གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་གཉིས་དང་བོའི་ཆེད་བསྒྲིགས་སྙན་རྩོམ་བདམས་བཀོད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་གཉིས་དང་བོའི་ཆེད
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་གཉིས་དང་བོའི་ཆེད་བསྒྲིགས་སྙན་རྩོམ་བདམས་བཀོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-23ལྟ་ཀློག (7022)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་གཉིས་དང་བོའི་ཆེད་བསྒྲིགས་སྙན་རྩོམ་བདམས་བཀོད།


ཤི་གསོན་བར་གྱི་འཕྲིན་པ།

  མཐོ་གཉིས་དང་བོ།  ལྡོང་རྒྱུད་ཡོན་ཏན་འོད།

                                                                  གཞན་གྱི་ཚབ་ཏུ་བྲིས་པ།                                        

སྒྱུ་མའི་རྒྱ་མཚོ་བསྐྱོམས་པའི་འཐོར་རླུང་གིས་བདས་པའི།།

དབང་མེད་ལས་ཀྱི་གཡོར་གྲུའི་བ་དན་གྱི་དར་ལྕེ།།

མྱ་ངན་སེམས་ཀྱི་རབ་ཁར་ལྷག་ལྷག་ཏུ་བརྡབས་པས།།

སྐྱོ་ཡུས་ཁོང་ནས་རྡོལ་བའི་ཚོར་འདུ་ཞིག་བསླངས་སོ།།

སྐྱེ་འབྲས་མེ་ཏོག་མཚར་བས་གཞན་ཡིད་དུ་སྡུག་ཀྱང་།།

མཛའ་བའི་སེམས་པ་ཁྲེལ་གྱིས་ཁོ་བོ་ལ་གཏད་པའི།།

ལས་མཐུན་གྲོགས་ལ་འཆི་བདག་ཞགས་ཐག་གིས་ཐེབས་པས།།

གནམ་འོག་འདི་ཡི་ཕོ་སྐྱེས་གཉོམ་པོ་དེར་ལུས་སོ།།

ཟོལ་མེད་དུང་སེམས་གཙང་མའི་བུ་ག་ལས་རྡོལ་བའི།།

འཁྲེང་ཞེན་རླབས་དཀར་རྒོད་པའི་སྙིང་གཏམ་གྱི་ཆུ་མིག།

མ་བཅོས་ཁྲེལ་གཞུང་དཀར་བའི་ཡིད་གཅུགས་ཀྱི་ཞལ་ལས།།

བསྐལ་བར་མྱོང་བའི་ལས་དབང་སུ་ཞིག་གིས་འཕྲོག་སོང་།།

བཅོས་མིན་གཤིས་ལ་ཟོལ་མའི་དུང་སེམས་ཀྱིས་དག་ཅིང་།།

ཟླ་དཀར་བཞིན་སྣོད་ཟུར་མིག་སྦྲང་ཆང་གིས་ལྟེམས་པས།།

མཐོང་བས་ན་ཆུང་སེམས་རྩ་དབང་མེད་དུ་སྦྲིད་པའི།།

དྲི་ཟའི་ཆོ་འཕྲུལ་ཡིད་འཕྲོག་ལྷ་མོ་དེ་གར་སོང་།།

འཇམ་མཉེན་སོར་མོའི་ལྗོན་པ་ཕྲ་མོ་ཡིས་བསྐུལ་ཏེ།།

གནག་སྣུམ་སྐྲ་ལོའི་སིལ་བུ་ཕྲག་ཀོང་དུ་གློད་ཅིང་།།

མིག་གི་མེ་ཏོག་དུང་སེམས་མཆི་མ་ཡིས་སྦངས་ཏེ།།

གཅེས་པའི་འོ་ཞིམ་སྟེར་བའི་སྙིང་དུམ་དེ་གར་སོང་།།

ཚེམས་དཀར་གེ་སར་ཕྲེང་བའི་སོ་གོས་ཀྱི་འདབ་མས།།

གཞོན་ནུ་བུང་བ་འགུགས་པའི་སྒྱུ་འཕྲུལ་གྱི་སྟངས་ཀ།

སྙན་ལ་པི་ཝང་བསྣུན་པའི་ཆོ་ག་བཞིན་སྟེར་བའི།།

མཚར་སྡུག་གཤིས་ཀྱིས་སྒེག་པའི་ན་ཆུང་དེ་གར་སོང་།།

སྤོས་ཤིང་ཁ་རླུང་ལྡང་བའི་བསུང་ཞིམ་གྱིས་འཁྱུད་པའི།།

འཁྲིལ་ལྡེམ་ལུས་ཀྱི་ལྕུག་མ་མཉེན་འཇམ་གྱིས་བརྟས་ཤིང་།།

རེག་པས་ལུས་སྐྱེས་ཕྲ་མོའི་སྤུ་ལོང་དེ་གཡོ་བའི།།

སྒྱུ་རྩལ་སྟངས་ཀ་འཛོམས་པའི་སེམས་རིལ་དེ་གར་སོང་།།

རི་དང་རྒྱ་མཚོས་མ་ཆོད་དུང་སེམས་ཀྱིས་སྦྲེལ་ཅིང་།།

དར་ཟབ་གོས་ཀྱིས་མ་ཁོག་ཤ་འཇམ་དེ་འདྲེས་པས།།

ཟོལ་མདོག་དུང་བའི་གཡེར་བག་རང་ཚུགས་ཀྱིས་ལྷོད་པའི།།

སྨན་ཆུང་ཡིད་ཀྱི་གང་བུའི་མཚར་སྡུག་དེ་སུས་བསྐམས།།

འགྲོ་ན་མིག་ཆུས་བརླན་པའི་གཅོང་སེམས་ཀྱིས་སྐྱེལ་ཞིང་།།

བསྡད་ན་དུང་བས་ལྟེམས་པའི་འོ་སེམས་དེ་བླུད་པའི།།

མ་བསླད་མཛའ་བ་དག་པའི་ཡི་ག་རུ་འཕྲོད་པའི།།

སྙིང་གི་ཚིལ་ལུ་རི་དྭགས་མིག་ཅན་དེ་གར་སོང་།།

ད་ནི་མི་ཡུལ་དགུན་གྱི་ཁ་བ་འདི་སྟུག་ཅིང་།།

སེམས་པའི་རྒྱ་མཐོངས་བདེ་སྐྱིད་ཉི་ཟེར་གྱིས་དབེན་པས།།

སྙིང་ཐུབ་སེམས་སོང་ལྷ་མོའི་དུར་བྱང་ལ་བལྟས་ཏེ།།

འཁོར་བ་གཏིང་ནས་དཀྲུག་པའི་མྱ་ངན་ཞིག་བྱེད་འདོད།།

འཁྲུལ་སྣང་ན་བུན་ཀློང་གི་ཆུང་གྲོགས་ཀྱི་བཞིན་རས།།

མ་བརྟག་སེམས་ཀྱི་སྒེའུ་ཁུང་གཡེར་བོ་ནས་འཛུམ་པས།།

ཚོར་བའི་གྲི་ཡིས་སྒྱུ་མའི་སེང་རས་དེ་གཤགས་རྗེས།།

སྡུག་པའི་ཞལ་རས་བདེན་པའི་མཐོང་ལམ་ན་མེད་དོ།།

ལྷ་མོའི་གཅེས་བྱམས་འཕྲོས་པའི་ལྡུམ་ར་འདིའི་ནང་ན།།

ན་ནིང་ད་ཚོད་བཏབ་པའི་རྒྱ་སེ་ཞིག་བཞད་འདུག།

སྙིང་ཐུབ་འཛུམ་དགོད་ལྷང་ངེར་བདག་དྲུང་དུ་ཡོད་ན།།

སྨིན་ལེགས་ཁོ་མོ་དགའ་ཕྱིར་སྐྲ་ལོ་ལ་གཟེར་ཨང་།།

 

 ཁེར་རྐྱང་གིས་བཞེངས་པའི་གླུ།

                        མཐོ་གཉིས་དང་བོ།  ཁ་བ་ལེབ་མོ།

ལྕགས་ཀྱི་སྡེར་མོས་ལུས་ལ་བྲབ་བྱས་ཀྱང་།།

བྱམས་པའི་གོ་ཆ་སྙིང་གི་རྩ་ན་མཐུག།།

ཚེ་རབས་སྟོང་ལ་སྦྱངས་པའི་སྙན་ངག་གིས།།

མིག་ཆུ་བྱུར་རྡོག་འདྲ་བོ་འཐོར་དུ་བཅུག།།


རྡོ་གཅལ་འཁོར་བ་བཞིན་དུ་འཁྱགས་ན་ཡང་།།

དཀའ་ཐུབ་སྤྱོད་པའི་དཔའ་གདེངས་ནང་ན་ཡོད།།

བརྩེ་བའི་ཨ་ལོང་ཟིན་པའི་ཤིང་ཁེམ་གྱིས།།

སེམས་པའི་ཀོ་གྲུ་གཙང་བོའི་གཞུང་ལ་དེད།།


གསང་བའི་དགུ་མདུད་དམ་བཅས་གྲུབ་ན་ཡང་།།

དཀོན་མཆོག་ལྷ་ཡི་མདུན་དུ་སུ་ཡིས་གསང་།།

དམྱལ་བའི་སྡུག་བསྔལ་ཁུར་བའི་སེམས་པ་འདི།།

འཁོར་བ་མཚོ་རྙོག་འདྲ་བོའི་གཏིང་ལ་ནུབ།།


མི་ཚེ་སུ་རུའི་མེ་ཏོག་ཆུང་ཆུང་དེ།།

དོག་མོའི་གཞུང་ལས་ཡུན་དུ་འཚོ་འདོད་ཀྱང་།།

སྟོན་རླུང་སྤུར་གྲིའི་ཁ་རུ་འཕྱན་པ་དེ།།

སེམས་པ་གཤོག་པ་ཅན་པོ་དཀྲོག་པའི་རྒྱུ།།


འདོ་རིགས་རྟ་ཕོའི་བང་གིས་མི་ཆོད་པའི།།

འཁོར་བ་སྡུག་གི་བྱེ་ཐང་འགྲིམས་དུས་སུ།།

མི་འདོད་ལས་ཀྱི་ཚེར་མའི་གློ་གྲི་ཡིས།།

དུངས་པའི་དཀྱིལ་འཁོར་དུམ་བུ་བརྒྱ་རུ་གཏུབས།།


མིག་ཆུ་དྭངས་མོས་བྲིས་པའི་སྙན་ངག་ཅིག།།

རྟོག་བཏགས་དབྱངས་ཀྱི་ལྷུ་ཚིགས་མ་བསྒྲིག་པར།།

ངག་གི་སྒོ་འཕར་བཙན་གྱིས་བསྡམས་ན་ཡང་།།

སྡུག་པའི་སེམས་ཀྱིས་སྨེ་སྔགས་ཤུར་ཤུར་བཏོན།།


ཚེ་གཅིག་ལས་ཀྱིས་བྲིས་པའི་མཚོ་ཁ་རུ།།

སྣང་བ་ངང་མོ་འདྲ་བོས་ལྡིང་སྐོར་རྒྱབ།།

ལང་ཚོའི་སྙིང་བོ་བཏོགས་པའི་ཟུར་མིག་ལ།།

གཉེར་མ་ཤུར་མ་འདྲ་ཞིག་འཐེན་ནས་ཡོད།།

 

ཁ་བའི་མེ་ཏོག་གི་དབྱངས་རྟ།

               དྲ་གྲོགསYCལ་ཕུལ་བ།

                            མཐོ་གཉིས་དང་བོ། པད་མ་རང་གསལ།

གསེར་གྱི་ལོ་མ་ཞིག་མཁའ་རུ་སྤུར་བའི་མོད་ལ། །

སེམས་ཀྱི་རོལ་དབྱངས་དེ་རུས་པའི་རྐང་ལ་ཟུག་སོང་། །

འགྱུར་མེད་དམ་ཚིག་གི་ལྟ་བའི་དཀྱིལ་འཁོར་ངོས་སུ། །

ལྷུན་གྲུབ་འོད་གསལ་གྱི་འཛུམ་ཞལ་ཆེམ་ཆེམ་འཕྲོས་སོང་། །

 

ས་འཛིན་དངུལ་དཀར་གྱི་མེ་ལོང་དག་པ་འདྲ་སྟེ། །

རབ་དཀར་འདབ་དྲུག་གི་ཁ་བའི་མེ་ཏོག་བབས་བྱུང་། །

མཛའ་གཅུགས་དར་དཀར་གྱི་མདུད་རྒྱ་དམ་དུ་སྦྲེལ་ཡོད། །

སྙན་ངག་རིག་བྱེད་མའི་ཐིག་ལེ་རིང་དུ་བསྲིངས་ཤོག །


མི་རབས་གསར་བ་འདི་དུས་རབས་གསར་བའི་ན་གཞོན། །

གསར་རྙིང་རིག་གཞུང་གིས་གོ་ལ་སྒུལ་བར་སྤོབས་ན། །

དག་པ་ཆོས་དབྱིངས་ཀྱི་མཁའ་སྤྱོད་ཕོ་བྲང་དབུས་སུ། །

རྒྱལ་ཁམས་ཟིལ་གནོན་གྱི་གད་རྒྱངས་དཀྲོལ་ཡ་ངས་བྱེད། །


སྲོག་གི་རྒྱུད་སྐུད་ལ་དབྱངས་གསལ་གྲེ་བ་འཐེན་ནས། །

གནས་ལུགས་ཨ་ཁ་མས་རེ་དོགས་སང་སང་དཀྲོལ་ཏེ། །

ནམ་མཁའི་རྡུལ་ཕྲན་ཡང་སྤར་མོས་བྲད་པའི་ཉིན་མོ། །

བཞུར་བའི་སྒྲ་དབྱངས་ལ་ངག་གི་དགའ་སྟོན་ངས་བཤམས། །


མེས་པོ་སྲོང་བཙན་གྱིས་དཔའ་བོའི་མཛད་ཆེན་བཞག་མྱོང་། །

དགེ་ཆོས་སྨྱོན་པ་ཡིས་རིག་པའི་གཏམ་རྒྱུད་བྲིས་ཡོད། །

ཁྱོད་ནི་རྨི་ལམ་གྱི་དུད་པ་དཀར་བོ་འདྲ་སྟེ། །

ཡངས་པའི་ནམ་མཁའ་ལ་བརྩོན་པའི་རྩལ་གྱིས་འཕུར་ཤོག །


མི་ཚུགས་ལས་སྒྲིབ་ཀྱི་བཀའ་འདི་བསྒྱུར་བར་དཀའ་ཞིང་། །

ཟག་བཅས་ཉེར་ལེན་གྱི་ཕུང་བོ་རྟག་ཏུ་མེད་མོད། །

ལུགས་གཉིས་བདེ་ཆེན་གྱི་གཏམས་པ་ལྷུག་གེར་གྲོལ་ན། །

དོན་དམ་རྨི་ལམ་གྱི་འཛུམ་པ་དབྱིངས་སུ་བཀྲ་འོང་། །


མ་བཅོས་འཇིན་རྟེན་འདིའི་སྣང་བ་རྡེ་འུ་ཁྲ་ཁྲ། །

དུས་རབས་གསར་སྙིང་གི་དབྱེ་བའི་མཚམས་ཐིག་འདི་ལ། །

ཤེས་རབ་གྱི་ལིང་གི་རྟ་ཕོ་གཤོག་ཐོགས་འདྲ་ན། །

མྱུར་མགྱོགས་རྩལ་དྲུག་གི་གོམ་སྒྲ་གངས་ལ་འབྲི་དགོས། །


ཐོ་རེངས་སྐར་ཆེན་དག་ལག་པའི་མཐིལ་དུ་བླངས་ན། །

ཕྱི་ཡི་འཇིག་རྟེན་འདི་གཡུ་ཡི་མེ་ལོང་འདྲ་ཡང་། །

བཅུ་ཕྲག་རིག་གཞུང་གི་ཟེ་བ་རྒྱ་མཚོའི་འཇིངས་རེད། །

དག་པ་རྨི་ལམ་གྱི་འོད་ཟེར་ལྷ་ལས་ཆད་འོང་། །


ལྟ་བ་གཉུག་གཤིས་ཀྱི་འདོད་པ་རིང་དུ་རྒོད་ཀྱང་། །

རང་ཚུགས་སྲིད་སྒྲུབ་ཀྱི་མདའ་མོ་གཡུལ་དུ་སྤྲད་ཤོག །

དུས་ཚོད་འཁོར་ལོ་ཡི་མདའ་རྩེར་ཁྲག་རྒྱུན་ཁོལ་ཅིང་། །

མ་བོས་སྙན་ཚིག་གི་དོ་ཤལ་མགུལ་དུ་དཔྱངས་ཡོད། །

 

སྨིན་མའི་འོད་ཟེར་ལ་རིག་འཛིན་འཁོར་ཚོགས་འདུས་པའི། །

མགྲིན་པའི་ལོངས་སྤྱོད་ལ་འདོད་པའི་རོལ་ཆ་རྫོགས་པ། །

ཚངས་པའི་སྲས་མོ་ཡང་ཁྱེད་ཉིད་ཡིན་པ་འདྲ་འདྲ། །

བུ་མོ་ཟླ་བ་བཞིན་རེ་བའི་དབྱིངས་སུ་འཛུམ་ཤོག །


སྦྲང་ཆར་སིམ་སིམ་་གྱི་དབུས་སུ་ཉི་ཟེར་གསལ་ཞིང་། །

སྣང་བ་ཟིར་ཟིར་གྱི་ཀློང་དུ་རོལ་དབྱངས་སིམ་པས། །

བརྩེ་གཞུང་འཛིན་མ་ཡི་མེ་ཏོག་གད་པ་འདྲ་སྟེ། །

ཀུན་རྟོག་སྤྲིན་དཀར་གྱི་འདབ་མ་ལྷུག་གེར་གྲོལ་འདུག །

 

ཟླ་བ་ཁྱེད་ཉིད་བཞིན་འཛུམ་པ་མཚན་མོའི་དུས་ཤིག །

སྐར་ཚོགས་རྨི་ལམ་བཞིན་བཀྲ་བ་ཞོགས་པའི་སུལ་ཞིག །

ངས་ནི་སྙིང་ཆུང་འདི་ཕྱེ་ལེབ་གཤོག་པར་བཅུག་སྟེ། །

ཧ་ལམ་འཕྲིན་ཐུང་འདིར་སེམས་པ་མེ་རུ་བསྲེགས་ཡོད། །

 

ཀུབ་རྫོབ་ལྷན་པ་ཡིས་སྣང་བ་ལན་བརྒྱར་བཙེམས་ཀྱང་། །

ན་རགས་སྤུ་གྲི་ཡིས་ལུས་ཟུངས་ཚལ་བུར་གཤགས་མོད། །

ཚོགས་དྲུག་རྣམ་ཤེས་ལ་ཆགས་པའི་མེ་ཏོག་དམར་བོ། །

དུས་ཀྱི་བསྐལ་བ་ཡི་མཐའ་རུ་སྤྲོད་ཐབས་མེད་པས། །


འཛུམ་པའི་ཟླ་འོད་ལ་འཚེར་བ་སྐར་མའི་སྨིན་མ། །

ཁྱོད་དང་ང་གཉིས་ཀྱི་འཇིག་རྟེན་བྱེད་པོ་ལགས་ན། །

གངས་ཀྱི་རང་མདངས་ལས་ཆད་པ་རྨི་ལམ་དཀྲོགས་ཏེ། །

ནམ་ཞིག་ཆང་དཀར་གྱི་ལྦུ་བའི་གཟེབ་ཏུ་འཕྲད་ཆོག །

    ༢༠༡༥.༡༠.༢༦ཉིན་རྭ་རྒྱ་ནས།

 

ཡང་དག་བོད་ཀྱི་འདས་སོང་རིན་ཆེན་མུ་ཏིག་འཛུམ་པའི་ཕྲེང་བ།

                                                མཐོ་གཉིས་དང་བོ།      རྐང་བསོད་བློ།        

བདེན་གཉིས་ལུགས་བཟང་མཚམས་སྤྲིན་གསར་བའི་མདངས།།

རབ་འབྱམས་བྱེ་བའི་ཁྱོན་དིུཡོངས་གང་བའི།།

མཁྱེན་དཔྱོད་རིག་པའི་མཛོད་འཛིན་ལྷག་པའི་ལྷ།།

ཚུར་བྱོན་བརྩེ་བའི་དངོས་གྲུབ་ད་ཚུར་བྱོན།།

 

མ་དག་འགྲོ་བའི་སྡུག་སྒྲིབ་ཁུར་ལྕི་བས།།

མ་ལུས་ད་ལྟ་བདག་ལ་སྨིན་གྱུར་ནས།།

མ་བསམ་བརྗོད་བྲལ་གདུང་བའི་དབྱངས་འགྲོས་སུ།།

མ་གསང་དྲན་པའི་མུ་ཏིག་བྱུར་བུར་གཏམས།།

 

ས་ཆེན་མུ་ཏིག་ཕྲེང་བའི་ལྟོ་བ་རུ།།

སྐྱེ་བ་སྟོང་ལ་བསགས་པའི་དགེ་སྦྱོང་གིས།།

རིན་ཆེན་ཀུན་བྲལ་འགྲོ་མཆོག་དལ་བའི་རྟེན།།

བྱང་སེམས་བྲག་སྤྲེལ་འཛོམས་པའི་མཐུ་ལས་མཆེད།།


རྩྭ་ལོ་ལྟོ་གོས་བགྱིས་པའི་དུས་མཚམས་ནས།།

མི་མཚུངས་རིག་པའི་གཤོག་རྩལ་རབ་རྒྱས་ཏེ།།

མཁའ་ལྡིང་ཆུ་འཛིན་གཅོད་པའི་སྙིང་སྟོབས་ཀྱིས།།

སིལ་ཕྲན་གླིང་རྣམས་བཀོད་པས་གཅིག་ཏུ་བགྱིས།།


སྙིང་སྟོབས་དགུ་འགྱུར་རྡོ་རྗེ་གོ་མཚོན་གྱི།།

དཔྱོད་རྟོགས་ཤེས་རབ་འཁྱུག་པའི་གཞོན་ནུ་དེས།།

འཕོ་འགྱུར་སྟོང་གིས་བརྫུས་པའི་འཇིག་རྟེན་ནས།།

རང་སྟོབས་དཔྱོད་པའི་མེ་དཔུང་མཁའ་རུ་སྦར།།


གངས་རིའི་མུ་ཁྱུད་གོ་ལའི་ཡང་ཏོག་ཏུ།།

རྒྱལ་བསྟན་གསེར་རིའི་དབུ་འཕང་བླ་ན་འཕགས།།

སྲིད་གསུམ་མི་བརྟན་གཡོ་བའི་ཆོས་ཉིད་ཀྱིས།།

སྣ་ཚོགས་ལས་ཀྱི་གཞི་ལ་ཀུ་རེ་སྟོང་།།

 

མིདབང་ལྷ་ཡི་སྲས་མཆོག་འགྲོ་བའི་གཉེན།།

བྱམས་བརྩིའི་འོད་ཀྱི་ཟགས་མ་འཕོས་པ་ཡིས།།

མངའ་འབངས་ལུགས་བཟང་བདེན་པའི་གོ་ཆ་ལ།།

འཛེག་པའི་སྐལ་བཟང་དང་བོ་འདི་ལྷར་བྱུང་།།

 

འོད་ཀྱི་ཐིག་ལེར་སྐུ་འཁྲུངས་མཐུ་རྩལ་སྟོང་།།

ཁྲི་བདུན་མི་ཡུལ་སྲིན་པོའི་ཁ་གནོན་དུ།།

ལེགས་འཁྲུངས་བསོད་ནམས་བསགས་པའི་མཐུ་སྟོབས་ཀྱིས།།

བཀོད་པས་རི་མོར་བརྐོས་པ་ཨེ་མ་རྨད།།

 

དཔྱོད་རྟོགས་གློག་གི་སྒྱུ་འཕྲུལ་མྱུར་བོ་ཡིས།།

མངའ་འབངས་ལོངས་སྤྱོད་ཉི་ཟླའི་སྣང་བ་བསྩལ།།

ཟླ་མེད་མཛངས་བློན་རྗེ་ཡི་ཁ་ལོ་ཡང་།།

སྣང་གསལ་སྒྲོན་མེའི་མདངས་སུ་རབ་ཏུ་མཚེར།།

 

རྡོ་རྗེ་གོ་མཚོན་སྲོག་གི་ཐུར་མ་ཡིས།།

མྱ་ངན་སྐུད་པའི་ལོ་རྒྱས་གཅལ་དུ་བཞག།

སྲས་པོ་ལེགས་དྲུག་འཁྲུངས་པའི་བཤུལ་ལམ་ན།།

ངོ་མཚར་གནད་ཀྱི་རྗེས་ཤུལ་མ་མངོན་ནོ།།

 

དགེ་ལེགས་ཚོགས་གཉིས་བསགས་པའི་ལས་མཐུ་ཡིས།།

རྨད་བྱུང་ཟླ་བྲལ་དམ་ཆོས་སྣང་གསལ་གཟུགས།།

བྱུང་བ་རྟེན་ཙམ་གདུང་རབས་ལྔ་བ་ན།།

དོན་རྟོགས་ཆེས་ཆེར་དར་བའི་དགོངས་པ་དཀྲོལ།།

 

དུས་གསུམ་མཁྱེན་པའི་གཅིག་བསྡུས་ངོ་བོ་ཉིད།།

སྙིང་རྗེའི་སྐུ་འཁྲུངས་མི་དབང་སྲོང་བཙན་རྗེ།།

འཇིག་རྟེན་བྱེ་བའི་གྲངས་ན་ཚ་ཟེར་བཞིན།།

གངས་རིའི་མུ་ཁྱུད་དོ་ཤལ་རྒྱན་དུ་གཏམས།།

 

ལུགས་གཉིས་འཁོར་ལོའི་རིན་ཆེན་མུ་ཏིག་ཁྲིར།།

བཅགས་པའི་གཡུ་རལ་གཙིགས་པའི་བདེན་སྟོབས་ཀྱིས།།

ཆེན་པོ་གངས་བོད་བཙན་པོའི་མཐུ་དཔུང་གིས།།

སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་དེ་རྨད།།


ཤེས་རབ་གློག་གི་སྒྱུ་འཕྲུལ་མྱུར་བོ་ཡིས།།

སྟོབས་དཔུང་མེ་ལྕིའིརང་སྒྲ་གང་སར་མཆེད།།

གླིང་བཞིའི་རྒྱལ་ཁབ་སྟོང་གི་སྙིང་རྩ་ཡང་།།

ཡོམ་ཡོམ་འདར་བའི་ངར་སྐད་དབྱིངས་སུ་ཁྱབ།།


མཐུན་སྒྲིལ་གསེར་རིའི་རྒྱབ་རྟེན་དམ་པོ་ཡིས།།

མངའ་འབངས་ལོངས་སྤྱོད་དཔལ་གྱི་པད་མོ་འཁྲུངས།།

མཐའ་བཞིའི་རྒྱལ་ཕྲན་སྟོང་གི་སོ་མཚམས་སུ།།

མཛད་འཕྲིན་བུམ་བཟང་བདུད་རྩིའི་ཆུ་རྒྱུན་འཕྱོ།།


འཇིག་རྟེན་མིག་མཆོག་སྲིད་གསུམ་འདྲེན་པའི་དཔལ།།

མར་གྱུར་འགྲོ་བའི་རྒྱན་མཆོག་གཙུག་གི་ཏོག།

བདེན་སྟོང་དབྱེར་མེད་ཆོས་ཀྱི་ཕོ་བྲང་དུ།།

རྔུལ་ཆུས་ཕྲེང་ལམ་བརྟོལ་ཏེ་ལམ་ལ་ཆས།།


རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་མཐའ་རུ།།

ལེགས་པར་སོན་ལ་སྙན་པའི་བ་དན་གཡོ།།

མ་རིག་རྨོངས་མུན་སེལ་མཁས་ཉི་ཟླའི་དཔལ།།

སློབ་དཔོན་ཐོན་མིའི་ཕྱག་སོར་མཁའ་ལས་ཡངས།།


རབ་ལྡན་ལྷོད་མེད་འཁྱུག་པའི་ལྷག་བསམ་གྱིས།།

རབ་བརྗིད་གངས་དཀར་འཛིན་མའི་དཀྱིལ་འཁོར་ལ།།

རབ་གསལ་བློ་གྲོས་ཡངས་པོའི་གཟི་འོད་ཀྱི།།

རབ་མཆོག་ཟླ་མེད་རིག་པའི་གོ་ཆ་བརྩེགས།།


དུག་ལྔའི་འཆང་རྒྱ་ལྕགས་ཀྱི་དྲ་བ་ལ།།

དོན་མེད་བདེན་པ་རྟོགས་པའི་ཤེས་རབ་ཀྱིས།།

དམ་ཆོས་བདུད་རྩིའི་ཉི་གཞོན་གསལ་བོ་ཡིས།།

མཐའ་འཁོབ་སྨག་རུམ་སྲིད་པའི་མཐའ་རུ་སྤྱུགས།། 

ས་ཆེན་འཛིན་མས་མི་ཐེག་སྙན་པ་སྟོང་།།

སྲིད་གསུམ་གཅིག་བསྡུས་མི་བཟོད་སྟོབས་དཔང་འབུམ།།

གནམ་སིའི་བར་མཚམས་བསྲེས་པའི་ཀི་སྒྲ་ཡིས།།

གླིང་ཆེན་སྲིད་པའི་རྩེ་ན་སྙན་པ་འཕར།།

 

གངས་རིའི་མུ་ཁྱུད་སྐོར་བའི་མཆོག་ཏུ།།

བདུད་དཔུང་ཟིལ་གྱིས་གནོན་པའི་རྩལ་བོ་བདུན།།

ལ་སོགས་བགྲང་གིས་མི་ལངས་རྒྱ་མཚོའི་སིལ།།

བྱོན་མཛད་གངས་རིའི་དཔུང་གཉེན་བླ་ན་འཕགས།།


འོན་ཀྱང་མི་མཚུངས་ལྟ་བའི་གཉུག་སེམས་ཀྱིས།།

འགལ་འདུའི་མེ་ལྕེ་དམར་བོ་སྙིང་ལ་ཕབས།།

རིན་ཆེན་ཀུན་ལ་ངོམ་པའི་མཐའ་འབྲས་སུ།།

གོད་ཆག་མྱ་ངན་སྡུག་གི་ཁྲག་དམར་འཕྱུར།།


མི་བརྟན་སྲིད་པའི་ཆོས་ཉིད་མཚར་བོ་ཡིས།།

མི་ཤེས་རྨོངས་པའི་མུན་པ་རབ་གཡོས་ཏེ།།

མི་བཟོད་དགེ་སྦྱོང་སྲོག་གི་གོ་ཆ་ཡང་།།

མི་འདོད་ཐལ་དུ་སྤུངས་པའི་ལོ་རྒྱས་འཁྲུངས།།


བསླུ་མེད་ལས་ཀྱི་ཐུགས་བཀོད་བཟང་བོ་ཡིས།།

བསྟན་པའི་མེ་རོ་མདོ་ཁམས་ཡུལ་ནས་གསོས།།

རིག་པའི་གཤོག་རྩལ་རྒྱས་པའི་གངས་ཕྲུག་འབུམ།།

གནའ་དེང་ཤེས་བྱའི་མཚོ་ལ་རྔེམས་ཀྱིས་རོལ།།


འཚེ་མེད་ཞི་བདེའི་དར་ཆེན་དགོང་དུ་བསྙེགས།།

ཟླ་མེད་ཀུན་གཞིའི་ངོ་མཚར་བླ་ན་འབར།།

ཆེན་པོ་གངས་ལྗོངས་གསར་བའི་གཞིས་ཁྱིམ་ནས།།

སླར་ཡང་ཁྱེད་ཀྱི་སྙན་པ་སྲིད་ན་མཐོ།།

 


ངག་གི་གཞིས་ཀ
                  མཐོ་གཉིས་དང་བོ།   ཁ་བ་ལྗང་ལོ།
གངས་ཅན་ཆོས་ཀྱི་ཞིང་དང་ཞི་བདེ་ཁམས།
བཅུ་ཕྲག་རིག་པའི་གཙུག་ལག་ལྷུན་གྱིས་གྲུབ།།
སྐལ་ལྡན་རིགས་པའི་ཁྱུ་མཆོག་འབུམ་གྱི་སྡེས།།
ཉམ་ཆུང་སློབ་བུར་བྱིན་རླབས་གཏེར་ཆེན་སྩོལ།།

སྔོན་ནས་བསགས་པའི་ལས་ཀྱིས་མ་སྟོངས་ལ།།
ལས་འཕྲོའི་རྨུ་ཐག་གདོད་ནས་མ་ཆད་པའི།།
ལས་མཐུན་དགེ་སློབ་སྟོང་གི་ལྷན་འཛོམས་སྐལ།།
འདས་མ་ད་གསུམ་ཁྱོན་ལ་རྒྱལ་གྱུར་ཅིག།

སྙན་ངག་ལྷ་མོར་དད་པའི་གསང་བ་སྨྱོན།།
ཕུགས་བསམ་རི་མོར་དུང་བའི་ཞེན་པ་དཀར།།
དཀར་གསལ་ཟླ་བ་འཚོ་བའི་སེམས་ཀྱི་མཚོ།།
དྲན་རིག་རྣམ་དཔྱོད་དཔུང་གིས་ཡང་ཡང་སྐྱོམ།།

མཛའ་བོའི་རྐང་རྗེས་སྒྱུ་མའི་གྲོང་ལ་འཁྱོར།།
མཛའ་མོའི་སྨྲེ་ངག་སྲིད་པའི་སྒྲུང་ལ་འགྲན།།
སྐྱིད་སྡུག་རིས་མེད་འཁོར་བའི་སྡིངས་ཆ་རུ།།
རེ་བའི་སྨོན་པ་ཚངས་སྲས་དབྱངས་ཀྱིས་དཀྲོལ།།

སྐྱོ་བའི་དངན་པ་སྲིད་གསུམ་གང་དུ་འཁྲིགས།།
ངུ་ངག་མཚར་རོ་དེ་ཡང་དེ་བཞིན་འཁྲིགས།།
གནས་ལུགས་མཛའ་མོའི་རུམ་ཁ་གློད་ཚུལ་འདི།།
བསྐལ་བའི་ཟློས་གར་སྐྱ་བོའི་རིང་ལུགས་ཡིན།།

འཁྱམ་པོའི་སྨྲེང་བ་སྲོད་ཁའི་ཟླ་བར་གཏད།།
སྨོན་པ་དགུ་རུ་ལྟེབས་ཏེ་ཟླ་བར་དཀྲིས།།
སང་ཤར་གནངས་ཤར་ཡིན་པའི་ཟླ་བ་ལྷ།།
མ་སྐྱེས་ཨ་མའི་ས་ན་བྲེལ་འཚུབ་འཚུབ།།

མུན་པ་ནག་པོ་གཏིང་ནས་གཏིང་དུ་རུབ།།
དགུ་ཚིགས་སྐར་མ་འཇིགས་པའི་བྲེད་ཤ་ལངས།།
འཁྱམ་པོའི་རེ་སྒུག་སྟོད་ཀྱི་ཇག་པ་བཞིན།།
མུན་པ་ཇི་ལྟར་འཐིབས་ན་དེ་ལྟར་རྒོལ།།

སྐྱོ་དུས་སྨྲེང་བ་དབེན་པའི་དུར་སར་འཁྲེང་།།
དགའ་དུས་དུང་བ་གྲོང་ཚོའི་འདུ་འཛིར་གཡོ།།
ཁོམ་དུས་སེམས་འདུན་བཀླགས་པའི་འཆར་སྣང་ན།།
ངག་གི་གཞིས་ཀ་རང་དབང་གུར་དུ་ཆེ།།


 

 དེ་རིང་གི་བོད།  ང་ཡི་བོད། 

                           མཐོ་གཉིས་དང་བོ།   རྐང་གླིང་། 

   1འདི་ནས་ལུགས་ལྡོག་གིས་བརྩིས་པའི་བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ། ས་ཆེན་པོའི་མཛེས་སྡུག་ལ་གསེར་གྱི་ཡིག་འབྲུ་འཁྱུག་ཅིང་།གངས་ཀྱི་རྒྱབ་རི་ལ་འོད་ཀྱི་ཟེར་མ་མཆེད་པའི་ཕ་ས་སྣུམ་པོ་ཞིག་ཏུ”ཕ་རྒྱུད་ཙན་དན་སྡོང་བོ་ཙན་དན་སྡོང་བོའི་དྲི་བསུང་མ་ཡལ་ཞིང་། མ་རྒྱུད་གཡུ་འབྲུག་སྔོན་མོ་གཡུ་འབྲུག་སྔོན་མོའི་ངར་སྐད་མ་ཉམས”པའི་བོད་ཡང་དག་སྟེ། སམ་བྷོ་ཊའི་མཚན་གྱི་གདུགས་དཀར་སྟོང་བའི་ཁམས་ཆེན་པོའི་གཞི་དབྱིངས་སུ་བསྒྲེངས་ཏེ་ཡ་གླིང་ཤར་ རྒྱུད་ན་མངའ་ཐང་དང་དབུ་འཕང་གཞན་ལས་མཐོ་མྱོང་།  དེ་ནི”དམ་པ་རྣམས་ནི་ཁས་འཆེ་མི་བྱ་ཞིང་།  །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ།  །ཤི་ཡང་ གཞན་དུ་འགྱུར་བ་མ་ཡིན”པའི་གཏན་ཚིགས་ཀྱི་རྙི་ལས་མ་གྲོལ་བར་བསྐལ་བརྒྱར་མི་ནུབ་པའི་ སྙིང་སྟོབས་ཀྱི་རི་བོ་དམ་པ་གང་ཞིག་གིས་སྤོབས་པས་པང་དུ་ལེན་སྟངས་ཡིན། 

   2དུས་དེ་ཙ་ན་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་སོ་གཉིས་ཀྱིས་སྤྲས་པའི་ལྷ་ཚོགས་ཤིག  ཤར་ཕྱོགས་རྒྱ་མཚོའི་འགྲམ་ངོགས་ནས་མཛེས་སྡུག་གིས་འཕུར་ཏེ་ཧི་མ་ལའི་ བྲག་ཐེམ་དུ་ལྷོད་ཀྱིས་བབས། ལྟ་ན་སྡུག་པའི་གངས་རི་དང་རྩ་ཐང་ལ་ཡང་སྔར་མེད་ཀྱི་ཟུངས་ཁྲག་ འཕྱུར་ཏེ། དཔའ་བོའི་རྩལ་དྲུག་འཛམ་གླིང་ལ་འགྲན་པར་སྤོབས་པའི་ངར་ཤུགས་དང་དྲང་བདེན་ ཁོག་ན་འཕྱུར་བའི་མི་རིགས་ཀྱི་ལ་རྒྱ་དང་ཆོས་ལུགས་ཤིག་གི་ལྟ་བ་རྩོད་སའི་འབབ་སྟེགས་སུ་གྱུར།  སྐབས་དེར”འཛམ་གླིང་མི་རིགས་ཁྲོད་སྔོན་ནས་སོང་ཞིང་མགོ་ནས་བསྡད་པའི”སྟོབས་ཤུགས་དང་ དབང་ཐང་ཁྲི་གདུགས་ཉི་མར་རེག་ཅིང་ཇོ་མོ་གླང་མའི་རི་རྩེ་ནས་ཆས་ཤིང་ཕྱོགས་མེད་དུ་འཕུར།  

ད་དུང་། གངས་དཀར་བོའི་གཟི་མདངས་མཁའ་མཐར་འདྲེས་ཤིང་། ཡབ་མེས་གོང་མ་ དག་གིས་གླིང་བཞི་རིག་པས་བསྐོར་བའི་ཟིན་ཐོ་དངོས་མ་སྟེ།  གསེར་གྱི་གླེགས་བམ་དག་གི་

མཆོད་སྟེགས་སུ་བཞེངས་པས། མདོ་སྔགས་རིག་གཞུང་བརྒྱད་ཁྲི་བཞི་སྟོང་གི་རྫོང་དུ་གྲུབ་པའི་ཆུ་བཞི་སྒང་དྲུག་གི་ཡུལ་གྲུ་དམ་པ་འདིར། ཉི་འོད་གངས་ལ་ཕོག་འདྲའི་ཤེས་རབ་ཀྱི་མདངས་ལ་ གཡའ་དག་པའི་གཟི་བྱིན་འབར་ཅིང་།  ཡར་ཀླུང་གཙང་བོའི་རླབས་རྒྱུན་དང་བསྡོངས་ཏེ་མཐའ་ཡས་རྒྱ་མཚོའི་ཡངས་སྟེང་དུ་འཕྱོ་མྱོང།  དེ་ནི་འདས་ཟིན་པའི་རི་བོ་གངས་ཅན་པའི་བཞུད་ལམ་ཡིན།  

   3ད་ནི་བདག་གི་མིག་ཟུང་གི་རྣོ་ཞགས་རིིང་མོ་གངས་ཚང་གི་ཤ་གསེང་རུས་གསེང་དུ་བཅུག་སྟེ་དོན་དམ་པའི་ནང་སྙིང་དངོས་མ་དེ་འཚོལ་ན་འདོད། སྔོན་གྱི་དུས་སུ་དབུས་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ ཞེས་སུ་གྲགས་མྱོང་།  དེ་ནི་ལོས་ཡིན་ཏེ་ལྷ་གཅིག་ཡིད་བཞིན་ནོར་བུ་གངས་རིའི་རྒྱན་དུ་ཕེབས་དུས་ཀྱི་ཞིང་ཁམས་ཐོག་མ། ཐུབ་བསྟན་ཉིན་བྱེད་དབང་བོའི་འཛུམ་ཟེར་མངལ་དུ་སྦྲུམ་སའི་དང་ བོའི་མ་མ།   ཤེས་རབ་དང་བྱམས་བརྩེའི་ཀློང་ན་ཞི་ཞིང་ལྷོད་པའི་དོན་དམ་པའི་འཇིག་རྟེན་ཆ་ཚང་ཞིག་ཡིན་ལ། དུས་རྟག་ཏུ་ཡིན་པར་འོས་ན་ཡང་། ཕྱིས་སུ། ནུབ་ཕྱོགས་པའི་ཕྱགས་ལུད་ཁྲོད་ནས་སྐར་མདའ་བཞིན་མཆེད་ཡོང་བའི་དུག་རླངས་དེས་ཕྱི་བརླན་ནང་བརླན་བྱས་ཏེ་འདི་སྣང་གི་ཚོར་བ་དམར་བོ་རྟ་རྒོད་བཞིན་འཕྱོ་བས་དམ་ཆོས་ཀྱི་སྲབ་མཐུར་མ་ཞོག་པར་བཙན་གྱིས་མཆོངས་ཏེ་མི་རིགས་ཤིག་གི་ནད་ཡམས་སུ་གྱུར། དུས་དེ་ནས་བཟུང་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཟེར་བ་མིང་སྟོང་ཙམ་དུ་ལུས། ད་དུང་ཆོལ་ཁ་གསུམ་དུ་གྲགས་པའི་མདོ་སྟོད་མིའི་ཆོལ་ཁ་དང་མདོ་སྨད་རྟའི་ཆོལ་ཁ་གཉིས་ལའང་རིག་གནས་དེས་བསླངས་བའི་མེ་སྟག་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད།         

དེ་ལྟར་རི་བོ་གངས་ཅན་པའི་འདས་དོན་དང་གནས་བབས་ལ་བསམ་སྟེེ་མ་འོངས་འབྱུང་འགྱུར་གྱི་བོད་པའི་ཟུངས་ཁྲག་ལ་ངར་ཤུགས་ཇི་ལྟར་ལྡུད་དགོས།རྔུལ་ཆུ་དང་ཁྲག་གིས་བརྫུས་པའི་ཡབ་མེས་ཀྱི་རྡོ་རིང་དག་ཇི་ལྟར་བཀླག་དགོས། བཙན་པོའི་རྐང་རྗེས་ལ་མདངས་བཀྲ་བའི་ཚོན་རིས་ཇི་ལྟར་ཕབས་དགོས།   ད་ལྟ་ནང་བཞིན་ཁྱོད་ཉིད་འཛམ་གླིང་གི་རྡོག་འོག་ནས་རང་ཤི་རྒྱག་རྒྱུ་ཡིན་ནམ།                          

   4ང་ཡི་བོད།  རི་བོ་གངས་ཅན་པ། ད་ནི་ཐོབ་བྱ་མེད་པའི་རྨི་ལམ་རྨིས་མཚམས་བཞག་ཅིང་། བོད་ཡང་དག་པའི་མཚན་གྱི་དར་བོ་ཆེ་འཛམ་གླིང་གི་རྡོག་འོག་ནས་བླངས་ཏེ།  ཉི་ཟླའི་ཟེར་ལ་འདྲེས་པའི་གངས་དཀར་བོའི་དབུ་རྩེ་རུ་བསྒྲེང་རྒྱུ་མ་ཡིན་ནམ།  ཁྱོད་ཉིད་སྔོན་ཐོན་ལ་དུང་ཞིང་སྔོན་ཐོན་ལ་རེ་བའི་ཁྱེའུ་ཞིག་ཡིན་པ་སྔར་ནས་གོ་མྱོང་ལ་ཡིན་ཡང་འོས། དེ་ལྟ་ན། དུང་བ་དང་ རེ་བ་ཙམ་གྱིས་ཅི་ཞིག་འགྲུབ་སོང་བ་དང་སུ་ཞིག་རྒྱལ་སོང་བ་མེད་པ་ནི། དོན་དམ་པའི་བདེན་ པ་དང་རྒྱུ་འབྲས་རྟེན་འབྱུང་གི་སྡོད་ལུགས་ཡིན་པ་མཁྱེན་པར་མཛོད།   

   5ང་ཚོ་བྱམས་བརྩེ་དང་ཤེས་རབ་ལས་འཁྲུངས་ཤིང་ལྷག་བསམ་དང་གཞན་དོན་ལ་ཁེན་པས།  མིའི་འགྲོ་བ་ཙམ་མ་ཡིན་པར་སེམས་ཅན་སྤྱི་མཐུན་གྱི་བདེ་སྐྱིད་དང་སྡུག་བསྔལ་ལ་ཐུགས་རྗེ་བསྲིངས་པའི་ཆེས་སྤྱིར་བཏང་མ་ཡིན་པའི་མི་རིགས་ཤིག་ཡིན་ན། ང་ཚོར་མཁོ་བ་ནི། གཡོ་སྒྱུ་ དང་ཕྱོགས་ཞེན་མ་ཡིན་ལ། ལེ་ལོ་དང་བག་འཁུམས། འཁྲུག་རྩོད་དང་ཚིག་ངན་དེ་བས་ཀྱང་ག་ ལ་ཡིན། ཅིས་ཀྱང་ང་ཚོར་མཁོ་བ་ནི།  མཐུན་སྒྲིལ་དང་ཡི་རངས།  བསམ་གཞིག་དང་ཤེས་ ཡོན། ཁོག་རྒྱ་དང་དྲང་བདེན་སོགས་ཡིན་ལ་ཡིན་ཡང་དགོས། འཛམ་གླིང་གི་བང་མཛོད་བསྣམས་ ཤིང་ཉི་མའི་དཀྱིལ་འཁོར་སྟོང་ཕྲག་ལྷག་ལྡོག་སྟེ་ས་ཆེན་པོ་གཡས་སྐོར་བརྒྱབས་ཀྱང་མི་ཁུག་པའི་དོན་དམ་པའི་རིན་པོ་ཆེ་དེ་དག་ཉི་མའི་ཁྱིམ་རྒྱུད་དུ་དྲངས་ཏེ་འཛམ་གླིང་གི་མཁའ་དབྱིངས་དེར་འོད་ཆེམ་ཆེམ་གྱིས་འཕྲོ་རུ་འཇུག་དགོས་པ་མ་ཡིན་ནམ།   

   6གཞན་ཡང་དེ་ལས་ལྡོག་སྟེ་བཤད་ན། བོད་ཀྱི་དབང་འཛིན་པ་དང་གོ་གནས་ཅན་མང་བོ་ཞིག་ གིས་རང་གི་ཁེ་དབང་དང་གྲགས་པ་ཙམ་ལ་ཁ་གཏད་དེ། གནས་ལུགས་དང་བདེན་པ་ལ་བརྩི་ འཇོག་མི་བྱེད་པར་རང་ཉིད་ཁོ་ན་ཚད་མར་བཟུང་བའི་གཤིན་ལམ་དེར་བལྟས་བལྟས་རིག་རིག་ལ་འགྲོ་རྒྱུ་ཡིན་ནམ། དོན་ངོ་མ་ཡངས་པའི་འཛམ་གླིང་གི་ཏོག་ཏུ་འཕྲོ་བའི་གསེར་གྱི་ཁྲི་གདུགས་ ཉི་མ་རྡོག་འོག་ནས་ལེན་པའི་སྙིང་སྟོབས་དང་གསོན་ཤུགས། རེ་བ་དང་སྤོབས་སེམས། ལ་རྒྱ་དང་ སྙིང་རུས་ཡོད་ན་རང་གི་དེ་ཉིད་གཙུག་ཏུ་བཀུར་ཅིང་སྔོན་ཐོན་ཅན་གྱི་མི་རིགས་ཚོའི་བཞུད་ལམ་བསྙེགས་ཏེ་ཤེས་རིག་གི་ཐང་ཆེན་དེར་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་བསྐྱོད་དགོས། གཏན་དུ་གནས་པར་འདོད་ན་འགྲོ་མིའི་བསམ་གཞིག་ལ་བརྩི་འཇོག་ཡོད་པར་གྱིས།   དེ་རིང་གི་བོད།   ང་ཡི་བོད།                                   

 

       སྟོན་མཇུག་གི་འཆར་ཡན།

             མཐོ་གཉིས་དང་བོ། མཁར་གསར་བསྟན་མགོན།

རླུང་བུ་བསིལ་བསིལ་ལོ་ཟླའི་གསེང་ནས་ལྡང་།།

ཚོར་བ་སྐྱུར་མོ་སྨྲེང་དབྱངས་གདུང་བས་སྐྱོམ།།

ལས་ཀྱིས་དེད་པའི་སྡོང་ལོ་སེར་པོ་དེ།།

འཁྱམ་པོའི་ལས་དབང་ཇི་བཞིན་ངེས་མེད་འཕུར།།

 

ཕྱི་རོལ་ཁོར་ཡུག་སྟོང་འཇགས་ཀློང་དུ་སིམ།།

མེ་ཏོག་འདབ་མ་དམར་པོ་ཤབ་ཤུབ་ལྷུང་།།

ཆག་གྲུམ་ཤོར་བའི་རྣམ་ཤེས་སྐྱ་བོ་དེས།།

བསམ་གཞིག་ངོས་ལ་བཟོད་མེད་ན་ཟུག་སློང་།།

 

སྲོད་ཀྱི་དུས་སུ་སྨྲེང་ཆར་སིམ་སིམ་འབབ།།

བྱིའུ་ཆུང་དག་ཀྱང་རང་གི་ཚང་དུ་ལྡོག།

ཁྲུང་ཁྲུང་ཁྱུ་ཚོགས་སྨུག་སྤྲིན་གསེབ་ཏུ་ཡལ།།

རྨི་ལམ་གཙང་བོས་ཁུར་བས་ཕྱེ་ལེབ་དཀྲོགས།།

 

མི་ཚེའི་འགྲུལ་བཞུད་ཁྲོད་ན་ནག་ཉེས་ཤིག།

ཕྱིར་དྲན་ངོགས་ལ་སྣང་བརྙན་རྫོབ་པོ་ཞིག།

དམར་ནག་ཁྲག་གིས་བརྫིས་པའི་ལོ་ཟླ་དེས།།

སྡང་མིག་འཕེན་སྟངས་དེ་ནི་གཟན་པོ་ཞིག།

 

མཉམ་མེད་ཇོ་བོ་མཐོང་བ་ཨོ་ལོ་བགད་པའི་སྒྲ་དབྱངས།

མཐོ་གཉིས་དང་བོ།      དབང་ཆེན་རྡོ་རྗེ།

ཡིད་འོང་སྐྱེད་ཚལ་ལིམ་བུའི་དོ་ར་ལ།།

ཡལ་མེད་དྲི་ངལ་སེམས་ཀྱི་གསོལ་དུ་ལྡིང་།།

འོད་ཀྱི་ཕོ་བྲང་ཀློང་ཡངས་དབུས་གྲོང་དུ།།

སྐུ་ཉིད་བྱོན་མཛད་བདེ་བའི་རྒྱན་དུ་ཆེ།།

 

ཤེས་གང་སྣ་ཚོགས་མཐའ་ཡི་མུ་མེད་ལ།།

མཁྱེན་པའི་ཡེ་ཤེས་མེ་ཡི་ངར་ཁ་མཆེད།།

འཁོར་བའི་རུ་སྡེ་སྐྱེ་འགྲོའི་ཁང་ཁྱིམ་དུ།།

བྱམས་བརྩེའི་བདག་ཉིད་མགོན་པོའི་དབུ་འཕང་བརྙེས།།

 

མི་རྟག་སྒྱུ་མའི་སྡུག་བསྔལ་རླབས་སྒྲ་ལ།།

ངེས་འབྱུང་དྭངས་མོ་འགྱུར་མེད་ཐུགས་སུ་འཁྲུངས།།

འབྱོར་ཆེན་ར་བའི་གསེར་གྱི་ཁྲི་འཕང་དུ།།

མ་ཆགས་བདེ་བའི་སྙིང་བོ་དོན་གཉེར་མཛད།།


སྨྱུང་བར་གནས་པ་དཀའ་བའི་གཞོལ་བ་ལ།།

རྨད་བྱུང་སྙིང་སྟོབས་རྣོ་ཡི་སྤུ་གྲི་རྒོད།།

ཨ་རུ་ཝེ་ལའི་ཡུལ་གྱི་ལུང་པ་རུ།།

དྲན་པ་འཐོར་ཡང་བརྩོན་པའི་སྤོབས་སེམས་འབར།།

 

འགྱུར་མེད་དམ་བཅའ་རྡོ་རྗེ་ཕ་ལམ་ལ།།

ཡོངས་གསལ་སྣང་བའི་འོད་ཀྱི་གཞི་མ་ཞུགས།།

བྱང་ཆུབ་ཤིང་ལོའི་བསིལ་གྲིབ་འོག་མ་རུ།།

བདེན་བརྙེས་ཀུན་ཆུབ་ཐམས་ཅད་མཁྱེན་པར་གྱུར།།

 

ཏིང་འཛིན་སྒོམ་པ་འགྲན་མེད་དགེ་སྦྱོང་ལ།།

རྒ་འཆི་མི་བདེའི་མྱ་ངན་རྨང་ཞུ་བྱུང་།།

མཆེད་འཁོར་ལྔ་སྡེའི་སེམས་ཀྱི་གཤིན་ས་རུ།།

རིན་ཆེན་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར།།

 

གདུལ་བྱ་སྐྱོང་མཁས་ཐབས་ཀྱི་རིམ་པ་ལ།།

ལྷག་བསམ་ལྗོན་པའི་དངུལ་གྱི་ལོ་མ་འཐོར།།

མ་རུང་གནོད་མེད་བདུད་ཀྱི་བློ་ཁ་རུ།།

བྱམས་པ་དཀར་བོའི་འོད་ཀྱི་མདངས་ཀ་བྱུགས།།

 

བསླབ་གསུམ་དག་པ་མ་ནོར་ཚད་མ་ལ།།

མཚུངས་བྲལ་པདྨའི་འཛུམ་པ་ལྷུག་ལྷུག་གྲོལ།།

སྰ་རིའི་བུ་དང་མོའུ་འགལ་བུ་སོགས་ལ།།

གཏན་གྲོལ་ཞི་བའི་བསྟི་གནས་མཐོང་བར་བསྟན།།

 

     བསྟོད་ཚིག་ཟླ་སྲིང་དགྱེས་པའི་གདུབ་སྒྲ།

                       མཐོ་གཉིས་དང་བོ།  ཆིག་གཞོན།

རྒྱལ་ཀུན་གསུང་དབྱངས་སྙན་པར་སྒྲོག་པའི་ངག།

ངག་དབང་ཟླ་སྲིང་ལྷ་མོ་གཞོན་ནུའི་བྱིན།།

བྱིན་ཆགས་ངག་རིག་ཡི་གེ་བཞད་པའི་དཔལ།།

དཔལ་འཛིན་གདངས་སྙན་དངོས་གྲུབ་བདག་ལ་སྩོལ།།


སྔོན་ཚེ་ལྟས་བཟང་མེ་ཏོག་ཆར་དང་ལྷན།།

མཚན་དཔེའི་དཔལ་འབར་ལང་ཚོའི་གཟི་བྱིན་ཅན།།

ཟད་མེད་བདེ་སྟོང་གྲོལ་བའི་བདག་ཉིད་དུ།།

ཟས་གཙང་སྲས་པོ་ཉི་མའི་ཟོལ་ཀྱིས་འཛུམ།།


ཀུན་ཕྱིར་འགོག་མེད་བརྩེ་དྲོད་འབར་བ་ཡིས།།

བདེན་པའི་ཉམས་རྟོགས་ཁང་བཟང་ཐོབ་པ་ལ།།

གྲགས་སྙན་ཕྱོགས་ཀྱི་བུ་མོའི་རྣ་ཆ་ཅན།།

མི་རྗེ་ཕུན་ཚོགས་ནོར་ལ་ཞེན་པ་སྤངས།།


རབ་དཀར་ལྷག་བསམ་ཟླ་ཞལ་མ་བྲི་ཡང་།།

དགེ་འབྱུང་ཨུཏྤལ་འཛུམ་ལ་དོགས་པ་ཡིས།།

ཆེན་པོའི་མངའ་ཐང་དོར་བའི་བརྡ་ཐབས་སུ།།

རྩྭ་མཆོག་ནགས་མའི་རི་དྭགས་གྲོགས་སུ་བརྟེན།།


བླ་མེད་ཐུགས་བསྐྱེད་ཡངས་པར་རྒྱས་པ་ཡི།།

ཉམ་ཐག་སྐྱེ་རྒུའི་འགྲོ་ལ་ཕུབ་པའི་གདུགས།།

མ་དག་གདུང་བ་སེལ་བའི་བསིལ་གྲིབ་ཅན།།

ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་སྒྲེང་ལ་འདུད།།


དཀའ་ཐུབ་ལྗོན་པའི་རྩ་ལག་རབ་རྒྱས་པས།།

བྱང་ཆུབ་སེམས་མཆོག་ཤིང་གི་འབྲས་བཟང་ནི།།

སྨིན་ལེགས་མཐའ་ཡས་སྙིང་ལ་ཚིམ་ཐོབ་པ།།

ལྷ་ཡི་བླ་མ་སྤྱི་གཙུག་འཁོར་ལོའི་རྒྱན།།


གསུང་དབྱངས་ཡན་ལག་སྟོང་གི་རྫ་རྔ་ཡིས།།

ཆོས་ཕུང་སྤྲིན་གྱི་མེ་ཏོག་གསར་བའི་བཅུད།།

དམིགས་མེད་མཁའ་མཉམ་འགྲོ་བའི་ཞིང་ས་ལ།།

འདོད་དགུའི་རེ་སྐོང་རིན་ཆེན་ནོར་ལྟར་བསྙིལ།།


ལྷ་མིན་གྲོང་ཁྱེར་ནམ་མཁའི་དབུས་སོང་བ།།

ལྷག་མེད་འཇོམས་མཛད་ནུས་མཐུ་རྫོགས་པའི་དབང་།།

དབང་ཕྱུག་ཆེན་པོ་ཡིས་ཀྱང་མ་བཟོད་པར།།

ཁྱེད་སྐུའི་གསང་གསུམ་དཔལ་ལ་རབ་ཏུ་འཇིགས།།


དཔག་མེད་བསྐལ་བ་ཡིད་ཀྱིས་མི་ཟིན་པའི།།

མུ་མེད་དགུ་ཚིགས་མཐའ་རུ་བསྲིང་བ་ཡི།།

ལུང་རྟོགས་བསྟན་པ་ག་བུར་གཙང་མའི་ཆབ།།

རིང་དུ་གནང་བའི་ལེགས་བྱས་གང་གིས་མཚོན།།


བདུད་ཚོགས་ཕས་རྒོལ་སྡིག་པའི་རལ་གྲི་ཅན།།

མདའ་མཚོན་གོ་ཆ་བྲལ་བའི་ཐུགས་རྗེའི་མཐུས།།

ལྷག་མེད་ཞི་བར་གཞོལ་བའི་སྟོབས་མངའ་བ།།

རྒྱལ་བ་བཅོམ་ལྡན་ཁྱེད་ལས་སུ་ལ་གསོལ།།


ཞི་གནས་བསམ་གཏན་དག་པའི་ཡེ་ཤེས་ཀྱིས།།

མཉམ་གནས་བྱང་ཆུབ་འོད་ཀྱིས་ཕྱོགས་རྫོགས་པ།།

ལྷུན་རྫོགས་གཟུགས་སྐུ་སྟོན་མཚན་ཟླ་བའི་རིས།།

བདེ་གཤེགས་མཁའ་རུ་འཕགས་པ་ཐུབ་པའི་མཆོག།།


མར་གྱུར་མེ་ཏོག་དུད་པའི་ར་བ་རུ།།

མཆོག་གྱུར་ཐར་བའི་ལམ་ལྔ་མཛེས་པའི་རིས།།

གཡས་འཁྱིལ་སྡུག་གུར་བཀྲ་བའི་འཇའ་ཚོན་ནི།།

གསལ་བྱས་རྣམ་འདྲེན་ཤཱཀྱའི་རྒྱལ་བོ་ཉིད།།


འཕྲུལ་གྱི་འཁོར་ལོས་ཡོངས་སུ་བསྒྱུར་བའི་དབང་།།

སྟོབས་རྫོགས་ཚངས་ཆེན་སྲེད་མེད་བུ་ཡི་བླར།།

བླ་ནས་བླ་རུ་མཐོ་བའི་རྫོགས་སངས་རྒྱས།།

མཚུངས་པའི་ཟླ་བྲལ་འཕགས་མཆོག་ལྷ་ཡི་ལྷ།།


ཆོས་དབྱིངས་ཡེ་ཤེས་དག་པའི་སྣང་བ་ཡིས།།

སེར་སྐྱ་གཟེགས་ཟན་གཟི་བརྗིད་མདངས་འཕྲོག་ཅིང་།།

དད་གུས་སྤྱི་བོའི་གདན་དང་ཉེར་འགྲོགས་པ།།

ཞབས་སེན་མཚན་རིས་བཀྲ་བ་གང་དེ་རྒྱལ།།


མཁྱེན་རབ་ཉི་མའི་དཀྱིལ་འཁོར་རྫོགས་པའི་གཟིས།།

ཇི་སྙེད་ཤེས་བྱའི་འཇིག་རྟེན་གསལ་བའི་བདག།

མི་ཕྱེད་དད་སྟོང་གྲོལ་བའི་པདྨོ་ལ།།

རྟག་རོལ་ཐུབ་དབང་གཏན་གྱི་སྐྱབས་སུ་ཤེས།།


ཁམས་གསུམ་བསོད་ནམས་རིན་ཆེན་དབང་གི་དབྱིག།

རབ་འབྱམས་གསུང་གི་དངོས་གྲུབ་ལྷུར་གནང་བའི།།

དམར་སེར་ལི་ཁྲིའི་མདངས་ཀྱིས་བརྗིད་པའི་སྐུ།།

མི་མཇེད་ཞིང་གི་མགོན་པོས་རྗེས་སུ་བཟུང།།

          བོད་ཡིག         

  མཐོ་གཉིས་དང་བོ།    བྱ་མདོ་བསམ་རྒྱམ།

   གོ་ཐོས་སུ།  གནའ་སྔ་མོ་ཞིག་ལ།   ཁྱེད་ནི་རང་བྱུང་གི་འགྱུར་ཁུགས་ཤིག་གི་ང་རོ་ཡིན་པར་གླེང་ལ། ལོ་ངོ་གྲངས་མེད་ཅིག་ལ་དུས་བཞིའི་འཇམ་རྩུབ་ཀྱི་སྐྱི་སེར་དང་བསྡོངས་ཏེ་གངས་སེང་དང་འབྲོང་གཡག་གི་ཕ་ སར་གྲགས་པའི་འཛམ་གླིང་གི་ཡང་རྩེ་འདིར་རང་གི་རྣམ་ཤེས་ལ་གཤོག་པ་རྒྱས་ཤིང་།    མིའི་རིགས་ཀྱི་བླ་སྲོག་གི་དྭངས་མར་གྱུར་པའི་ཟུངས་ཁྲག་ལ་གྲུབ་ཆ་བླ་མེད་བསྩལ།   དུས་དེར།  ཁྱེད་ཀྱི་མངའ་ཐང་ལ་རླུང་རྟ་དར་ཞིང་རབ་སྙན་འགྱུར་ཁུགས་ཀྱིས་དབྱངས་གསལ་གྱི་མཚན་ཙམ་ཡང་མི་མཁྱེན་ པའི་ཡུལ་གྲུ་ཞིག་གི་མི་རབས་ཁག་ལ།  སྐད་བརྡའི་ལྗགས་རྩལ་གནང་ཞིང་།   འབྲེལ་ལམ་གྱི་གསེར་ཟམ་བསྐྲུན།     དེ་དུས་ཁྱེད་ནི་རང་དབང་བའི་རྒོད་པོ་ཞིག་གི་འཕུར་ཡའང་ཡིན་ཚོད་འདུག

བར་སྐབས་ཤིག་ཏུ།   ཤེས་རབ་ཀྱི་རལ་གྲི་ཐོགས་ཤིང་སྙིང་སྟོབས་ཀྱི་གོ་ཆ་བགོས་པའི་སྐྱེས་བུ་རྣམ་དཔྱོད་ཅན་ཞིག རྒྱལ་བོའི་ཐུགས་དགོངས་ལྟར་ཞབས་རྗེས་ཀྱི་བཀོད་པ་བྷོ་ཊའི་ཡུལ་ཁམས་ལས་བརྒལ་ཏེ་ལྷོ་ཕྱོགས་འཕགས་ཡུལ་ ཞབས་ཀྱིས་བཅགས་ཤིང་དཀའ་སྡུག་དཔག་མེད་ཅིག་གདོང་གིས་བསུས་རབས་ལབ། དེ་ནི་ཁྱེད་ཀྱི་ཕྱིར་དུ་ཡིན་པར་གླེང་ལ།   ང་ཚོའི་དོན་དུ་འང་ཡིན་པར་བསྙོན་དུ་མེད།

      ཧ་ཅང་ཚ་བ་རྒྱས་པའི་ཡུལ་གྲུ་ཞིག་ཏུ་རྒྱུས་མེད་ཀྱི་ཆོས་པ་གཉིས་ལ་རང་གི་སྒོ་གསུམ་གྱིས་དད་གུས་བགྱིས་ཏེ་ གཞན་སྐད་ཀྱི་རྩ་བ་བཙལ་ཅིང་མཛེས་ཆ་བླངས།  ད་དུང་རང་སྐད་ཀྱི་རྨང་ལ་བསམ་གཞིག་གིས་སྒོ་མོ་ཕྱེས་ཤིང་ཤེས་རབ་ཀྱི་སྒྲོམ་གཞི་གསར་དུ་རྙེད་པར་གྲགས།    དུས་དེར།      ཁྱེད་དང་འུ་གཉིས་ཀྱི་བར་ཐག་གངས་རིའི་ཕྱི་ནང་ཙམ།

 ལོ་ངོ་བདུན་ཕྲག་ལྷག་གི་རྗེས་སུ་ཤེས་རབ་ཅན་དེས་ཁྱེད་ཀྱི་གདངས་དབྱངས་ལ་གཟུགས་རིས་ཀྱི་ཁ་དོག་བཟོས་ཤིང་ ཤོག་དཀར་གྱི་གདན་ཆ་བསྒྲིགས།        ད་དུང་ཁྱེད་ལ་དབང་བའི་བསྟན་བཅོས་ཀྱི་རྒྱལ་ཁབ་བསྐྲུན་ཅིང་།  ཡིག་ཚོགས་ཀྱི་དམག་དཔུང་མཐའ་མེད་ཅིག་ལ་སྔར་མེད་ཀྱི་སྒྲིག་སྲོལ་གསར་དུ་བཟོས་ཏེ་སྒྲ་རིག་པའི་བསྟན་བཅོས་ ཀྱང་བརྩམས་པར་གྲགས། དེ་དུས་ཁྱེད་ཀྱི་རང་དབང་བའི་མངའ་ཐང་དང་དབང་ཤུགས་ལ་གྱོང་གུད་ཀྱི་ལྕགས་སྒྲོག་བརྒྱབས་ཤིང་།   དབྱངས་འགྲོས་ཀྱི་ཚངས་ཐིག་རེའུ་མིག་གི་བཙོན་དུ་བཅུག་པར་གླེང་།

   རྗེས་སུ་ཁྱེད་ཀྱི་ཞལ་རས་ཀྱི་མཛེས་པ་རྒུམ་པའི་སྐྱེས་ཆེན་མང་དུ་བྱུང་ཞིང་།   ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་  དེའི་ཁྲོད་ཀྱི་ཐོག་མ་དེར་ཆགས་ཡོད། ཁོང་གིས་རི་བོ་གྲུ་འཛིན་གྱི་ཡང་སྟེང་དུ་ཤེས་རབ་ཀྱིས་ཕྱུག་པའི་སྐྱེས་བུ་སྙིང་སྟོབས་ཅན་དེར།    སློབ་དཔོན་གྱི་ མཚན་ཐོག་མར་གསོལ་ཞིང་གུས་པས་བསྟེན་བཞིན་ཁྱེད་ཀྱི་ལང་ཚོའི་མཛེས་པ་ལ་བློ་མིག་གིས་པིར་རྩེ་ཐོག་མར་ བསྐོར་ཏེ་ཧ་ཅང་ཁུངས་བཙུན་པའི་བསྟན་བཅོས་༼བཀའ་ཆེམས་ཀ་ཁོལ་མ༽་བརྩམས་ཤིང་གཏེར་དུ་སྦས་བར་ བཤད་ལ།   ད་དུང་བྷོ་ཊའི་རིགས་རྒྱུད་ཀྱིས་ཁྱེད་ཉིད་རང་གི་སྲོག་ལྟར་བརྩིས་ཏེ་སྦྱོར་ཀློག་འབྲི་སྲོལ་གྱི་ལམ་དུ་ཞུགས་པར་ཡང་བཤད།རིམ་བཞིན་ཁྱེད་ཀྱི་གཞུང་ལུགས་ཁག་ལ་བརྟེན་ཏེ་རྒྱ་གར་ནས་ནང་བའི་བསྟན་པ་རིན་པོ་ཆེའི་གཞུང་མང་བོད་དུ་ བསྒྱུར་ཅིང་གཙུག་ལག་རིག་གནས་ཀྱི་ཉི་ཟླ་ལྷན་དུ་འཛོམས་པར་རྟེན་འབྲེལ་བསྒྲིགས་ཤིང་རྒྱལ་སྲིད་ཀྱི་ངོ་བོར་ གཞིགས་ནས༼་ཁོད་སོ་དྲུག་༽ལ་སོགས་པའི་ཁྲིམས་ལུགས་གཏན་ལ་ཕབ་སྟེ་བྷོ་ཊའི་རྒྱལ་ཁམས་ལ་སྔར་ནས་མ་ཐོན་ པའི་ཡར་རྒྱས་ཀྱི་འགྱུར་བ་བླ་ལྷག་ཅིག་བྱུང་བའང་ཁྱེད་ཀྱི་ཡོན་ཏན་ལས་མ་འདས་སོ།།

    རྗེས་སུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་མངའ་བའི་ཁྱེད་ཀྱི་རླུང་རྟ་།      དབུས་དང་།     ཨ་མདོ།  ཁམས་སོགས་སུ་རིམ་གྱིས་རྒྱས་བཞིན་ཇོ་མོ་བླ་རིའི་དབུ་རྩེ་ནས་འཕུར་ཞིང་། གླིང་བཞིའི་རྒྱལ་ཁམས་སུ་སྙན་པའི་གྲགས་པས་མཁས་རྒུ་ཀུན་ཧ་ལས་ཤིང་ཧང་སང་བར་བཏང་བ་ནི་ཉིད་ཀྱི་ཁ་ དོག་དང་གཟུགས་རིས་ཙམ་མ་ཡིན་པར་རྣམ་དཔྱོད་ཀྱི་ཚན་ཁ་མངའ་བའི་རྣམ་བཞག་ཅིག་གི་དན་རྟགས་འཁྲུལ་ མེད་ལགས།

ཁྱེད་ནི་འདི་ལྟར།    ཤེས་རིག་གླིང་ཆེན་ལྔའི་མཁའ་དབྱིངས་སུ་འཕུར་སའི་རི་མཐོ་ཆུ་གཙང་གི་ཡུལ་གྲུ་འདིར། གནས་ལུགས་དང་བདེན་པ་སྲུང་བའི་འགྲན་མེད་དེད་དཔོན་ཞིག་གི་གོ་ས་བཟུང་བ་ནས།   ཟླ་མེད་ཀྱི་ཤེས་བྱ་ གཤའ་མ་དང་།   སྲིད་པ་ཡི་ལམ་ལུགས་རེ་རེ།    གཞན་སྐད་ནས་རང་སྐད་དུ་ཤར་མར་བཀྲམ་ཞིང་།   ཁྱེད་ཀྱིས་བླ་སྲོག་གི་དབྱངས་རྟ་རེ་རེས།   མི་རིགས་འདིའི་རུས་སྒྲོམ་ལ་ཤེས་རིག་གི་རྣམ་ཤེས་གསར་དུ་སྦྱིན།ངའི་ཟུངས་ཁྲག་གི་བཞུར་རྒྱུན་དྭངས་མོ།     ཁྱེད་རང་གངས་ཅན་ཁ་བའི་ལྗོངས་ཀྱི་བཙན་པོའི་ཕོ་བྲང་པོ་ཏ་ལའི་གནའ་གྲོང་དེར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། ལོ་ཟླའི་དཀྱོགས་མཚམས་རེ་དང་དུས་རབས་ཀྱི་འགལ་ཟླའི་ཁྲོད་དུ་ང་ཚོའི་ཕ་སྐད་མ་ཡིག་གི་རྩ་བའི་རྨང་ལ་རང་ ཚུགས་ཀྱིས་ཁྲག་རྒྱུན་སྦྲེལ་ཅིང་།     རྣམ་སྨིན་གྱི་འབྲས་བཟང་རྫོགས་ལྡན་གྱི་དཔྱིད་དུ་ཤར།    

    ད་དུང་།  ཁྱེད་ཀྱི་དབྱངས་འགྲོས་གསེར་གྱི་ཀ་བ།    ཡུལ་ཁམས་འདིའི་སྐྱེ་བོ་རེ་རེའི་སྒོ་གསུམ་གྱི་སྙིང་ལ་བཙུགས་པས་མི་རིགས་ཤིག་གི་དཔྲལ་བའི་མིག་དང་ཁོག་གི་ སྙིང་བཞིན་དུས་གསུམ་གྱི་སྨྲ་ལྕེ་ལ་སྦྱར་ཅིང་ཟུངས་ཁྲག་གི་རྒྱུན་ལ་བསྲེས་ཏེ་ཐོན་པ་ནི། སུ་དང་གང་གི་ང་རྒྱལ་དང་སྤོབས་པ་ཅི་ལ་མིན།   ངའི་བླ་སྲོག་གི་རྣམ་ཤེས་གསོན་པོ་ཡ།        

ཁྱེད་ནི་སློབ་དཔོན་ཐོན་མིའི་རྣམ་དཔྱོད་ཀྱིས་བཞེངས་བའི་ཤེས་རབ་ཀྱི་རལ་གྲི་ངར་མ་ཞིག    ཁྱེད་ནི་མི་ཡུལ་དུ་འཁྲུངས་ཤིང་མི་མངོན་པའི་ཚུལ་དུ་བཞུགས་པའི་རྒྱལ་སྲས་རྣལ་མ་ཞིག    ཁྱེད་ནི་ཇི་ལྟར་བྲིས་ཀྱང་འཛད་དུ་མེད་པའི་ཀློང་ཡངས་བའི་ཞི་བདེ་རྒྱ་མཚོ་ཞིག་ཨང་།


སྲིད་པའི་ཁྱོན་ཀུན་བཀླུབས་པའི་ཉིན་བྱེད།

  མཐོ་གཉིས་དང་བོ།   ཀུན་བཟང་རྒྱལ།

བདེན་དབྱིངས་ཆོས་འཁོར་པད་མའི་ལྷུན་ཚུལ་ཞི།།

སྤྱོད་པ་འཚེ་མེད་སྟོན་པའི་རྣམ་འདྲེན་རྗེ།།

ཁམས་གསུམ་ཕྱི་ནང་འགྲོ་བའི་ནོར་བུ་ལ།།

གུས་པོས་སྤྱི་བོར་འཆང་སྟེ་ཕྱག་འཚལ་ལོ།།


སྐུ་གཟུགས་འོད་ཀྱི་ལང་ཚོ་སྲིད་པར་འཁྲུངས།།

ངོ་མཚར་རྨད་བྱུང་སྟོང་གི་རྟགས་མཚན་མཆེད།།

ཁྱད་འཕགས་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྒྱས།།

མཁྱེན་དཔྱོད་སྲིད་རྩེར་འཕུར་བའི་རྒྱལ་མཚན་བསྒྲེངས།།

 

ཐོས་བརྩོན་བླ་མེད་དྲིལ་བའི་གོ་འཕང་བསྙེགས།།

སྐྱེ་དགུའི་འགྲོ་དོན་མཛད་པའི་མཐུ་བྱིན་ཡངས།།

བྱང་ཆུབ་སེམས་བྱུང་བསྐྱེད་པའི་མཐུ་བོ་མཆོག།

བརྩེ་བའི་བདག་ཉིད་འཛིན་པའི་འགྲོ་མགོན་ནོ།།


གཞལ་སེམས་གངས་ལ་བཏབ་པའི་ལང་ཚོ་དགྱེས།།

གསུང་དབྱངས་སྲིད་པར་བཞད་པའི་ངག་རིགས་དཔལ།།

སྐལ་བཟང་སྙན་ཚིག་རྩེད་འཇོའི་འཛུམ་དཀར་བསྔགས།།

གཞན་སྡུག་ཁུར་བཟོད་སྐྱེན་པའི་ཐུགས་སེམས་འོད།།

 

རང་རྒྱུད་སྙིང་རྗེ་ཆེན་པོའི་བདེ་སྡུག་སྙིམ།།

གཞན་སྒྲོལ་བདེ་འབྱུང་ཀུན་གྱི་གཙུག་ཏོར་འདུད།།

འཁོར་བའི་ཕུན་ཚོགས་མི་རྟག་བྲན་དུ་བཀོལ།།

ཐུགས་སེམས་ཞི་བའི་དད་གུས་དྲི་མེད་སྲུང་།།


དཀའ་ཐུབ་རྡོ་རུས་ཐུག་གི་བསམ་སྦྱོར་བསྟེན། །

ཉོན་མོངས་མ་ལུས་འཇོམས་པའི་མཛད་འཕྲིན་ཅན།།

གང་ཐབས་རྣམ་པར་བསྒྱུར་པའི་ལུང་རྟོགས་འཕྲུལ།།

རིགས་ཅན་ཀུན་ཀྱི་རྣལ་འབྱོར་མཚུངས་མེད་སྤོབས།།


ལེགས་བཤད་རྒྱ་མཚོར་སྐྱོམས་པའི་ཚངས་དབྱངས་རླབས།།

ཟབ་མོ་ཉེར་ལེན་རྒྱུད་ཀྱིས་ཐུགས་དབང་རྨད།།

བདེན་པ་རིག་པར་གདམས་པའི་ཤེས་རབ་འཕོས།།

ངེས་ཤེས་དབེན་པར་བསྟེན་པའི་གཏན་ཚིགས་བྲག།


སྒྲུབ་པ་སྙིང་བོར་གྲུབ་པའི་མཚུངས་ལྡན་སྐུ། །

རབ་འབྱམས་མཁས་མང་རྩེན་པའི་རིན་ཆེན་ནོར།།

མར་གྱུར་འགྲོ་བར་བརླབས་པའི་དྲི་བསུང་པད།།

རབ་དཀར་འཛིན་མའི་ཁྱོན་ན་ལྷང་ལྷང་གྲགས།།


གང་ཞིག་ཟུང་འཛིན་ཕྲ་རགས་ཁོང་དུ་ཆུད།།

མངོན་སུམ་མཐོང་ལྡན་བདུད་རྩིའི་ངེས་ཤེས་རྙེད།།

བརྗིད་ཆགས་ཆུ་འཛིན་འཁྱུད་པའི་མཐོན་མཐིང་ངོར།།

མན་ངག་ཚད་མའི་དཔྱོད་ཡངས་གཤོག་པ་སྤྲད།།


ཡང་དག་ཕན་མཛད་ཆུན་པོའི་རྣལ་འབྱོར་ཐུགས།།

ཤེས་རབ་དཔག་བསམ་ལྗོན་པའི་འབྲས་བཟང་ལོན།།

ངོ་མཚར་མཛད་འཕྲིན་དུང་གི་རང་སྒྲ་བསྔགས།།

ཆོས་གསུང་བདེན་བཞི་འཁོར་ལོས་གཞན་དོན་བླངས།།

 

     ཆེས་མཐོའི་རྒྱ་ཕིབས་ཀྱི་མཛེས་སྡུག

                          མཐོ་གཉིས་དང་བོ།     བྱང་མེ་རོ།

                            ༡

གངས་ཀྱི་མུ་ཁྱུད་ཚར་དུ་དངར་ལ་ཏི་སེའི་གཟི་དཔལ་རབ་ཏུ་འབར།།

རམ་དཀར་རྩི་ཏོག་ངེད་དུ་ལྡང་ལ་བཅུད་ཀྱི་སྙིང་བོ་ཞག་ཏུ་འཁྱིལ།།

དལ་འབབ་ཆུ་མོ་ཡན་ལག་བརྒྱད་ལྡན་ཡངས་པའི་སྤང་ལ་དགུ་མདུད་བརྒྱབས།།

གནག་ཕྱུག་ལྗང་མདོག་མངར་གྱིས་འགྲངས་ཏེ་ཁ་སྦུབ་བསྡད་པའི་སྐྱུག་ལྡད་འཆའ།།

            ༢

རྟ་བདུན་དགོད་པའི་ཞལ་འཛུམ་སེར་པོ་སྤྲིན་པས་མ་བསྒྲིབས་དྲོད་དུ་འཆང་།།

ཟླ་འོད་གཞོན་ནུའི་ལང་ཚོའི་ཅོད་པན་གཟའ་ཡིས་མ་ཟིན་རྒྱན་དུ་བཏགས།།

སྐར་མ་ཁྲ་ཁྲའི་དགུ་ཚིག་ཕྲེང་ཐག་དབལ་གྱིས་མ་ཆོད་རྒྱུ་སྤུན་བསྒྲིགས།།

སྨུག་པོ་མཐིང་གི་སྦྲ་ནག་གྲུ་བཞི་འོད་ཀྱི་གོང་ཁང་འདི་རུ་གནས།།

             ༣

ངག་གི་ལང་ཚོར་མཚོ་མོའི་མདངས་ལྡན་རང་སྐད་དྭངས་མའི་བརྡ་ཡི་གཟི།།

རིག་འཕྲུལ་རྣལ་མའི་གསེར་གྱི་ཁ་དོག་དབྱངས་གསལ་གཤོག་གི་མཐོ་བའི་དཔལ།།

དཔྱོད་ལྡན་ཕྱག་གི་འབྲི་གཟུགས་སྒེག་མོ་ཕྱི་རབས་སྙིང་དུ་ཤར་བའི་འོད།།

སྐད་དང་ཡིག་གི་ངོམས་པ་འཛོམས་པས་ཨ་ནུའི་སྐུ་དྲིན་གླིང་བཞིར་གྲགས།

             ༤

རྒན་བཀུར་གཞོན་བྱམས་བརྩེ་བའི་ཨ་ལོང་མཐུན་པ་སྤུན་བཞིའི་རྨུ་ཐག་སྲ།།

ལེགས་ཉེས་དགེ་བའི་བློ་མིག་རྣོན་པོ་ནུབ་གླིང་ལྟོ་འགྲོའི་གཟིགས་འཛིན་ཆ།།

བདག་མེད་ཆོག་ཤེས་སྟོང་བའི་རྟོགས་གསལ་གཙང་སྲས་ཉམས་མེད་མཐུ་བོའི་དྲིན།།

རྟེན་འབྲེལ་བརྩེ་བའི་དབང་ལུང་བཟང་བོས་རི་མཐོ་ལུང་ཟབ་བོད་འདི་ཁེངས།།

             ༥

དཔྱོད་ལྡན་དམ་པའི་ཕྱག་ལེན་སྲོལ་རྒྱུན་རྨད་བྱུང་ངོ་བོའི་སྲོག་གི་རྒྱན།།

མཛད་འཕྲིན་གསེར་འོད་མཆོག་མའི་གོང་བུ་ཕྱི་རབས་སྙིང་གི་དྲོད་དུ་གཏམས།།

ཚན་རིག་བག་མ་བསུ་བའི་སྐྱ་རེངས་ཡངས་པའི་མཁའ་མཐར་ཡུན་གྱིས་གློད།།

གླིང་བདུན་གོང་བུ་གཅིག་བསྡུས་ཡང་སྙིང་ཐུ་བྷོད་ཅེས་པའི་ལོ་རྒྱུས་གསལ།།

              ༦

ལྔ་རིག་པད་མོའི་རིག་བཅུའི་སྟོབས་ལ་བརྩོན་འགྲུས་རྨ་ཀླུང་རིང་མོའི་རྒྱུན།།

ཁ་བ་གངས་རིའི་གཟི་དཔལ་མདངས་ལ་ས་སྟེང་ལོ་པན་མཁས་དགུས་འགྲན།།

རྣམ་དཔྱོད་མངའ་བའི་བློ་ལྡན་ཁྱེའུ་ཚོགས་ཡངས་པའི་ས་ཆེན་བསྐོར་ནས་འདུར།།

རིག་པའི་གཞུང་ལ་དང་བའི་དད་པ་གཡེར་མོ་ཐང་གི་མཚོ་མོས་བསྐྱམས།།

            ༧

གྱི་ལིང་རྨིག་སྒྲས་འཛིན་མ་སྒུལ་ལ་སེ་གོལ་གཏོགས་པའི་རྒྱང་མིག་གཅོད།།

དགོ་དགོ་འབྲི་མོའི་ངུར་སྐད་གཟན་ལ་རྫ་རིའི་འཕྲེང་ལ་ཧར་གྱིས་ཞོགས།།

བལ་ལྡན་གཡང་མོ་རི་ལ་བཀྲམས་ནས་སྐར་ཚོགས་བྱེ་བའི་དོ་ར་བརྗིད།།

གདོང་ལྔ་རིགས་ཀྱི་རྒྱུད་དུ་འཁྲུངས་པའི་འབྲོག་ཁྱི་རྣལ་མའི་སོ་སྲུང་བཙན།།

              ༨

སྟོན་བསིལ་བ་མོའི་གཤོག་སྒྲོའི་འོག་ནས་གསེར་ཞུན་དྭངས་མའི་མཆོད་ཁ་འཕངས།།

དགུན་གསུམ་ཁ་བའི་འཕུར་བསྐྱོད་ཀློང་དུ་དུང་མདོག་ཕྱུ་བའི་ཚར་ཁ་མཐུག།

དབྱར་སྨུག་ཡོལ་བའི་འཇའ་རིས་འོག་ཏུ་སྣ་དྲུག་རི་མོའི་འགུག་ལུགས་མཛེས།།

དཔྱིད་དཔལ་བསུ་བའི་ཕོ་ཉའི་དངོས་གྲུབ་ནོར་ལྷའི་མཆོད་སྐྱེམས་གཡང་དུ་བལྟམས།།

              ༩

འདོ་བ་ཞིག་གི་ལས་ལ་བསྲེས་པའི་ལ་ཁའི་ལུག་རྫིའི་གླུ་སྐད་སྙན།།

འབྲི་མོ་ཞིག་གི་དབང་དུ་ཆུད་པའི་འབྲོག་མོའི་ཞོར་བྲེལ་སྟབས་ཁ་ཡག།

མར་ཕྱིར་བཅུད་ཀྱི་རུ་མའི་ཟས་མཆོག་འདོད་དུ་བལྟམས་པའི་འཚོ་བའི་མདངས།།

སྔ་ཕྱི་ཚེ་རབས་འཕྲེང་བའི་རྒྱུན་ལ་འདི་གར་མཇལ་བའི་སྨོན་ཚིག་བརྡོལ།།

                ༡༠

དྭངས་གསལ་སྤྲིན་པའི་གཡེང་གབ་གཙང་ལ་ཨིནྡྲ་ནཱི་ལ་ཕྱིས་འདྲར་སྔོ།།

རྩི་བཅུད་སྨན་གྱི་རོ་མ་ཁ་ལ་གསེར་ལྕགས་གཏེར་ཁའི་བང་རིམ་ཉིལ།།

ལྷད་མེད་དྭངས་གཙང་འབྱུང་བ་ཡ་མེད་མ་གསོས་སྐལ་བར་བལྟམས་པ་དང་།།

འཛམ་གླིང་གཙུག་གི་ཕིབས་སུ་ཤར་བའི་ང་ཡི་ཕ་ཡུལ་ཇི་འདྲའི་རྨད།།

རྩོམ་ཡིག་མཁོ་སྤྲོད་པ། རྭ་རྒྱ་བ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvo2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784709
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号