་བ་ལ་ཆེས་དཀོན་པ་ནི་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཆོས་ཉིད་དུ་ཤེས་པའི་རྒྱུ་འབྲས་བསླུ་མེད་དུ་རྟོགས་པའི་བློ་དང་། ཇ་ལན་འོ་མས་འཇལ་བར་འདོད་པའི་དྲིན་གཟོའི་སེམས་དང་། ལན་ལ་མི་བལྟ་བའམ་རང་དོན་ཡིད་བྱེད་ཀྱིས་མ་ལྷད་པའི་གཞན་ཕན་བསྒྲུབ་པའི་བསམ་བློ་སོགས་ཡིན་པ་ནི་ཧ་ཅང་གསལ་བོ་རེད། དེས་ན་བསམ་བློའི་དཔལ་ཡོན་འཛུགས་བསྐྲུན་ལ་ཤུགས་བསྣོན་བརྒྱག་དགོས་ཞེས་འུད་ཇི་ལྟར་བསྒྲགས་ཀྱང་། གོང་དུ་བཤད་པའི་བསམ་བློ་ཡང་དག་པ་དེ་དག་མེད་ན་ནི། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་རྒྱུ་ཡིན་ཟེར་བའི་རྨི་ལམ་སྐྱིད་པོ་དེ་ནམ་ཡིན་ཡང་རྨི་ལམ་དུ་ལུས་རྒྱུ་ལས་མ་འདས་པས། ཕུགས་བསམ་དེ་མངོན་གྱུར་ཡོང་བའི་ཆེད་དམ། ཀྲུང་གོ་བ་ཡོངས་ཀུན་སྤྱོད་ཉམས་ཆག་དང་བསམ་བློ་སྟོང་གསོབ་ཏུ་གྱུར་བའི་དུས་རབས་ཀྱི་རིམས་ནད་འཇིགས་སུ་རུང་བ་འདི་ལས་སྐྱོབ་པའི་ཆེད་དུ། བསམ་བློ་ལེགས་བཅོས་བྱེད་པའི་བདུད་རྩི་སྨན་མཆོག་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱས་ན་མི་ཆོག་པ་ཅི་ཞིག་ཡོད་སྙམ་མོ།།གལ་ཏེ་བོད་བརྒྱུད་ནང་བསྟན་ནི་བོད་རིགས་སྤུན་ཟླ་དང་འབྲེལ་ཡོད་པས་དེའི་རིན་ཐང་ཁས་མི་ལེན་པ་ཡིན་ན་ནི། བསམ་བློ་ཆེས་གུ་དོག་ཆེ་བ་ཞིག་སྟེ། འོ་ན་ནང་བསྟན་ཡང་ཐོག་མ་ཉིད་ནས་ཀྲུང་གོ་བ་རང་ཉིད་ཀྱི་བསམ་བློ་ལས་བྱུང་བ་ཞིག་མིན་པའི་རྒྱུ་མཚན་གྱིས། དེ་ལ་བསམ་བློའི་ཕོངས་པ་སེལ་བའི་ནུས་པ་ཞིག་ཡོད་པ་དེ་ཡང་མིག་བཙུམ་ནས་ཁས་མི་ལེན་པ་ཡིན་ནམ། སྨན་ལ་ནད་བཅོས་པའི་ནུས་པ་ཡོད་པའི་རྒྱུ་མཚན་གྱིས། མི་རིགས་དང་རྒྱལ་ཁབ་སོགས་ཀྱི་དབྱེ་བ་མི་འབྱེད་པར་སུ་ལ་མཁོ་ན་དེས་བསྟེན་རིགས་པས་ཐུན་མོང་ལ་དབང་བ་ལྟར། བོད་བརྒྱུད་ནང་བསྟན་ཡང་དེ་ལྟར་ཅི་ལ་མིན།
༢༠༡༦ལོའི་ཟླ་༤ཚེས་༢༩ཉིན། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ནས།

 ༢༠༡༦ལོའི་ཟླ་༤ཚེས་༢༦ཉིན། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ནས།



རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།   ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xun1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498178
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།