​​ཐང་སྟོང་རྒྱལ་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »​​ཐང་སྟོང་རྒྱལ་བོ།
​​ཐང་སྟོང་རྒྱལ་བོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-04-09ལྟ་ཀློག (10932)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



ཐང་སྟོང་རྒྱལ་བོ།

      ཙ་ཡོན།
ནང་དོན་མདོར་བསྟན།
ཐང་སྟོང་རྒྱལ་བོའམ་བརྩོན་འགྲུས་བཟང་བོ་ནི། བོད་ཀྱི་ལོ་རྒྱུས་སྟེང་ཆེས་མཚན་སྙན་ཡོད་པའི་མི་སྣ་ཞིག་སྟེ།
ཁོས་བོད་ཀྱི་བཟོ་ལས་འཛུགས་སྐྲུན་ལ་སྦྱངས་པ་བླ་ན་མེད་པ་མཛད་དེ། ལྕགས་ཀྱི་གཏེར་ཁ་འདོན་པ་དང་།ཆུ་བོ་ཆེན་པོ་དག་ལ་ལྕགས་ཟམ་བཙུགས་པ་སོགས་སྐུ་ཚེ་གཅིག་རིང་དམངས་ཕན་གྱི་ལས་མཐའ་ཡས་པ་མཛད་དོ།།
དཀར་ཆག
1 རབ་ཏུ་བྱུང་སྟེ་སློབ་གཉེར་གནང་བའི་ཚུལ། 
2 ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོག་ཚུལ། 
3 ལྕགས་ཀྱི་སློང་མཛད་པ།
4 ཕྱོགས་ཀུན་ཏུ་ཟམ་ཆེན་གསར་བཙུགས་མཛད་པ། 
5 འཛུགས་སྐྲུན་གྱི་ཁྱད་ཆོས།
1 རབ་ཏུ་བྱུང་སྟེ་སློབ་གཉེར་གནང་བའི་ཚུལ། 
    ཐང་སྟོང་རྒྱལ་བོ་ནི་རབ་བྱུང་དྲུག་པའི་ལྕགས་མོ་གླང་༼1361༽ལོར་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ལ་ཞེས་པའི་སར་སྐུ་བལྟམས།  ལྕམ་སྲིང་དྲུག་ཡོད། ཐང་སྟོང་རྒྱལ་བོ་ནི་བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ། རིག་པ་རྣོ་བས་ཕ་མ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེ་ཀློག་སློབ་པར་བསྐྱལ། སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་རིང་བོར་མ་ཐོགས་པར་བོད་ཡིག་དང་། ལཉྫ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་མ་ཡི་རེ་བ་ལྟར་དགོན་པ་བྱང་སྡིངས་སུ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས།  མཚན་ལ་བརྩོན་འགྲུས་བཟང་བོར་བཏགས།ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་། དཀོན་མཆོག་དར་མ་ལས་སྡེ་སྣོད་ཀྱི་རིག་ལམ་མང་པོ་གསན། དེ་རྗེས་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན།  དེ་ནས་གསུང་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་བ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ།
2 ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོག་ཚུལ། 
    ཐང་སྟོང་རྒྱལ་བོ་ཁོང་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་ངྷ་རས་གསར་དངུལ་སོགས་ཆ་རྐྱེན་དུ་མ་མཛད་དེ་འཕགས་པ་ཤིང་ཀུན་སྐུ་དཀར་གསོལ་ཞིང་། གཞན་བལ་བོའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད་། ལོ་ངོ་བཅོ་བརྒྱད་ཀྱི་ཡུན་དུ་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང་། ཟངས་གླིང་སོགས་ལ་ཕེབས་ནས་གྲུབ་ཐོབ་མང་པོའི་མདུན་ནས་དམ་ཆོས་མང་དུ་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན་ནས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དེ་ནས་ཕྱིར་བོད་དུ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་པར་བཏབ་ནས་མཆོད་རྟེན་བརྩིགས་པ་དང་། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། 
སྐུ་རྟེན་ལ་བྲིས་ཐང་བཞེགས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མར་གྲགས་པ་ཡིན། ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོགས་ཚུལ་ནི།       ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།།  སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ།། འཇིག་རྟེན་རྒྱལ་བོ་ལྟ་བུ་བཞུགས།། དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ།།ཅེས་སྐབས་དེར་གཙང་རྒྱལ་སྡེའི་ཐང་ཁར་ཡུན་རིང་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་སྟོང་ཐང་རྒྱལ་བོ་ཞེས་མཚན་ཐོག་པ་ཡིན་ནོ།།


3 ལྕགས་ཀྱི་སློང་མཛད་པ།
    ཐང་སྟོང་རྒྱལ་བོ་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་བ་ཞིག་ཀྱང་ཡིན་པས་ཐེངས་གཅིག་ཚུལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བ་ན་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་བསྐྱུར་བས་ཐུགས་ཡིད་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་གི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས།   སླར་མ་བཟོད་པར་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཀྱི་ཟམ་པ་འཛུགས་རྒྱུའི་ཕྱོགས་ལ་མི་ཕྱེད་པའི་དམ་བཅའ་གཡོ་མེད་ཐུགས་ལ་འཁྲུངས། དེ་ནས་འབངས་དུ་མས་བཙལ་བའི་གསེར་ཞོ་བརྒྱ་ཐམ་པ་ཕྱག་རྫས་སུ་བསྣམས་ཏེ་ཀོང་པོར་ལྕགས་འཚོལ་བར་ཕེབས། དེ་ལྟར་རིམ་བཞིན་དད་འདུས་ཀྱི་སློབ་མ་ལྔ་བཅུ་ཙམ་བྱུང་བ་རྣམས་ཁྲིད་དེ་སྔ་རྗེས་སུ་ཀོང་ཡུལ་སྟེང་རྩ་དང་།བྷ་ཁ། སྨན་མོ་སྒང་སོགས་ལ་ཻཔབས་ཤིང་། ས་ཆ་དེ་ཚོའི་མང་ཚོགས་ལ་ལྕགས་ཟམ་འཛུགས་པའི་དགོས་མཚན་དྲིལ་བསྒྲགས་བྱས་ནས་ལྕགས་ཀྱི་སློང་མོ་མཛད་པ་དང་། ལྕགས་ཟམ་གྱི་མཐུན་རྐྱེན་སྒྲུབ་བྱེད་དུ་བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང་ནས།རང་ཉིད་གཙོས་ལྕགས་ཁ་སྔོག་འདོན་གྱི་ལས་ལ་བཞུགས། ཀོང་པོ་སྨན་མོ་སྒང་དུ་ཚོགས་ཁང་ཀ་བ་བཅུ་གཉིས་ཟླ་བ་གཅིག་ལ་གྲུབ་ནས་ལྕགས་ཀྱི་གཏེར་ཁ་སྟོབས་ཆེ་བ་བཏོན།མགར་བ་མང་པོ་བསགས་ནས་ལྕགས་བརྡུང་དགོས་དགོངས་པའི་ཚེ་ཀོང་པོ་བ་དོན་གྲུབ་རྒྱལ་བོས་ལྕགས་ཁུར་བོ་བཅུ་གསུམ་ཕུལ་བ་སོགས་ལྕགས་ཧ་ཅང་མང་པོ་བྱུང་། ཀུན་དགའ་སོགས་མགར་བ་མང་པོ་དང་ལྷན་ཁོང་གིས་ལྕགས་བཟོ་མཛད། ཞག་བཅོ་བརྒྱད་རིང་ལ་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་གྲུབ། མཚོན་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་བཟོ་རྡུང་མཛད། དེ་དག་སྐྱེལ་འདྲེན་གྱི་མཛོ་གཡག་ཀོང་པོ་བ་རྣམས་ལ་སྐུལ་མ་གནང་སྟེ་ཐོག་མ་མཛོ་ཉིས་བརྒྱ་བཞི་བཅུ་ལ་ལྕགས་བཀལ་ནས་དབུས་གཙང་ཕྱོགས་སུ་བརྫང་། ཐང་སྟོང་རྒྱལ་བོ་རང་ཡང་གཙང་སྟོད་དུ་ཕྱིར་ཕེབས་ནས་འབུལ་བ་བྱུང་ཚད་ལྕགས་ལ་བསྒྲིལ་ཏེ་ལྕགས་ཕུར་སྟོང་ཕྲག་གཅིག་དང་སུམ་བརྒྱ་བྱུང་བ་ཕག་རི་བར་བསྐྱལ།གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་ལ་ཕེབས་ནས་ལྕགས་མང་པོ་སློང་། སླར་ཡང་ཀོང་ཡུལ་ལ་ཕེབས་པར་ཆབ་དཀར་ནག་སོགས་ཀོང་པོའི་ཡུལ་གྲུ་ཁག་ལ་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་པོ་བརྡོལ་བ་སྟབས་འགྲིག་པས་ལྕགས་ཀྱི་ལག་ཟོན་མཐའ་ཡས་བྱུང་བ་ཡིན་ནོ།།
 4 ཕྱོགས་ཀུན་ཏུ་ཟམ་ཆེན་གསར་བཙུགས་མཛད་པ། 
    ཐང་སྟོང་རྒྱལ་བོས་ཡུལ་གྲུ་མང་པོར་སློང་མོ་མཛད་པའི་ལྕགས་དང་རང་ཉིད་འཁོར་བཅས་ཀྱིས་ལྕགས་ཁ་སྔོག་འདོན་གནང་ནས་བྱུང་བའི་ལྕགས་རྣམས་ལས་ལྕགས་གུག་རྐང་བུ་ཁྲི་ཕྲག་དུ་མ་བཟོ་སྐྲུན་མཛད་དེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས་ནས། ཐོག་མར་སྐྱིད་ཆུའི་གྲུ་ཁ་འདི་ཉིད་དུ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཀོད་ཡོད་པ་ལྟར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི༼1430༽ ལོར་ལྷ་སར་ཕེནས་ནས་སྡེ་བ་སྐྱིད་ཤོད་པ་དང་ཁུལ་དེའི་སེར་སྐྱ་ཀུན་ལ་གཙང་བོའི་ལྷོ་བྱང་གཉིས་སུ་རྡོ་གསོག་པའི་སྐུལ་མ་གནང་བར། ལྕགས་ཟམ་འཛུགས་མི་ཐུབ་ཟེར་བ་སོགས་མ་འདོད་པའི་གཏམ་སྣ་ཚོགས་བྱུང་ཡང་། མི་སེར་རྣམས་ཀྱིས་རྡོ་བ་མང་དུ་བསགས་ནས་ཆུའི་བྱང་དུ་ཟམ་རྟེན་བརྩིགས་ཤིང་། ལྷོ་ཕྱོགས་སུ་བྲག་ལ་ལྕགས་ཕུར་བཏབ་ནས་ལྕགས་ཐག་གི་སྣེ་གཉིས་བཀལ། ལྕགས་ཟམ་ལ་འདོགས་བྱེད་ཐག་པ་འབུལ་མཁན་མ་བྱུང་བར་སྡེ་བ་སྐྱིད་ཤོད་པ་ལ་ཐང་སྟོང་རྒྱལ་བོས་ཁོ་བོས་ཤར་ཀོང་པོའི་ཡུལ་ནས་ལྕགས་འདི་ཙམ་འཁྱེར་ཡོད་ཀྱང་ཁྱེད་ཀྱིས་ཐག་པ་ཙམ་ཞིག་ཀྱང་མི་སྟེར་བ་བསམ་པ་ཆུང་ཞེས་གསུངས་པ་དང་། མཐར་སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཐག་པ་མི་ཁུར་བརྒྱ་ཕུལ་བ་ལྕགས་ལ་བཏགས་པ་བཅས་ལོ་དེར་ལྕགས་ཟམ་ལེགས་པར་གྲུབ།དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ།།གཞན་ཡང་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་འཛུགས་པའི་ཚུལ་ནི་མདུང་ཤིན་ཏུ་རིང་བ་ལ་འཕྱར་དར་གྱིས་མཛེས་པ་གཙང་བོའི་དབུས་སུ་བཙུགས། ལྷོ་བྱང་གཉིས་ཀ་ལ་རྡོ་ཤིན་ཏུ་རིང་དཀོན་ཡང་བྱེ་མའི་གསེབ་ནས་རྡོ་བཏོན་ཏེ་ཤན་དང་ཀོ་བ་རྣམས་ཆུ་ཀླུང་ཆེན་པོ་ལ་བསྐྱུར། ཟམ་འབུམ་ལེགས་པར་གྲུབ། ལྕགས་རྣམས་སྦྲེལ་ནས་དབུས་གཙང་ཐམས་ཅད་ཀྱི་ཆུ་དྲིལ་བའི་རྒྱ་མཚོ་མེར་བ་ལྟ་བུའི་བྱང་གི་ཕྱོགས་ལ་ཟམ་མིག་སུམ་ཅུ་རྩ་གཉིས་དང་བཅས་པ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ༼1485༽ལོའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ཡན་ལ་ལེགས་པར་གྲུབ་པ་བཅས་འདི་ནི་ཐང་སྟོང་རྒྱལ་བོས་འཛུགས་པར་མཛད་པའི་མཐའ་མཇུག་གི་ལྕགས་ཟམ་དེ་ཡིན། སྤྱིར་ན་ཁོས་དབུས་གཙང་ཁམས་གསུམ་ལ་བསྡོམས་པའི་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་སོགས་ཟམ་པ་མཐའ་ཡས་པ་བསྐྲུན་ཏོ།།
5 འཛུགས་སྐྲུན་གྱི་ཁྱད་ཆོས།


    ཐང་སྟོང་རྒྱལ་བོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཐད་ནས་དཔྱང་ཟམ་ཡིན་པ་དང་། དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་པ་ཞིག་ཡོད་པ་ལས་རིང་བའི་ཚད་ལ་སྤྱི་ཁྲེ་བརྒྱ་ལྷག་ཙམ་དང་ཐུང་བའི་གྲས་ལ་སྤྱི་ཁྲེ་ལྔ་བཅུ་ཙམ་དུ་ཡོད། ཟམ་པ་རྒྱག་ཡུལ་གྱི་ས་བབ་དང་། གཙང་བོའི་ཞེང་ཚད། གཏིང་ཚད་སོགས་ལ་གཞིགས་ཏེ་མི་འདྲ་བའི་ཁྱད་པར་ཡོད་པ་ནི། གཙང་བོ་ཁ་ཞེང་ཆེ་ཡང་གཏིང་ཚད་ཧ་ཅང་ཟབ་མོ་མེད་ལ་འབབ་རྒྱུན་གཟར་ཚད་ཀྱང་ཆེན་པོ་མེད་པའི་རིགས་ལ་ཆུ་ཀླུང་གི་དབུས་སུ་ཟམ་འབུམ་བརྩིགས་ཡོད་པ་དང་། གཏིང་ཚད་ཟབ་ལ་ཆུ་འགྲིལ་ཆེ་ཞིང་། འབབ་རྒྱུན་གཟར་པོའི་རིགས་ལ་ལྕགས་ཐག་ཡུག་གཅིག་གིས་སྦྲེལ་བ་དེ་ལ་ཡང་ལྕགས་སྣེ་གཉིས་ཀ་ཟམ་རྔུར་ལ་བརྟེན་པའམ། གཞོགས་གཅིག་བྲག་རིར་རིང་ཚད་སྤྱི་ཁྲེ་གཉིས་ཙམ་དང་སྦོམ་ཚད་སྤྱི་སྐར་དྲུག་ཙམ་ཡོད་པའི་ལྕགས་ཕུར་བཏབ་ནས་ལྗིད་ཚད་རྟེན་བྱེད་རྡོ་རྩིག་གི་སྟེགས་བུ་སྲ་བརྟན་བརྒྱབ་ཡོད། ལྟོ་བར་བུ་ག་ཕུག་པའི་རྡོ་སྒོར་མོ་བར་མཚམས་ངེས་ཅན་དང་བཅས་སྟར་དུ་བསྒྲིགས་པར་ལྕགས་ཐག་བརྒྱུས་ཏེ་མཚམས་མཚམས་ལ་རྒྱབ་བཀག་ལྕགས་ཕུར་བཏབ་ནས་རྡོ་ཆེན་སྒོར་མོ་དེ་རྣམས་ཟམ་རྔུར་དང་ཟམ་འབུམ་གྱི་དཀྱིལ་དུ་བཙུད་དེ་གཡས་གཡོན་རྡོ་རྩིག་གིས་བསྡོམས་ནས་ལྗིད་ཚད་བརྟེན་ཐུབ་པ་བཟོས་ཡོད། ཟམ་འབུམ་དང་ཟམ་རྔུར་གྱི་མདུན་ངོས་ལྕགས་ཐག་འགེལ་སར་གདུང་མ་འཕྲེད་དུ་བཀལ་ཡོད་པ་དེ་ལ་མི་སེར་ཚོས་གཉའ་ཤིང་ཞེས་འབོད་སྲོལ་འདུག   ལྕགས་ཐག་འཁྱོམ་པའི་སྐབས་བརྡར་ཤུགས་ཆེ་བས་རྡོ་ལ་མ་རེག་པར་གདུང་མ་དེ་དག་གིས་ལྕགས་ཐག་ལ་ཟོན་སྐྱོར་གྱི་ཕན་ཆ་ཡོད་འདུག་ཅིང་། གདུང་མ་བརྡར་ཟད་དུ་གྱུར་པའི་ཚེ་གསར་དུ་བརྗེ་ཆོག  སོ་མའི་ཐག་པས་ལྕགས་ཐག་ཕན་ཚུན་སྦྲེལ་བའི་དྲ་མིག་གི་སྟེང་དུ་རྡོག་ཤིང་ཞེས་པ་པང་ལེབ་བཏིང་ནས་ཅི་བདེར་བགྲོད་ཆོག་པ་ཡོད།  གཞན་ཡང་ལྕགས་ཐག་གཉིས་གཤིབ་དང་བཞི་སྦྲགས་སྣ་ཚོགས་ཡོད་པར་མ་ཟད། ལྕགས་ཐག་ཕྲ་སྦོམ་འདྲ་མིན་ཡོད་པ་ལས་འགྲུལ་བཞུད་ཆེ་ཞིང་ཟམ་ཐག་རིང་བའི་གྲས་ལ་བྱིས་པ་ལོ་བརྒྱད་ལོན་པའི་ལག་ངར་ཙམ་དང་། ཐུང་བའི་རིགས་ལ་དེ་ལས་ཅུང་ཟད་ཕྲ་བ་ཡོད། ལྕགས་གུག་རྐང་བུའི་འགྲིག་ཁ་མིག་བཙུམས་པ་ལྟར་མཐུད་ཀ་གང་ཡིན་མངོན་མི་ཐུབ་པ་མ་ཟད། ལྕགས་རྣམས་ཞུན་ཧ་ཅང་དག་པོ་ཡོད་པའི་ཐོག་ལུ་གུ་བརྒྱུད་དུ་སྦྲེལ་བའི་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་ཀོང་གཅིག་ཏུ་བླུགས་པ་ལྟ་བུའི་བཟོ་བཀོད་གཅིག་མཚུངས་འཇམ་ཤ་དོད་པོ་བཅས་འདུག   ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆར་རྒྱུན་དྲག་པོའི་འོག་ཏུ་གནས་ཀྱང་བཙའ་མི་རྒྱག་པ་དང་ལྕགས་ཀྱི་རང་མདོག་མ་ཉམས་པར་ཡོད་པ་སོགས་ཁྱད་ཆོས་བླ་ན་མེད་པ་དང་ལྡན་པ་ཡིན་ནོ།།





རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།