འཚོ་གནས་ཀྱི་ཐབས་དང་འཚོ་གནས་ཀྱི་སྙིང་དོན་གཉིས་ཀྱི་རྣམ་པར་དབྱེ་བ་བརྗོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »འཚོ་གནས་ཀྱི་ཐབས་དང་འཚོ་གནས་ཀྱི་སྙིང་དོན་གཉིས་ཀྱི་རྣམ་པར་དབྱེ
འཚོ་གནས་ཀྱི་ཐབས་དང་འཚོ་གནས་ཀྱི་སྙིང་དོན་གཉིས་ཀྱི་རྣམ་པར་དབྱེ་བ་བརྗོད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-22ལྟ་ཀློག (3092)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །འཚོ་གནས་ཀྱི་ཐབས་དང་འཚོ་གནས་ཀྱི་སྙིང་དོན་གཉིས་ཀྱི་རྣམ་པར་དབྱེ་བ་བརྗོད་པ།

མཁན་པོ་ཚུལ་ཁྲིམས་བློ་གྲོས། བླ་རུང་།

ཆོག་ཤེས་འཚོ་བས་དོན་གཉིས་མཐར་ཕྱིན་པ། །
མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །
འཚོ་བའི་ཐབས་དང་འཚོ་བའི་སྙིང་པོ་ཡི། །
རྣམ་པར་དབྱེ་བ་མདོ་ཙམ་བརྗོད་པར་བྱ། །
    དེ་ལ་འདིར་འཚོ་གནས་ཀྱི་ཐབས་དང་འཚོ་གནས་ཀྱི་སྙིང་དོན་མདོར་བསྡུས་སུ་བརྗོད་པ་ལ། སྐྱེ་བོ་ཕལ་བ་མང་པོ་ཞིག་གིས་འདི་གཉིས་ཀྱི་ཁྱད་པར་འབྱེད་མི་ཤེས་ཏེ། འཚོ་གནས་ཀྱི་ཐབས་བསྒྲུབ་པ་ཙམ་ཞིག་འཚོ་གནས་ཀྱི་སྙིང་པོ་ཡིན་པར་བསམས་ནས་དེའི་ཆེད་དུ་མི་ཚེ་ཡོངས་རྫོགས་འཚོ་གནས་ཙམ་ཐུབ་ཀྱང་འཚོ་གནས་ཀྱི་སྙིང་པོ་ཅི་ཡང་མ་རྙེད་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །དེ་རྣམས་ནི་རང་ཉིད་འཚོ་གནས་ཐུབ་པ་ཙམ་ལས་གཞན་བྱ་བ་གང་ཡང་མ་གྲུབ་པས་དུད་འགྲོ་རྣམས་དང་ཁྱད་པར་ཆེར་མེད་དོ། །
འོ་ན་འདི་གཉིས་ཀྱི་དབྱེ་བ་གང་ཞེ་ན། དང་པོ་ཅི་ཞིག་ལ་འཚོ་གནས་ཀྱི་ཐབས་སྒྲུབ་པ་ཙམ་ཞེས་བྱ་བ་ནི། དམ་པའི་ཆོས་ཀྱི་ཕྱོགས་ནས་བཤད་ན། ཆོས་རྣམ་པར་དག་པ་མི་སྒྲུབ་པར་རང་ཉིད་ཀྱི་འཇིག་རྟེན་ཚེ་འདིའི་འདུག་ཆས་ཇི་ལྟར་སྒྲུབ་ཅིང་གྲུབ་པར་གྱུར་ཀྱང་དེ་ནི་འཚོ་གནས་ཙམ་ཡིན་གྱི། འཚོ་གནས་ཀྱི་སྙིང་པོ་མ་རྙེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཚེ་འདིའི་འདུག་ཆས་ཇི་ལྟར་བཟང་པོ་གྲུབ་པར་གྱུར་ཀྱང་དེ་གང་ཟག་སྒེར་ལ་བསམས་ན་ལོ་བཅུ་ཕྲག་འགའ་ཞིག་གམ་ཉག་མ་འགའ་ཞིག་གི་དོན་ཙམ་ཡིན་གྱི། དེ་ཕན་ཆད་ལ་དེས་ཕན་པ་ཅི་ཡང་མེད་པའི་ཕྱིར་ཏེ། མིའི་ཁ་ཟས་དང་རྒྱབ་གོས་ཀྱི་ཆེད་དུ་ཇི་ལྟར་འབད་ཅིང་གྲུབ་པར་གྱུར་ཀྱང་དེས་མི་ཡུལ་དུ་ཇི་སྲིད་འདུག་པའི་བར་དུ་ཕན་པ་ཡོད་པ་ཡིན་མོད། ནམ་ཞིག་མི་ཡུལ་གྱི་ཟས་བཟའ་རྒྱུ་ཡོད་ཀྱང་དེ་ལས་མི་བཟའ་བ་དང༌། གོས་གྱོན་རྒྱུ་ཡོད་ཀྱང་དེ་ལས་མི་གྱོན་པ་དང༌། ལོངས་སྤྱོད་གཞན་པ་ཡོད་ཀྱང་དེ་ལས་ལོངས་སུ་མི་སྤྱོད་པའི་དུས་ཤིག་ནི་ངེས་པར་དུ་འོང་རྒྱུ་ཡོད་ལ། དེའི་ཚེ་ན་སྔོན་གྱི་འབད་པ་ཐམས་ཅད་ཀྱི་དོན་འབྲས་ཀྱང་དེ་ཙམ་གྱི་མཇུག་ཡོངས་སུ་རྫོགས་པ་ཡིན་ཞིང༌། དེ་འདྲའི་དུས་དེ་འོང་བ་ལའང་ཡུན་རིང་པོ་མེད་དེ། རིང་མཐའ་ཡང་ལོ་བཅུ་ཕྲག་འགའ་ཞིག་ཙམ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཕན་ཆད་ཀྱི་དོན་ལའང་འབད་པ་བྱེད་དགོས་ཀྱི། དེའི་དོན་ལ་འབད་པ་དང་བསམ་བློ་ཡེ་ནས་མི་གཏོང་བར་གནས་སྐབས་ཡུན་ཐུང་འདིའི་ཆེད་ཁོ་ནར་བསམ་བློ་གཏོང་ཞིང་བརྩོན་པ་བྱས་ནས་སྡོད་པ་ནི་གནས་སྐབས་ཀྱི་འཚོ་གནས་ཐུབ་པའི་ཐབས་ཙམ་ཡིན་པ་ལས། འཚོ་གནས་ལ་དོན་སྙིང་ཆེར་མེད་པར་བཞེད་དོ། །
      འཇིག་རྟེན་ཕྱོགས་ནས་བཤད་ན། མི་རིགས་དང་སྤྱི་ཚོགས་ལ་ཕན་པ་ཅན་གྱི་བྱ་བ་གང་ཡང་མེད་པར་རང་ཉིད་ཀྱི་འཚོ་བ་ཁོ་ནའི་ཆེད་དུ་བརྩོན་པ་བྱས་ཏེ། ཕྱུག་པོ་ཀླུ་ལྟ་བུར་གྱུར་ནས་དངུལ་ཁང་ནང་དུ་སྒོར་མོ་བྱེ་བ་མང་པོ་བཅོལ། མིང་གྲགས་ཅན་གྱི་རླངས་འཁོར་སྐོར། རྒྱས་སྤྲོས་ཅན་གྱི་ཁང་བཟང་དུ་སྡོད་ཅིང་ཇི་འདྲའི་འཚོ་བ་སྤྲོས་བཅས་ཅན་ཞིག་ལ་མི་ཚེ་གཅིག་པོར་རོལ་ཀྱང་རུང་སྟེ། དེ་ནི་འཚོ་གནས་ཀྱི་ཐབས་ཚུལ་རྒྱས་སྤྲོས་བྱས་པ་ཙམ་ཡིན་གྱི། དོན་ལ་འཚོ་གནས་ཉིད་ལས་གཞན་འཚོ་གནས་ཀྱི་སྙིང་དོན་སྟོར་བ་ཡིན་ནོ། །དེ་ག་འཚོ་གནས་ཀྱི་སྙིང་པོ་ཡིན་ནོ་སྙམ་ན། མ་ཡིན་ཏེ། མི་ཞིག་ཚེ་སྲོག་གི་རིན་ཐང་རང་ཉིད་ཀྱིས་ཟས་ཞིམ་པོ་ཞིག་བཟའ་བ་དང༌། ཁང་པ་བཟང་པོ་ཞིག་གི་ནང་དུ་སྡོད་པ་ཙམ་ཡིན་པར་སེམས་པ་ནི་འཚོ་གནས་ཀྱི་སྙིང་པོ་རྩ་བ་ནས་མ་ཤེས་པ་ཡིན་ནོ། །དེས་ན་འདི་ཙམ་ཞིག་འཚོ་གནས་ཀྱི་སྙིང་པོར་སེམས་པ་ནི་ཕྱུགས་རྣམས་ཀྱི་འཚོ་བ་དང་མཚུངས་པ་ཡིན་ཏེ། ཚེ་འཁྱོལ་ཐབས་ཙམ་ཞིག་ནི་ཕྱུགས་རྣམས་ཀྱིས་ཀྱང་འགྲུབ་པའི་ཕྱིར་རོ། །དེ་གཉིས་མི་མཚུངས་ཏེ། ཕྱུགས་རྣམས་ལ་དེ་འདྲའི་འཚོ་བ་སྐྱིད་པོ་མེད་པའི་ཕྱིར་ཞེ་ན། དེ་འདྲའི་འཚོ་ཐབས་རྒྱས་སྤྲོས་བྱས་ཀྱང་སྐྱིད་པའི་ངེས་པ་མེད་དེ། སྐྱིད་དང་མི་སྐྱིད་ཅེས་པ་ནི་སེམས་ཀྱིས་ཚོར་བ་མྱོང་ཚུལ་ཞིག་ཡིན་ལ། འཚོ་ཐབས་རྒྱས་སྤྲོས་དེ་སེམས་སྐྱིད་པའི་ཐབས་སུ་འགྲོ་བ་ཡོད་ཀྱང་འགྲོ་བའི་ངེས་པ་མེད་དེ། འདི་འདྲའི་འཚོ་བ་ལ་རོལ་བཞིན་དུ་སྡུག་བསྔལ་མི་བཟོད་ནས་རང་སྲོག་གཅོད་མཁན་ཆེས་མང་པོ་མཐོང་བའི་ཕྱིར་དང༌། འཚོ་ཐབས་སྟབས་བདེ་བྱས་པས་སེམས་མི་སྐྱིད་པ་ཡོད་ཀྱང་མི་སྐྱིད་པའི་ངེས་པ་མེད་དེ། འཚོ་ཚུལ་སྟབས་བདེ་ཙམ་ཞིག་གིས་འཚོ་བཞིན་དུ་སེམས་ཤིན་ཏུ་སྐྱིད་པ་ཆེས་མང་པོ་མཐོང་བའི་ཕྱིར་རོ། །དེར་མ་ཟད་འཚོ་ཚུལ་རྒྱས་སྤྲོས་ཅན་འདིའི་ཕྱིར་དུ་རང་གི་ལུས་དང་སེམས་ཀྱི་ནུས་ཤུགས་དང་དུས་ཚོད་མང་པོ་གཏོང་དགོས་པར་མ་ཚད་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བརླག་ཚད་ལས་འདས་པ་བྱས་ཏེ། མི་རབས་རྗེས་མ་རྣམས་འཚོ་བའི་གནས་མེད་པར་བྱེད་པའི་ཉེས་ཅན་གྱི་འཚོ་ཚུལ་ཡང་ཡིན་ནོ། །མདོར་ན་ཇི་ལྟར་རྒྱས་སྤྲོས་ཀྱང་འཚོ་ཚུལ་དེའི་དོན་སྙིང་འདི་ཡིན་ཞེས་ངོས་གཟུང་རྒྱུ་མེད་དོ། །
       གཉིས་པ་ཅི་ཞིག་ལ་འཚོ་གནས་ཀྱི་སྙིང་དོན་ཞེས་བྱ་ཞེ་ན། དམ་པའི་ཆོས་ཕྱོགས་ནས་བཤད་ན། རང་དོན་དང་གཞན་དོན་གཉིས་ཀྱི་ནང་ནས་གཞན་དོན་དང༌། འཕྲལ་དང་ཡུན་གཉིས་ཀྱི་ནང་ནས་ཡུན་དང༌། གནས་སྐབས་དང་མཐར་ཐུག་གཉིས་ཀྱི་ནང་ནས་མཐར་ཐུག་གི་དོན་བསྒྲུབ་པར་བྱ་དགོས་པ་ཡིན་པས་རང་དོན་བཞག་ནས་གཞན་གྱི་དོན་བསྒྲུབ་དགོས་པ་ཡིན། དེ་ཡང་གཞན་ལ་ཟས་སྦྱིན་པ་དང་གོས་སྦྱིན་པ་སོགས་ཀྱིས་འཕྲལ་དུ་བདེ་བ་ཅུང་ཟད་རེ་འབྱུང་རུང་ཡང་དེས་ཡུན་རིང་ལ་ཕན་པར་མི་འགྱུར་བས་ཡུན་རིང་པོའི་བདེ་བ་བསྒྲུབ་དགོས། ཡུན་རིང་པོའི་བདེ་བ་དེ་ཡང་འཇིག་རྟེན་གྱི་བདེ་བ་ཐམས་ཅད་མི་རྟག་པས་མཐར་མེད་པར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་དེ་ཙམ་གྱིས་ཀྱང་མི་ཕན་པས་མཐར་ཐུག་གི་བདེ་བ་འགྱུར་བ་མེད་པ་གཅིག་བསྒྲུབ་དགོས་སོ། །དེས་ན་འགྲོ་བ་གཅིག་ཀྱང་མ་ལུས་པ་ལ་མཐར་ཐུག་གི་བདེ་བ་དེ་བསྒྲུབ་པར་སེམས་ཐག་བཅད་ནས་དེའི་ཕྱིར་དུ་འབད་བརྩོན་བྱེད་པ་ནི་ཆེས་ཤིན་ཏུ་རླབས་ཆེ་བའི་ཕུགས་འདུན་དང་གཟི་བརྗིད་ལྡན་པའི་བྱ་བ་བླ་ན་མེད་པ་ཞིག་ཡིན་པས་མི་ཚེའི་དོན་སྙིང་མཐར་ཐུག་པ་ཡིན་པར་བཞེད་དོ། །
      འཇིག་རྟེན་གྱི་ཕྱོགས་ནས་བཤད་ན། རང་ཉིད་གཅིག་པུ་ཚེ་འདིར་བདེ་ཐབས་དང་སྐྱིད་ཐབས་རྐྱང་པ་ཙམ་ལ་བསམ་བློ་མི་གཏོང་བར་མིའི་རིགས་སྤྱི་དང་བྱེ་བྲག་ལ་ཕན་པའི་བསམ་པ་རྣམ་པར་དག་པས་རོགས་རམ་མམ་ཞབས་འདེགས་ལེགས་པར་བསྒྲུབ་པ་ནི་སྤྱིར་མི་ཚེའི་སྙིང་དོན་ཡིན་ལ། ཁྱད་པར་དུ་རང་རེ་བོད་ཀྱི་ད་ལྟའི་གནས་ཚུལ་གྱི་དབང་དུ་བྱས་ན། སེར་སྐྱ་གཉིས་ཀའི་ནང་ན་ཤེས་ཡོན་ཅན་དང་ཤུགས་རྐྱེན་ཅན་ནམ་གོ་ཆོད་མཁན་གྱི་མི་ཤིན་ཏུ་དཀོན་པོར་སྣང་སྟེ། དེའི་རྒྱུ་མཚན་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུ་སྲོལ་རྒྱུན་གྱི་རིག་གནས་ལ་གཏོར་བརླག་ཤིན་ཏུ་ཚབས་ཆེན་ཐེབས་ནས་ལོ་མང་པོའི་རིང་ལ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང༌། དེང་རབས་ཀྱི་རིག་གནས་རྣམས་ཀྱང་རྐྱེན་སྣ་ཚོགས་པའི་དབང་གིས་སློབ་སྦྱོང་ལེགས་པོ་ཞིག་བྱ་མ་ཐུབ་པའི་ལན་གྱིས་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། གལ་ཏེ་བོད་མིའི་ནང་ན་ཤེས་ཡོན་ཅན་དང་གོ་ཆོད་པའི་མི་མེད་ཚེ་བོད་ཀྱི་སྤྱི་ཚོགས་དང༌། འཚོ་བ་དང༌། རིག་གནས་དང༌། དཔལ་འབྱོར་དག་ཡར་རྒྱས་སུ་མི་འགྲོ་བ་ནི་ཐག་གིས་ཆོད་པ་ཡིན་ཏེ། སོ་སོའི་ཁ་སོས་པ་དང་རྒྱབ་ཁེབས་པ་ཙམ་ཞིག་བྱུང་ན་རབ་ཡིན་གྱི། དེ་ལས་གཞན་གྱི་རེ་ཐག་ཆད་ཚར་བ་ཡིན་ནོ། །དེས་ན་རང་རེ་བོད་ཀྱི་ཕ་མ་རྣམས་ཀྱིས་མིག་རྒྱང་དང་བློ་རྒྱ་ཅུང་ཟད་བསྐྱེད་དེ་བུ་ཕྲུག་རྣམས་སློབ་གྲྭར་གཏོང་རྒྱུ་དང༌། སློབ་མ་རྣམས་ཀྱིས་ཀྱང་སློབ་གྲྭར་ཕྱིན་ཟིན་རྗེས་རང་ཅག་ད་ལྟ་རྗེས་ལུས་ཡིན་པའི་ངང་ཚུལ་ལ་བསམ་བློ་བཏང་ནས་སློབ་སྦྱོང་ལ་འབད་བརྩོན་གཞན་ལས་ལྷག་པ་ཞིག་བྱས་ནས་སྦྱང་འབྲས་འབུར་དུ་ཐོན་པ་དང༌། རང་རེའི་སྤྱི་ཚོགས་ལ་ཕན་པ་མངོན་གསལ་ཅན་རེ་བསྒྲུབ་བསམ་པ་དང་སྦྱོར་བ་གཉིས་ཀ་ཡོད་པ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལྟར་བྱ་ཐུབ་ན། ཕ་མ་དང༌། དགེ་རྒན་དང༌། རང་ཅག་གི་སློབ་གསོ་ལ་རྒྱབ་སྐྱོར་གནང་མཁན་བསམ་བཟང་ཅན་གྱི་ཚོགས་པ་དང་མི་སྒེར་བཅས་ཀྱི་སེམས་ཤུགས་རྒྱས་ནས་སློབ་གསོའི་བྱ་བ་ཡར་རྒྱས་འོང་བ་ལའང་སྐུལ་མ་ལེགས་པོ་ཐེབས་པར་གདོན་མི་ཟའོ། །
    དེ་ལས་ལྡོག་སྟེ་སློབ་གྲྭ་ཆེ་འབྲིང་གང་དུ་སོང་ཡང་སློབ་སྦྱོང་ལ་ནན་ཏན་མི་བྱེད། ཀུན་སྤྱོད་བཟང་པོ་ལ་ཡར་ལྟ་མི་བྱེད། མ་རབས་ཀྱི་སྤྱོད་པ་ཆང་དུད་སོགས་ལ་བག་མེད་དུ་སྤྱད། སློབ་མ་རྣམས་འགྲོ་བར་མི་འོས་པའི་གནས་སུ་འགྲོ་ཞིང༌། ཕ་མ་དང་དགེ་རྒན་དང་སྤྱི་ཚོགས་ལ་འགན་མི་འཁུར་བའི་བྱ་བ་བསྒྲུབས་ནས་གནས་ན། ཕ་མ་སོགས་ཀྱང་ཡི་ཆད་ནས་སློབ་གསོའི་བྱ་བ་རྗེས་ལུས་ཡིན་པའི་སྟེང་དུ་ཡང་ལུས་སུ་འགྱུར་བས་ཅིས་ཀྱང་བརྩོན་པ་བྱ་དགོས། དེ་ཡང་སློབ་ཆེན་བཟང་ཤོས་ཤིག་གི་ནང་དུ་རྒྱུགས་འཕྲོད་ངེས་བྱས་ཤིང༌། སློབ་རིམ་གོང་ནས་གོང་དུ་འཕགས་ཏེ་ཆེད་ལས་ཀྱི་རིག་པ་བསླབ་པའི་གྲ་སྒྲིག་བྱ་དགོས་ཀྱི། སློབ་ཆེན་དུ་མིང་ཐོགས་ཙམ་གྱི་སློབ་གྲྭ་རེར་རྒྱུགས་སྤྲད་ནས་སྤྱིར་ཡི་གེ་འབྲི་ཀློག་རེ་ཤེས་པར་གྱུར་ཀྱང་དེ་ཙམ་གྱིས་དེང་སང་ཅི་ཡང་མི་འོང་བས་སློབ་འབྲིང་གི་ནང་ནས་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་འཛུགས་པར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །
    སློབ་གྲྭ་ནས་སློབ་སྦྱོང་ཐམས་ཅད་མཐར་ཕྱིན་ཟིན་པའི་རྗེས་སུ་ཆེས་ཐོག་མར་རང་ཉིད་ལ་ལྕགས་ཀྱི་ཕོར་བ་ཞིག་གང་དུ་ཡོད་སྙམ་སྟེ། མིག་གིས་རིག་རིག་བྱས་ཏེ་མི་བཙལ་བར་རང་ཅག་གི་སྤྱི་ཚོགས་དང༌། རིག་གནས་དང༌། འཚོ་བ་ཡར་རྒྱས་ལ་ཞབས་འདེགས་ཞུ་བ་དེ་བྱ་བ་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོར་བཞག་ནས་མི་ཚེ་ཧྲིལ་པོ་དེའི་དོན་དུ་འབུལ་ཐུབ་ན་མི་ཚེ་དོན་དང་ལྡན་པ་ཞེས་བྱའོ། །གལ་ཏེ་སྤྱི་ཚོགས་ཡར་རྒྱས་ལ་བྱ་བ་རྒྱ་ཆེན་པོ་ཞིག་བསྒྲུབ་མ་ཐུབ་ཀྱང་རིག་གནས་ཀྱི་སློབ་གསོ་རྗེས་ལུས་ཡིན་པའི་ས་ཁུལ་དུ་སོང་ནས་ཤེས་ཡོན་དང་ལྷག་བསམ་ཡོད་པའི་མི་འགའ་རེ་སྐྱེད་སྲིང་བྱེད་ཐུབ་ན་དེ་ཡང་སྤྱི་ཚོགས་ལ་བྱས་རྗེ་ཆེན་པོ་ཡིན་པས་ཤིན་ཏུ་གལ་ཆེ། དེས་ན་ད་ལྟ་ནས་ཀྱང་རང་གི་འཚོ་ཐབས་ཁོ་ན་ལ་བསམ་བློ་མི་གཏོང་བར་འཚོ་གནས་དོན་སྙིང་དང་ལྡན་པ་ཞིག་བྱ་དགོས་སྙམ་པའི་དམ་བཅའ་དང་འདུན་པ་ཡོད་དགོས་སོ། །མདོར་ན་ཤེས་རིག་དང་ལྷག་བསམ་གཉིས་པོ་ཟུང་དུ་འཇུག་ཐུབ་ན་རླབས་ཆེན་གྱི་བྱ་བ་གང་བསྒྲུབ་དགོས་ཀྱང་འགྲུབ་ལ། དེ་གཉིས་ལས་གང་རུང་ཞིག་མེད་ན་གཤོག་པ་ཡ་གཅིག་མེད་པའི་བྱ་ལྟ་བུ་ཡིན་པས་འདི་ནམ་ཡང་མ་བརྗེད་པར་བྱ་དགོས་སོ། །
      སྤྱི་ཚོགས་ཡར་རྒྱས་ཞེས་པ་ནི། འཇིག་རྟེན་པའི་འཚོ་བའི་ཆ་རྐྱེན་དུ་གྱུར་པའི་རིག་གནས་དང༌། དཔལ་འབྱོར་དར་ཞིང་རྒྱས་པ་དང༌། ཞི་བདེ་དང༌། འདྲ་མཉམ་དང༌། རང་དབང་དང༌། ཚུལ་མཐུན་སོགས་སྔར་ཡོད་བརྒྱུད་འཛིན་དང༌། སྔར་མེད་གསར་འཛུགས་བྱེད་པ་དང༌། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལ་ཡིད་ཆེས་ཀྱི་སྒོ་ནས་རང་གཞན་ལ་གནོད་པའི་ལས་མི་དགེ་བ་རྣམས་སྤང་བ་དང༌། སྙིང་རྗེའི་སེམས་ཀྱིས་གཞན་གྱི་སྡུག་བསྔལ་བསལ་བ་དང༌། བྱམས་པའི་སེམས་ཀྱིས་གཞན་ལ་བདེ་བ་བསྐྲུན་པ་སོགས་ཀྱིས་ཚེ་འདིར་ཡང་སྐྱིད་ལ་ཕྱི་མར་ཡང་བདེ་བ་ཞིག་བྱུང་བ་ལ་བྱའོ། །

ཞེས་པ་ནི་མཐོ་འབྲིང་གི་སློབ་མ་ཁག་གཅིག་གི་ཕྱིར་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་རབ་གནས་མེ་ཁྱི་ལོའི་ཟླ་༡༡ཚེས་༢༧ལ་གསེར་ལྗོངས་བླ་མ་རུང་དུ་བྲིས་པའོ།། །།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ། གླིང་བུའི་སྙེ་མ།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497036
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།