སྙན་ངག་ཚན་པ་གསུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» རང་མོས། »སྙན་ངག་ཚན་པ་གསུམ།
སྙན་ངག་ཚན་པ་གསུམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-22ལྟ་ཀློག (6661)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  བོད་གླུ་ཞིག་ལ་ཉན་རྗེས།

                            བན་ཤུལ་བྱམས་པ་རྒྱལ།

       གླུ་བ་༼གླུ་མ༽དེ་ནི་ངོ་མ་ཅན་གྱིས་སྐད་ངག་གཉིས་འཛོམས་ཤིག་རེད།སྐད་སེང་ཡར་ལ་འགྱོག་རྒྱུ་དང་།ངག་སྙན་མར་ལ་བཀུག་རྒྱུ་ཡོད་པ་ཞིག་རེད།

      སྐད་སེང་ཡར་ལ་བཀྱག་ན་གནམ་གྱི་ཧྲག་བར་ཕྱེད་ཅིང་སྤྲིན་དཀར་ཡར་ཡར་བཏེགས་འགྲོ་ལ།ངག་སྙན་མར་ལ་བཀུག་ན་རི་ཀློང་ཐེམ་པ་ཕྱེད་ཅིང་ཆུ་མོ་མར་མར་བཞུར་འོང་བ་ཞིག་རེད།

       ཁོའི་༼མོའི༽སྐད་ངག་གི་གཤིས་ན་ཚེ་སྲོག་གི་སྟོབས་དང་ལྡན་ཞིང་།སྙན་འཇེབས་ཀྱི་དབྱངས་ཀྱིས་ཕྱུག་པས།རི་རྒྱལ་ལྷུན་པོའི་བརྟན་ཆ་དང་རི་ཆུ་སྔོན་མོའི་ལྷུང་ཆའང་མངོན་ཡོད།

        ཁོ་༼མོ༽རང་ཡང་ཆུང་ནས་ཆེ་བར་དུ་སྔོ་ལྗང་གི་རི་ལུང་དང་།དྭངས་གཙང་གི་རྫ་ཆུ།མཛེས་པའི་མེ་ཏོག་དང་ཡངས་པའི་རྩྭ་ཐང་གིས་བསྐྱངས་ཤིང་བསྐྱེད་པའི་ལུག་རྫི་གླུ་བ་༼གླུ་མ༽ཞིག་ཏུ་བསམ་ཡོད། 

       ཁོ༼མོ༽ནི་རི་དང་ཆུ་དང་ནགས་ཀྱིས་བརྒྱན་པ་ཞིག་ན།རྩྭ་དང་རྩི་ཏོག་ཕྱུགས་ཀྱིས་ཁེངས་པ་ཞིག་ན།རང་བཞིན་གྱིས་བཞུར་བའི་ལྷན་སྐྱེས་ཀྱི། དྭངས་གཙང་གི  ཡིད་འོང་གི་རྫ་ཆབ་ལྷུང་ལྷུང་དེ་ཡིན་སོང་ལ། མཚོ་བོད་མཐོ་སྒང་གི འཛིན་མའི་གཙུག་རྒྱན་གྱི་གཡའ་དག་པའི་ནམ་མཁའ་དེའང་ཡིན་སོང་སྙམ།

       ཁོ་བོ༼ཁོ་མོ༽ས་ཕྱག་ཟུང་ཐལ་མོ་སྦྱར་ནས་གླུ་ལེན་དུས།   རུས་མེད་ཀྱི་བྱམས་བརྩེ་དང་སྙིང་རྗེའི་ཆུ་མིག སྙིང་ཁ་ནས་ལྷོག་ལྷོག་བརྡོལ་འོང་བ་ལྟ་བུ་རེད་ལ།ཕྱག་ཡས་ནམ་མཁར་བཏེགས་ནས་གླུ་ལེན་དུས། འཇགས་མེད་ཀྱི་རེ་བ་དང་སྤོབས་པའི་དར་ཆ། ཉི་ཟླའི་ཕངས་བར་ཤུགས་ཀྱིས་བརྐྱངས་སོང་ལྟ་བུ་རེད།

      ད་ལྟའི་བོད་ཀྱི་གླུ་བ་གླུ་མའི་ཚོགས་བཞིན། ལད་ཟློས་དང་བསྲེ་སླད། ཨ་གསར་དང་ངོ་གཉིས་སོགས་ར་མིན་ལུག་མིན་དེ་འདྲ་ནི་ཁོའི་༼མོའི༽སྐད་ཀྱི་གདངས་དང་སེམས་ཀྱི་གཤིས་ནའང་མི་མཐོང་བས།དངོས་གནས་མི་རིགས་ཀྱི་ཁྱད་ཆོས་དང་ཁ་དོག་གིས་མཛེས་པའི་བོད་ཀྱི་གླུ་བ་༼གླུ་མ༽ཞིག་རེད་ཨང་།

      

སྙན་ངག་རྩོམ་འདོད་ཀྱི་སྙན་ངག

             བན་ཤུལ་བྱམས་པ་རྒྱལ།

དེ་རིང་ངས་སྙན་ངག་ཅིག་རྩོམ་འདོད།

རྒྱུ་མཚན།

ཆུང་དུས་ལ་ཟོག་རྫ་རུ་འགྲོ་དུས་ཀྱང་།

རང་ཉིད་ལ་སེམས་པ་འདི་སྐྱིད་ལ་བསྐུར་བྱེད་ཅིག་གམ 

ཡང་ན་སྡུག་ལ་རོལ་བྱེད་ཅིག་ཡོད།

དེའི་མིང་ལ་རྫི་གླུའམ་ཡང་ན་དམངས་གླུ་ཟེར།


དེ་དག་གིས་ང་ལ་སྐྱིད་ཀྱི་ཚོར་བ་བྱིན་མྱོངས་ལ།

སྡུག་གི་སྨྲེང་བའང་བསླངས་མྱོངས་བར་མ་ཟད།

ཡང་ན་ཅི་ཡང་མ་ཡིན་པའམ་མིན་སྲིད་པའི་སེམས་ཀྱི་སྣང་བ་ཕྲ་རབ་དག་ཀྱང་།

ལྕི་བ་དག་ཡང་བར་བྱས།

དམའ་བ་དག་མཐོ་བར་བསྟད་མྱོངས།


སྐབས་དེའི་རྩྭ་ཐང་དང་རང་སེམས་ཀྱི་དབེན་འཇགས་ལ།

ཡང་ན་ཁེར་རྐྱང་གི་སྐྱོ་ཡུས་དང་རང་དབང་གི་དར་ཆ་ལ།

སྒྲ་དབྱངས་དཀྲོལ་མྱོངས།

རླུང་བུ་བསྩལ་མྱོངས།

ཁ་དོག་བྱུགས་མྱོངས།


དེ་བས་དེ་རིང་ངས་དེ་ལྟ་བུའི་སྙན་ངག་ཅིག་རྩོམ་འདོད།


འདང་ཟབ་མོ་རྒྱག་འདོད་མེད།

དོན་ཆེན་པོའང་སྟོན་འདོད་མེད།


དེ་རིང་ངས་སྙན་ངག་འདི་འདྲ་ཞིག་གིས།

ཁ་སང་གི་རྫི་གླུའམ་དམངས་གླུ་དེ་དག་གི་ཚབ་བྱེད་དོན་ནི།

ང་ལ་གཡང་དཀར་ལུག་ཁྱུ་དེ་མེད་སོང་བས་སམ།

ང་ལ་ཡངས་པའི་རྩྭ་ཐང་དེ་མེད་སོང་བས་སམ།

ང་ལ་འདྲིས་པའི་ན་ཟླ་དེ་མེད་སོང་བས་སམ།

ང་ལ་་་་་་་་་

གང་ལྟར་རྡོ་ཁང་མཐོན་པོ་འདི་དག་གི་ཧྲག་བར་ནས།

ང་ལ་སྐད་མཐོན་པོར་འགྱོག་པའི་ལས་སྐལ་དེ་ཡོད་ས་མ་རེད་ལ།

ང་ལ་ངག་སྙན་མོ་འགུག་པའི་བསོད་ནམས་དེའང་ཡོད་ས་མ་རེད།


ཡན་ནའང་།

བག་ཆགས་དང་གོམས་གཤིས་ཀྱིས།

ཆགས་སྡང་དང་དགའ་སྐྱོ་ཡིས།

ངས་ད་དུང་གླུ་ལེན་འདོད།

ཡག་པོ་ལེན་འདོད།

ངས་ད་དུང་སྙན་ངག་རྩོམ་འདོད།

སྐྱིད་པོ་རྩོམ་འདོད།


མཇུག་མཐར་བདག་གི་དེ་རིང་གི་སྙན་ངག་ལགས།

བདག་གིས་ཁྱོད་རང་སྙན་ངག་གི་ཆེད་དུ།

སྙན་ངག་ཏུ་བརྩམས་པ་མ་ཡིན་སྟབས།

མི་ལ་ལས་ཁྱོད་ལ་སྙན་ངག་མ་ཡིན་པའི་སྙན་ངག་ཅེས་འབོད་ཀྱང་སྲིད་མོད།

གང་ལྟར་ཁྱོད་ནི་ང་རང་བསམ་གཞིག་གི་ཀློང་ལ་འཁྱམས་འཁྱམས་མཐར། གློ་བུར་དུ་སྐད་གསེང་མཐོན་པོས་ཀུ་ཞིག་བཏབས་པ་དེ་འདྲ་ཡིན།

ཁྱོད་ནི་བདག་གིས་ཁུ་སིམ་མེར་གླུ་ཞིག་བླངས་པ་དེ་འདྲ་ཡིན།

ཁྱོད་ནི་བདག་གིས་ངལ་གསོ་བར་བག་ཡངས་ཐེངས་ཤིག་བྱས་པ་དེ་འདྲ་ཡིན།


                   ཕྱི་ལོ༢༠༡༥ལོའི་ཟླ༡༢པའི་ཚེས༡༩ལ།


  རྩྭ་ཐང་དང་རྫི་གླུ།

                         བན་ཤུལ་བྱམས་པ་རྒྱལ།

དེ་དུས་ཤིག་ལ།

རྫི་གླུ་འཕུར་བའི་རྩྭ་ཐང་ན།

བྱེའུ་ཆུང་དཀྲོག་པའི་རྩེད་འཇོ་ཡོད།

རྩྭ་ཐང་འཛུམ་པའི་རྫི་གླུ་ན།

དུང་བ་ཟབ་མོའི་ཟུར་མིག་ཡོད།


རྩྭ་ཐང་ལ་མེ་ཏོག་མཁོ་བ་ཇི་བཞིན།

རྩྭ་ཐང་ལ་རྫི་གླུ་ནི་ཅི་འདྲའི་མཁོ་ཨང་།


སྤྱིར་ཡང་བདག་གི་སེམས་སུ།

རྩྭ་ཐང་ནི་ཁྱེད་རང་ཚོའི་ཕ་མེས་ཀྱི་རིང་ལ་སྙན་འཇེབས་ཀྱི་རྫི་གླུར་བཞེངས་པའི།

རྒྱང་རིང་དེའམ་ཡངས་པ་དེ།

མཛེས་པ་དེའམ་སྙན་པ་དེ།

ཡང་ན། གཙང་བ་དེ་དག་དང་དེ་དག་གི་ཁམས་ཀྱང་ཡིན་སྲིད།


རི་བོ་མཐོ་ཡང་ཆོག་གི

ས་གཞི་ཡངས་ཀྱང་ཆོག་གི

རྩྭ་ཐང་ལ་ནི་རྫི་གླུ་མེད་ཚེ།

ཚེ་སྲོག་གིས་ནམ་ཡང་འཁང་ར་མི་བྱ་འམ།


ཚེ་སྲོག་གིས་ནི།

འཁང་བའི་ཚིག་དག་མེ་ལྟར་སྦར་ཞིང་།

མེ་ཏོག་གིས་ཀྱང་།

སྡང་བའི་མིག་རྣམས་ཁྲག་ལྟར་དམར་ཚེ།

ཡིད་འོང་གི་ངང་ཚུལ་དེ་དག་གང་དུ་འཚོལ་ཨང་།

དྲོད་འཇམ་གྱི་བཞུར་རྒྱུན་འདི་དག་གང་དུ་འབབ་ཨང་།


རྫི་གླུ་བོར་བའི་རྩྭ་ཐང་ནི་ཤེས་རབ་ཟད་པ་ཞིག་དང་།

རྩྭ་ཐང་བསྐྱུར་བའི་རྫི་གླུའང་སྙན་འཇེབས་ཀྱིས་སྟོངས་པ་ཞིག་མ་ཡིན་ནམ།


རྡོ་གཅལ་སྔོན་པོ་དང་སྒྲ་སྒམ་བརྗིད་པོ།

དེ་དག་ནི་རྫི་གླུ་ཆགས་སའི་གནས་མ་ཡིན་ཏེ།

རྫི་གླུ་ལ་ཡངས་ཤིང་ཆེ་བ་མཁོ།

མཛེས་ཤིང་གཙང་བ་མཁོ།

སྟོང་བའི་ནམ་མཁའ་དང་རླུང་བུ་སར་སེར།

དེ་དག་གིས་ཀྱང་རྩྭ་ཐང་གི་ཁམས་མི་རྫོགས་ཏེ།

རྩྭ་ཐང་ལ་སྙན་པའི་འགྱུར་ཁུག་མཁོ།

བརྩེ་བའི་དབུགས་རྒྱུན་མཁོ།


ཉི་འོད་ཀྱིས་ལྡག་པའི་ལོ་མ་སེར་པོ་ཡ།

རྡོ་གཅལ་དུ་ལྷུང་བའི་དབྱངས་རྟ་འཁྱམ་པོ་ཡ།


                          ༢༠༡༦ལོའི་ཟླ༢ཚེས༢༧ལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525624
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།