ལས་བྲེལ་གྱི་བར་གསེང་དུ་ཇི་ལྟར་གསར་རྩོམ་གྱི་དུས་ཚོད་བཙལ་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ལས་བྲེལ་གྱི་བར་གསེང་དུ་ཇི་ལྟར་གསར་རྩོམ་གྱི་དུས་ཚོད་བཙལ་དགོས།
ལས་བྲེལ་གྱི་བར་གསེང་དུ་ཇི་ལྟར་གསར་རྩོམ་གྱི་དུས་ཚོད་བཙལ་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-04-01ལྟ་ཀློག (4375)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལས་བྲེལ་གྱི་བར་གསེང་དུ་ཇི་ལྟར་གསར་རྩོམ་གྱི་དུས་ཚོད་བཙལ་དགོས།

ཟྰོ་གྷར་ཧྥུ་ཐྲིན་གྱིས་བརྩམས།       གློག་ཞགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

       སྔོན་མ་ང་རང་གསར་རྩོམ་ལ་འཇུག་པའི་བརྒྱུད་རིམ་ཁྲོད་དུ། གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་སྒྲུང་གསུམ་བྲི་རྒྱུའི་འཆར་གཞི་བཞག་ཡོད་ལ། སྐབས་དེར་ངས་བཟའ་སྒྲིག་བྱས་ཟིན་ཡོད་སྟབས། བྱིས་པ་གཉིས་གཉོར་སྐྱོང་བྱེད་དགོས་པ་མ་ཟད། ཁྱིམ་ལས་ཀྱི་སྒང་ལ་ད་དུང་སྨན་ཁང་ཞིག་ཏུ་གཏན་འཇག་གི་ལས་ཀ་(full Time)ཞིག་ཀྱང་བྱེད་ཀྱིན་ཡོད། བརྩམས་སྒྲུང་དག་པར་སྐྲུན་ཐུབ་མེད་སྟབས་དེའི་སྟེང་ནས་ང་ལ་སྐར་རྡོག་གཅིག་གི་ཡོང་སྒོའང་མེད་མོད། ངེས་པར་དུ་འཆར་གཞི་དེ་མཇུག་བསྐྱལ་དགོས་ཀྱིན་ཡོད། བརྩམས་ཆོས་གསུམ་པོ་དེ་འབྲི་ཞོར་དུ་དེབ་བཞི་བར་ཡང་འཆར་གཞི་བཏང་བ་ཡིན། དཔེ་དེབ་དེ་དག་པར་སྐྲུན་བྱ་རྒྱུར་ང་རང་ཆེད་ལས་རྩོམ་པ་པོ་ཞིག་ཏུ་བསྒྱུར་ཐུབ་དགོས་ཀྱིན་འདུག རང་གིས་རང་ལ་རྩེད་མཚར་དང་བཅས་བརྗོད་ན། ད་ལྟ་ང་རང་ལས་བྲེལ་ཁྲོད་དུ་གསར་རྩོམ་ལ་བདག་དབང་ཐོབ་པའི་ཆེད་ལས་རྩོམ་པ་པོ་ཞིག་ཡིན་དགོས་ཀྱིན་འདུག་སྟབས། ང་རང་ནམ་རྒྱུན་རྫོགས་མཐའ་མེད་པའི་ལས་ཀ་དག་ལ་སེམས་ཁྲལ་སྐྱེ་བཞིན་ཡོད་ལ། དེ་དག་ལ་བསམ་བློ་འཁོར་ཐེངས་རེར་ངའི་སེམས་ཤུགས་དང་དམིགས་འབྲས་གཉིས་ལ་བར་ཁྱད་ཆེན་པོ་ཞིག་ཤོར་ཡོད། དེ་བས་ངས་རང་གི་དམིགས་འབྲས་དེ་མངོན་དུ་འགྱུར་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་དུ་སྤྲུགས་ནས་རང་ལ་སྨན་པའི་ཐབས་ལམ་བཙལ་བ་ཡིན། ནམ་རྒྱུན་གནད་དོན་དེར་གདོང་ལེན་གྱིས་གསར་རྩོམ་གྱི་དུས་ཚོད་བཙལ་བ་ཡིིན། གསར་རྩོམ་གྱི་དུས་ཚོད་དེ་ང་ཚོའི་ཉིན་རེའི་འཚོ་བའི་འཁྲུག་ཟིང་གི་རྩོལ་བའི་ཁྲོད་ནས་འཚོལ་དགོས་ཀྱིན་འདུག་ལ། ཁ་ཤས་ཀྱིས་སོས་དལ་ལོངས་མེད་པའི་ཆུ་ཚོད་བརྒྱད་ཀྱི་ལས་ཀའི་བར་གསེང་ནས་ཡང་གསར་རྩོམ་བྱ་ཐབས་ལ་འབད་ཀྱིན་ཡོད། ང་ཚོར་འཕྲལ་རྐྱེན་གྱི་ལྟར་སྣང་གི་ཚོར་བ་ཞིག་གིས་ནམ་རྒྱུན་སྡོད་ལོངས་མེད་པའི་འཇིགས་སྣང་ལྟ་བུ་ཞིག་སྤྲད་དེ། ཡོད་ཚད་སང་ཉིན་ལ་བཅོལ་བའི་འདུ་ཤེས་ཤིག་ཡོད་ཅིང་། ང་ཚོའི་གནད་ལ་མི་འཇུག་པའི་དྲན་ཤེས་དེས་ཆུ་ཚོད་འདའ་རུ་བཅུགས་ཤིང་ལས་ཀ་ཡོད་ཚད་འཐུས་ཤོར་དུ་གཏོང་གིན་ཡོད། དོན་དུ་དེ་ནི་གང་ཞིག་ནས་མགོ་གཟུག་རྒྱུར་བློ་ཐག་མ་ཆོད་པའི་རྐྱེན་གྱིས་ལན་པ་ཞིག་རེད། ཁྱེད་ཀྱིས་གསར་རྩོམ་གྱི་དུས་ཚོད་དེ་བར་གསེང་གང་ཞིག་ལ་འཚམས་པའི་བློ་ཐག་ཆོད་ཡོད་དམ། གལ་སྲིད་ཁྱེད་ཀྱིས་རྩོམ་ཡིག་བྲི་རྒྱུའི་དུས་ཚོད་ནམ་ཡང་མེད་པའི་ཁག་དཀྲི་དང་ཆོ་ངེ་འདོན་གྱིན་ཡོད་པ་ཡིན་ན། འདིར་གནད་དོན་དེར་ཇི་ལྟར་བལྟ་རྒྱུ་དང་ཇི་ལྟར་བྱས་ནས་མདུད་རྒྱ་དེ་དགྲོལ་རྒྱུའི་གྲོས་འདེབས་ཤིག་བྱ་འདོད་ཡོད་པ་སྟེ།

   དང་པོ་དེ་ནི།   ཁྱེད་ཀྱི་གསར་རྩོམ་ལ་ནམ་ཡང་བར་ཆད་མེད་པར་རྩོམ་ཡིག་བྲི་རྒྱུའི་དུས་ཚོད་ཀྱིས་སྟོང་བའི་ངེས་དོན་ནམ་ལྟར་སྣང་གི་གནས་སྟངས་གང་དེར་ངེས་ལེན་བྱ་དགོས། དེ་དང་མཉམ་དུ་ལས་ཀ་མཚམས་འཇོག་དང་བཟའ་ཟླ་དང་ཁ་འཐོར་དུ་མ་སོང་བར། ལོ་ངོ་གཅིག་ལ་མ་མཐར་ཡང་གཟའ་འཁོར་དྲུག་ལ་རྩོམ་པ་པོའི་དཔུང་སྡེ་ལས་ཕྱིར་འབུད་བྱ་མི་དགོས་པར་གསར་རྩོམ་གྱི་ལས་ལ་འཇུག་པའི་གོ་སྐབས་ལྡན་ངེས་པ་ཞིག་ཡིན་ལ།གཟའ་འཁོར་དྲུག་གིས་ལས་འཆར་གྲུབ་འགྲོ་བ་ཞིག་མིན་ནའང་། རྩོམ་ཡིག་བྲི་རྒྱུ་དེ་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་ཞིག་ཏུ་བསྒྱུར་ཐུབ་པ་ཡིན་ན། གྲུབ་འབྲས་མི་དམན་པ་ཞིག་ལོན་པར་གདོན་མི་ཟ་བ་ཞིག་ཡིན། གནད་དོན་ཞིག་ཡོད་པ་ནི་ང་ཚོས་རྩོམ་ཡིག་འབྲི་བ་དེ་ལོངས་སྤྱོད་ཅིག་ཏུ་ངོས་འཛིན་བགྱིས་པ་དེ་རེད། སྐབས་རེར་དམིགས་བསལ་གྱིས་དུས་གཅིག་ལ་འཚང་ཡོང་བའི་མགོ་བོ་ན་བྱེད་ཀྱི་བྱ་གཞག་མང་བོ་ཞིག་ཡོད་པ་དེ་ལས་འགན་དང་པོར་བཞག་ནས་སྒྲུབ་ཀྱིན་ཡོད། འདིར་ཡིད་ལ་བྱེད་པར་བྱ་དགོས་པ་ཞིག་ལ་བྱ་ཐབས་དེ་གོ་ལྡོག་དགོས་པ་སྟེ། གསར་རྩོམ་གྱི་བྱ་གཞག་དེ་ཨང་དང་པོར་བཞག་པ་ཡིན་ན། ཁྱེད་ཀྱི་འཚོ་གནས་དང་འབྲེལ་བའི་ལས་ཀ་གཞན་དག་ཁ་ཚ་དགོས་གཏུག་གིས་བསྒྲུབ་དགོས་པ་ཞིག་ཏུ་འགྱུར་གྱིན་ཡོད།  ལེགས་གྲུབ་བྱུང་ཟིན་པའི་རྩོམ་པ་པོ་དག་གིས་ཆུ་ཚོད་མང་བོ་ཞིག་དགོལ་རྒྱུའམ་གནས་དུས་ངེས་ཅན་ཞིག་གཏན་འཁེལ་བྱ་རྒྱུར་ཡི་རངས་བྱེད་ཀྱིན་མི་འདུག་ལ།  ང་རང་ལ་མཚོན་ནའང་ཆུ་ཚོད་གཉིས་ཀྱི་དུས་ཡུན་དེ་ཡག་ཤོས་ཤིག་ཏུ་མཐོང་གིན་ཡོད་ཅིང་། ཆུ་ཚོད་གཉིས་ཀྱི་གསར་རྩོམ་གྱི་དུས་ཡུན་དེ་འདྲ་ཞིག་ཁྱེད་ཀྱི་བྲེལ་ཟིང་གི་ལས་ཀའི་ཁྲོད་ནས་རྙེད་མི་སྲིད་པ་ཞིག་མ་རེད་སྙམ་གྱིན་འདུག དེ་ལས་བསྒྲུབ་བྱ་དང་པོ་ནི་གྲ་སྒྲིག་ཡག་པོ་ཞིག་བྱས་ནས་གསར་རྩོམ་གྱི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བའི་གདེང་ཚོད་ཡོད་པ་ཞིག་བྱ་དགོས་པ་ལས།  བགྲང་ལས་འདས་པའི་ལས་དོན་སྣེ་མང་དང་བསྲེས་སྦྱོར་བྱེད་རུང་བ་ཞིག་མིན། གསར་རྩོམ་ནི་བམ་ཚན་གྱི་གྲངས་འབོར་ཞིག་ཡིན་ལ།  དེ་དག་རེ་རེ་བཞིན་འགན་ཁུར་ནས་ཞིབ་མོར་འཇུག་དགོས།  ཆེད་མཁས་པ་དག་ནི་མར་བསྡད་པ་ཙམ་གྱིས་བརྩམས་ཆོས་དག་རྫུ་འཕྲུལ་གྱིས་གསར་གཏོད་བགྱིས་པ་ཞིག་མིན་པར། དེ་ནི་རྙོག་འཛིང་ཆེ་ལ་གོ་རིམ་རེ་རེར་ཞིབ་ཚགས་དང་གཟབ་ནན་གྱིས་བརྩམས་ཆོས་ཀྱི་གྲུབ་ཆ་རེ་རེའི་མིང་བརྡའམ་ཚིག་གྲུབ་ཀྱི་སྤུ་རུས་འཕྲི་སྣོན་གྱིས་གྲུབ་དགོས་པ་ཞིག་ཡིན། སྤྱིར་བཏང་གསར་རྩོམ་ཞིག་ལ་མཚོན་ན་གཤམ་གྱི་བརྒྱུད་རིམ་དག་བརྒྱུད་དགོས་པ་སྟེ། དང་པོ།འཆར་འགོད་ཀྱི་རིམ་པ།བརྗོད་གཞིའི་ལས་རིམ་དང་ཐབས་ལམ་རེ་རེ་བཞིན་བཀོད་སྒྲིག་བྱ་དགོས།

    གཉིས་པ། ཉམས་ཞིབ་ཀྱི་རིམ་པ།འབྲེལ་ཡོད་ཀྱི་ཡིག་ཚགས་འཚོལ་བསྡུ་བྱ་དགོས།

    གསུམ་པ། རོབ་བསྡུས་ཀྱི་རིམ་པ།རྒྱུ་ཆ་ཚང་མ་རོབ་བསྡུས་ཀྱིས་ཟིན་ཐོར་བཀོད་དེ་ཕྱོགས་སྡོམ་རྒྱག་དགོས། བཞི་བ། ཁྲོམ་འགྲེམ་གྱི་རིམ་པ།རྩོམ་ཡིག་སྤེལ་མཁན་གྱི་རྩད་ཡིག་དང་རྩོམ་ཡིག་གི་པར་ལོག་སྦྲགས་སྲིད་བརྒྱུད་ནས་གཏོང་དགོས་ལ།

    མཇུག་མཐར་པར་སྐྲུན་དང་འགྲེམ་སྤེལ་ངོས་ལེན་བྱེད་མཁན་དེར་མ་རྩོམ་མཁོ་སྤྲོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཡིན། འདི་དག་ཐམས་ཅད་ལ་དུས་ཚོད་ངེས་ཅན་ཞིག་གཏོང་དགོས་ནའང་། ཁྱེད་ཀྱི་རྩ་ཆེ་བའི་དུས་ཚོད་དེ་གཏོང་དགོས་དོན་མེད་པར་ལས་ཀའི་ཞ་ཞོར་ནས་བསྒྲུབ་ཆོག་པ་ཞིག་ཡིན་ལ་གང་ཐུབ་ཇི་ཐུབ་ཀྱིས་མི་གཞན་ལ་ལས་བཅོལ་བྱསནའང་འགྲིག་ལ། ཡིག་ཚགས་སྒྲིག་ཉར་སོགས་ཀྱི་ལས་ཀ་ཙག་ཙིག་དེར་བདུན་ཕྲག་གཅིག་གི་ནང་དུ་ཉིན་གཅིག་ལ་མི་ཞིག་གླ་ཐུབ་པ་ཡིན་ན་རབ་རེད། རྩོམ་ཡིག་སྦྲགས་སྲིད་ཁང་དུ་གཏོང་རྒྱུར་རང་གི་བཟའ་ཟླའི་ཁོམ་སྐབས་དང་བསྟུན་ནས་ཀྱང་རོགས་སྐྱོར་ཐོབ་ངེས་ཡིན། དཔེ་མཛོད་དུ་ཡིག་ཆ་འཚོལ་བསྡུ་བྱེད་དུས་སུ་བྱིས་པ་དག་དེ་གའི་ཁང་བའི་ནང་དུ་བཞག་ཆོག་པ་དང་། ཡང་ན་སོའི་སྨན་པར་དུས་ཆད་བཟོས་པའི་སྒུག་ཡུན། ལྭ་འཁྲུད་ཁང་དུ་འཕྲུལ་ཆས་ལ་བསྒུག་རྒྱུའི་དུས་ཚོད་སོགས་གསོག་འཇོག་གིས་དྲས་ཤོག་ཏུ་བྲིས་ཏེ་གནས་ངེས་ཅན་གང་སར་སྦྱར་ནས་གཞག་དགོས།ད་ལྟ་ཁྱེད་ཀྱིས་རང་གི་ཉིན་གང་བོར་ཞིབ་ཏུ་མནོ་བསམ་ཞིག་ཐོངས་དང་། ཐོ་རེངས་ནས་མཚན་མོའི་བར་དུ་ཁོམ་སྐབས་ཤིག་མེད་པའི་ཚོར་སྣང་ཞིག་སྤྲོད་དམ།འདིར་གདམ་ག་ཁ་ཤས་ཤིག་ཡོད་པ་སྟེ།  

  ༡

      མཚན་རེར་ཆུ་ཚོད་གཅིག་རེ་འཕྱི་ཉལ་བྱ་ཐུབ་བམ། དགོང་མོར་ཁ་པར་གྱི་སང་སྒྲ་མེད་ཅིང་ཁྱིམ་མི་གཉིད་ཁུག་པའི་སྐབས་སུ་ཁྱེད་ལ་ཁག་དཀྲི་དང་རྣམ་གཡེང་བྱ་ཡུལ་ཉུང་སྟབས། གལ་སྲིད་ངལ་དུབ་ཆེ་དྲགས་ན་མ་གཏོགས་གཉིད་ཀྱི་དུས་སྐབས་ལས་ཆུ་ཚོད་གཅིག་བླངས་ནས་གསར་རྩོམ་གྱི་ལས་གཞིར་བཀོལ་བ་ཡིན་ན། དུས་སྐབས་དེ་ནི་གསར་རྩོམ་ལ་ཟབ་ཞུགས་བྱེད་ཐུབ་པའི་དུས་ཀྱིི་ཆ་གཙོ་བོ་ཞིག་རེད། མདོར་ན། ཁྱེད་ཀྱིས་སྟབས་བསྟུན་གྱིས་ཆུ་ཚོད་གཅིག་ནས་གཉིས་ཀྱི་ཆ་དེ་རྩོམ་བྲི་རྒྱུའི་དུས་ཚོད་ཀྱི་འཆར་གཞིའི་ནང་དུ་གཏན་འཁེལ་བྱས་ཆོག་གིན་ཡོད། ང་ལ་མཚོན་ན་དགོང་མོའི་ཆུ་ཚོད་བཅུ་ནས་མགོ་བཙུགས་ཏེ་ནམ་དཀྱིལ་ལམ་ཆུ་ཚོད་དང་པོའིི་བར་དུ་འབྲི་བཞིན་ཡོད། དེ་ནི་གསར་རྩོམ་གྱི་དུས་སྐབས་ཡག་ཤོས་ཤིག་ལ་ངེས་གཏན་གྱིས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

      ཞོགས་པར་ཁྱིམ་མི་མ་ལངས་པའི་ཆུ་ཚོད་གཅིག་གི་སྔོན་ལ་སྔ་ལངས་བྱ་ཐུབ་བམ། ཞོགས་པར་ཡང་ཆུ་ཚོད་གཅིག་གི་སྔོན་ལ་སྔ་ལངས་བྱ་རྒྱུ་བཅས་ཀྱི་དུས་ཚོད་དེ་རང་གི་ཉིན་རེའི་ངེས་གཏན་གྱི་གོམས་སྲོལ་དུ་འགྱུར་དུ་འཇུག་དགོས།ཨན་ཐོ་ཉི(AnthonyTrollope)ནི་ངའི་མིག་དཔེར་འཛིན་ཡུལ་གྱི་རྩོམ་པ་པོ་ཞིག་ཡིན། ཁོང་གིས་དར་མའི་དུས་ཀྱི་ལས་ཀ་མང་ཤོས་དེ་ནི་སྦྲགས་ཁང་ཞིག་ཏུ་ལས་པ་རེད། སྐབས་དེར་ཁོང་གིས་ཉིན་རྒྱུན་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བའི་བར་དུ་ལས་ཀ་དེ་བསྒྲུབ་དགོས་ཀྱིན་ཡོད་ནའང་། ཁོང་གི་རྩོམ་ཡིག་བྲི་རྒྱུའི་ཐབས་ལམ་དེ་ནི་ཞོགས་པའི་ཆུ་ཚོད་ལྔ་ནས་བརྒྱད་པའི་བར་དུ་འབྲི་བཞིན་ཡོད་ཅིང་། སྐར་མ་བཅོ་ལྔའི་ནང་དུ་ཆ་སྙོམ་གྱིས་ཚེག་ཁྱིམ་ཉིས་བརྒྱ་དང་ལྔ་བཅུ་འབྲི་ཐུབ་ཀྱིན་ཡོད། ཁོང་གིས་དཔེ་དེབ་རེ་གྲུབ་མ་ཐག་དཔེ་དེབ་གཞན་ཞིག་གི་ལས་གཞི་མགོ་བརྩམས་ནས། ཁོང་གི་མི་ཚེའི་ནང་དུ་ཁྱོན་བསྡོམས་པས་སྒྲུང་རིང་དེབ་བཞི་བཅུ་ཞེ་དྲུག་ལེགས་པར་གྲུབ་པ་དེ་དག་ཚང་མའི་དུས་ཚོད་མང་ཆེ་ཤོས་འཚོ་བའི་འགན་ནུས་གཞན་ཞིག་ནས་བཙལ་ཡོང་བ་རེད།

       ལས་ཀ་བྱ་ཡུལ་དང་སྡོད་གནས་གྱི་ལམ་བར་ནས་གསར་རྩོམ་ལ་འབད་ཨེ་ཐུབ་བལྟ་དགོས།   དབྱིན་ཇུའི་རྩོམ་པ་པོ་མཱེ་ཆུལ་(MichaelGilbert)ལགས་ཀྱིས་སྒྲུང་དེབ་ཉེར་གསུམ་བརྩམས་ཡོད་ལ། དེ་དག་ནི་ཁོང་གིས་རང་གི་སྡོད་གནས་དང་ལས་ཀ་བྱ་ཡུལ་གྱི་ལམ་བར་ནས་བྲིས་པ་རེད། ཁོང་གིས་ཁྲིམས་རྩོད་པའི་ཕྱག་ལས་གནང་བཞིན་ཡོད་ལ། ཁོང་གི་སྡོད་གནས་ནས་ལས་ཀ་བྱ་ཡུལ་དུ་མེ་འཁོར་ལ་བསྡད་ནས་སྐར་མ་ལྔ་བཅུའི་རིང་ལ་འགྲོ་དགོས་ཤིང་། དུས་ཡུན་དེའི་རིང་ལ་ཉིན་རེར་ཤོག་ངོས་གཉིས་ནས་གཉིས་དང་ཕྱེད་ཀའམ་གཟའ་འཁོར་གཅིག་ལ་ཤོག་ངོས་བཅུ་གཉིས་ནས་བཅོ་ལྔའི་བར་བྲིས་ཏེ་ལེགས་གྲུབ་བྱུང་བ་ཞིག་ཡིན་སྟབས། ལས་ཀ་བྱ་ཡུལ་དང་སྡོད་གནས་བར་གྱི་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་ལ་སྡོད་སྐབས་ཀྱི་བར་སྟོང་གི་དུས་ཚོད་དེ་བེད་སྤྱོད་གནང་ནའང་། ཁྱེད་རང་བགྲོད་པར་དཀའ་སྣང་སྐྱེས་པའི་དམིགས་འདུན་གྱི་འཇིག་རྟེན་དེར་བསླེབ་ངེས་ཡིན།

   ༤

       ཁྱེད་ཀྱིས་ཉིན་གུང་གི་ཟས་ཐུན་གྱི་དུས་ཚོད་དེ་ཇི་ལྟར་བེད་སྤྱོད་གཏོང་བཞིན་ཡོད་དམ།    ཁྱེད་རང་ལས་ཀའི་བྲེལ་ཟིང་གི་བར་ནས་ཉིན་གུང་གི་ཞལ་ཟས་དེ་ཕྱི་རོལ་དུ་བཟའ་རུ་འགྲོ་བཞིན་ཡོད་དམ། ཁྱེད་ཀྱིས་ཅིའི་ཕྱིར་སྔོ་ཚོད་དང་ཤིང་ཏོག་གི་དྲོས་ཇ་སྟབས་བདེ་ཞིག་ཟ་ཞོར་དུ་རང་དབང་གི་དུས་ཚོད་དེ་གསར་རྩོམ་ལ་བཀོལ་ན་མི་ཆོག་གམ། སྔོ་ཚོད་དང་ཤིང་ཏོག་ལ་འགྲོ་སོང་ཆུང་ཞིང་ལུས་པོར་ཡང་སྨན་པས་ཕན་ཉིས་ཐོག་མ་རེད་དམ།

        གཟའ་འཁོར་རེའི་ཉིན་ལས་རྫོགས་རྗེས་ཀྱི་མཚན་མོའི་དུས་ཚོད་འཚོལ་བ། གལ་སྲིད་ཁྱེད་རང་གསར་རྩོམ་ཁྲོད་དུ་དཀའ་ཁག་ཅིག་ལ་འཕྲད་པ་ཡིན་ན་ཁྱེད་ཀྱིས་དུས་ཚོད་ངེས་ཅན་ཞིག་བེད་སྤྱད་ནས་འབྲེལ་ཡོད་ཀྱི་དར་མའི་ཤེས་ཡོན་འཛིན་གྲྭ་ཞིག་ཏུ་སོང་ཆོག སྤྱི་བའི་དཔེ་མཛོད་ཁང་དུ་གཟའ་འཁོར་གཅིག་ལ་ཆུ་ཚོད་གསུམ་གྱི་དུས་ཡུན་སྤྱད་ནས་དཀའ་གནད་དང་འབྲེལ་བའི་འཛིན་གྲྭར་སོང་ན་ཕན་ཐོག་ཆེ་བར་འདུག་སྙམ། ངའི་ཐོས་ཚོད་ལ་རྩོམ་པ་པོ་ཞིག་གིས་ཐབས་ལམ་འདི་བེད་སྤྱོད་བཏང་ནས་རེས་གཟའ་མིག་དམར་ཉིན་གྱི་མཚན་མོ་ཁོ་ནར་ཕྱག་ལས་གནང་དེ་དཔེ་དེབ་ཞིག་ལེགས་གྲུབ་བྱུང་འདུག

       གཟའ་མཇུག་ཏུ་གསར་རྩོམ་གྱི་དུས་ཚོད་འཚོལ་སྟངས། གཟའ་མཇུག་གི་གུང་གསེང་སྐབས་སམ་རེས་གཟའ་སྤེན་པའི་ཕྱི་དྲོར་བྱིས་པ་རྣམས་གློག་བརྙན་ལ་གཡེང་བའི་སྐབས་སམ། རེས་གཟའ་ཉི་མའི་ཞོགས་པར་ཁྱིམ་མི་ཚང་མ་འཕྱི་བོ་བྱས་ནས་མ་གཏོགས་ལངས་ཀྱིན་མེད་སྟབས། དུས་ཚོད་དེ་ཁྱེད་ཀྱི་གསར་རྩོམ་ལ་གཏོང་ཨེ་ཐུབ་བལྟ་དགོས།

        ཁྱེད་ཀྱི་ད་ལྟའི་ཁོམ་སྐབས་ཀྱི་དུས་ཚོད་ལ་འགྱུར་བཅོས་གཏོང་དགོས། ཁྱེད་ཀྱི་ལས་འཆར་གྱི་བར་གསེང་དུ་བསྐུངས་པའི་དུས་ཚོད་སྐོར་ཞིག་ལས་སླ་བོའི་སྒོ་ནས་གསར་རྩོམ་གྱི་དུས་ཚོད་དུ་བསྒྱུར་ཆོག་སྲིད། བརྙན་འཕྲིན་ནི་དུས་ཚོད་འཕྲོ་བརླག་ལ་གཏོང་སྤྱད་གཅོ་བོ་ཞིག་རེད། ང་ལ་མཚོན་ན་ད་དུང་ཉིན་རེའི་ཚགས་པར་གྱི་སྟེང་དུ་ཡང་མགོ་ནས་མཇུག་བར་དུ་སྐར་མ་དགུ་བཅུ་ཙམ་གཏོང་གིན་འདུག་ལ། དོན་དུ་ངས་རང་གི་ཅོག་ཙེ་ལ་གཡོལ་ཐབས་ཙམ་གྱི་ཆུ་ཚོད་གཅིག་དང་ཕྱེད་ཀའི་དུས་ཚོད་དེ་ནི་ངའི་གསར་རྩོམ་ལ་བཏང་ཆོག་ཆོག་རེད། ག་དུས་ཡིན་ནའང་དེ་ལྟ་བུའི་ཆུ་ཚོད་མང་བོ་ཞིག་རང་ཉིད་ཀྱི་མདུན་དུ་བཤམས་འདུག་པ་སྟེ། ངས་རང་གི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ལས་འཆར་ལ་གཞིག་དུས། སྤྲོ་ཚོགས་དྲུག་ལ་འགྲོ་དགོས་པའི་དུས་ཚོད་དེ་བསྡོམས་ཡོང་ན་ཕལ་ཆེར་ཉིན་གཉིས་ཙམ་གྱི་དུས་ཚོད་འགྲོ་གིན་འདུག་པ་སོགས་ལས་སུམ་ཆའི་གཅིག་གསར་རྩོམ་ལ་བཀོལ་ཐབས་བྱས་པ་ཡིན། ད་ལྟ་ཁྱེད་ཀྱིས་བར་གསེང་འདྲ་མིན་ནས་རྙེད་ཟིན་པའི་དུས་ཚོད་དེ་དག་ཟུར་སྒྲིག་བྱས་པ་ཡིན་ན། ཁྱེད་ཀྱི་ལས་གཞི་གང་དེི་འགྲུབ་པའི་དུས་ཚོད་ཀྱིས་ལྡང་གིན་ཡོད་ལ། ལས་གཞི་དེ་འགྲུབ་པར་རིམ་པ་བཞི་བརྒྱུད་དགོས་པ་སྟེ།

དང་པོ། 

       ཁྱེད་ཀྱིས་བྲི་བར་སྤྲོ་བའི་བརྩམ་བྱ་དག་རེ་རེ་བཞིན་རེའུ་མིག་ཏུ་བསྒྲིག་དགོས། སྒྲུང་རིང་དང་སྒྲུང་ཐུང་། གློག་བརྙན་འཁྲབ་གཞུང་། དཔེ་དེབ་བསྐྱར་ཞིབ་དང་ཟིན་བྲིས་སོགས་བྲི་བྱ་ཚང་མ་ཐོ་འགོད་བྱ་དགོས། གཉིས་པ།

      གསར་རྩོམ་གྱི་རྣམ་གྲངས་གསུམ་གདམ་རྒྱུ། གལ་སྲིད་ཁྱེད་ལ་ལས་གཞི་གཅིག་མ་གཏོགས་མེད་པ་ཡིན་ན་གདམ་གསེས་གང་ཡང་བྱ་དགོས་དོན་མེད་མོད། ལས་འཆར་གྱི་རྣམ་གྲངས་གསུམ་ལས་མང་བ་ཡོད་པ་ཡིན་ན། གཙོ་ཕལ་ལྟར་བསྒྲིགས་ནས་ལས་འཆར་ལྟར་གྲུབ་པའི་རྗེས་སུ་པར་སྐྲུན་བྱ་ཡུལ་དུ་བསྐྱལ་དགོས། ང་རང་ལ་མཚོན་ན་ནམ་རྒྱུན་ལས་གཞི་གཙོ་བོ་གསུམ་སྔོན་ལ་འདེམ་བཞིན་ཡོད་པ་སྟེ།སྒྲུང་རིང་གཅིག་དང་སྒྲུང་ཐུང་གཉིས་བདམས་པ་ཡིན།

གསུམ་པ།

      གལ་གནད་ཆེ་ཤོས་ཀྱི་རྣམ་གྲངས་དག་གི་གོ་རིམ་བསྒྲིག་དགོས། གནད་དོན་འདི་དག་ནི་ལས་སླ་མོ་ཞིག་མིན་པ་སྟེ། དཔེར་ན། བརྩམས་སྒྲུང་ཐུང་ངུ་ཞིག་གི་སྒྲོམ་གཞི་ལོ་མང་རིང་ཁྱེད་ཀྱི་བློ་ཡུལ་ལ་འཁོར་གྱིན་ཡོད་པ་ལྟར་སྣང་ནའང་། དངོས་སུ་མར་བསྡད་དེ་ལག་ལེན་དུ་བསྟར་སྐབས་སུ་ད་དུང་རྣམ་གྲངས་གལ་ཆེ་ཤོས་གསུམ་དུ་གདམ་རྒྱུའི་རྒྱུ་རྐྱེན་མང་བོ་ཞིག་སྨིན་མེད་པ་ལྟ་བུའི་ཚོར་སྣང་སྤྲད་ཡོང་བའི་སྣང་ཚུལ་ཡང་འབྱུང་སྲིད། ངས་ནམ་རྒྱུན་རྩད་ཞིབ་བརྩམས་སྒྲུང་ཨང་དང་པོར་རམ་གཙོ་བོར་བཟུང་ནས་རིག་པ་གསལ་ཐང་ཐང་ཡིན་པའི་དུས་སྐབས་སུ་འབྲི་བཞིན་ཡོད་ལ། རྣམ་གྲངས་ཆུང་གྲས་རྣམས་ཕལ་བར་བཟུང་ནས་འབྲི་བཞིན་ཡོད། སེམས་ཁམས་རིག་པ་ལྟར་ན། རྣམ་གྲངས་ཁ་ཤས་དུས་མཉམ་དུ་མགོ་བཙུགས་པ་ཡིན་ན་ལེགས་པར་བརྗོད་ཀྱིན་ཡོད་པ་སྟེ། ཁྱེད་རང་རྣམ་གྲངས་གཅིག་ལ་ཁག་པོར་གྱུར་པ་ཡིན་ན་གཞན་པ་དག་ལ་ཚོད་ལྟ་བྱེད་ཆོག་གིན་ཡོད་ལ། ལས་གཞི་རེ་ལེགས་གྲུབ་བྱུང་བ་དང་བསྟུན་ནས་ལས་གཞི་གཞན་གྱི་སྒང་ལ་ཡང་སྤྲོ་བ་དང་སེམས་ཤུགས་བསྐྱེད་ཡོང་བ་མ་ཟད། ལས་འཆར་གསར་པའི་ཕྱོགས་སུ་ཡང་བདེ་ལེགས་ཀྱིས་འཇུག་པར་བྱ་ནུས་ཤིང་། ཚད་མཐོ་བའི་གསར་རྩོམ་གྱི་སེམས་ཁམས་རྒྱུན་འཁྱོངས་བྱ་ཐུབ།

བཞི་བ།

      ཁྱེད་ཀྱིས་རྣམ་གྲངས་གཙོ་གྲས་གསུམ་བདམས་ནས་གསར་རྩོམ་ལ་འཇུག་པའི་སྐབས་སུ་བྱེ་བྲག་པར་སྟེང་འཛིན་ཡག་པོ་བྱ་ཐུབ་དགོས། བརྩམས་སྒྲུང་ཞིག་འབྲི་ཐེངས་གཅིག་གིས་གྲུབ་འགྲོ་བ་ཞིག་མ་རེད། ང་ལ་མཚོན་ན་ཟླ་ངོ་དྲུག་ནས་བརྒྱད་ཀྱི་བར་དུ་འབྲི་ཐེངས་གཅིག་ལ་ཤོག་ངོས་གཉིས་རེ་བྲིས་པ་ཡིན། ཁྱེད་ཀྱིས་ཉི་མ་རེར་ཤོག་ངོས་གཅིག་གམ་གཉིས་རེ་བྱས་ནས་རང་ཉིད་ལ་འོས་འགན་ངེས་ཅན་ཞིག་སྤྲད་དགོས་ལ། ཉིན་རེར་ལས་གཞི་གཅིག་གི་འོས་འགན་དེ་གྲུབ་པའི་རྗེས་སུ་རྣམ་གྲངས་གཞན་དེའི་སྒང་ལ་འཆང་ནས། རྣམ་གྲངས་གསུམ་པོའི་ཉིན་རེའི་འོས་འགན་དེ་མཉམ་དུ་གྲུབ་པར་བྱས་ཏེ་གྲངས་ཚད་ངེས་ཅན་རེ་རེ་བ་དེ་ལས་མ་བརྒལ་པ་ཞིག་བྱ་དགོས་པ་ལས། རང་ལ་བཀལ་པའི་ལས་འགན་ལྕི་དྲགས་པའམ་རང་གི་ཡི་ག་ལས་བརྒལ་ནས་ཨུ་ཚུགས་ཀྱིས་ཉིན་རེར་ཤོག་ངོས་བཅུ་རེ་བྲིས་པའི་དབང་དུ་བཏང་བ་ཡིན་ནའང་། ཕྱི་ཚུལ་གྱིས་འགྲིག་འགྲིག་འདྲ་བའི་བཟོ་ཞིག་ཡོད་ཀྱང་། ཅུང་མི་འགོར་བར་གནོན་ཤུགས་ཀྱིས་ནོན་པར་བགྱིས་ཏེ་གསར་རྩོམ་ལ་གཡོལ་བར་ཕྱོགས་ནས་མཐའ་མར་ལས་གཞི་གང་ཡང་མི་འགྲུབ་པ་ཞིག་ཏུ་འགྱུར་ངེས། ཡིད་ལ་བྱེད་པར་བྱ་དགོས་པ་ཞིག་ལ། འཆར་ཅན་གྱི་ལས་ཀའི་གྲངས་ཚད་ལ་འགྱུར་བ་མ་བཏང་བར་ཉི་མ་རེ་རེ་བཞིན་འགན་འཁྲི་ལ་དབྱེ་ཞིབ་དང་ལས་འཆར་ལ་མནོ་བསམ། གྲངས་ཚད་འོས་འཚམས་ཀྱིས་གསར་རྩོམ་ལ་བརྩོན་འགྲུས་བསྐྱེད་ཐུབ་པ་ཡིན་ན་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་ཐུབ་ངེས།

     མཇུག་མཐར་བདག་གི་ལག་ལེན་ལས་བྱུང་བའི་གྲོས་འདེབས་ཤིག་གིས་ཁྱེད་ལ་བརྒྱ་ཆའི་ལྔ་བཅུས་ཕན་ཐོག་ཡོང་སྲིད་པ་སྟེ། ཉིན་རེ་བཞིན་མདུན་ཅོག་དང་ཁ་གཏད་དུ་བསྡད་དེ་གསར་རྩོམ་ལ་འཇུག་མགོ་རྩོམ་དུས་སུ། སྐར་མ་ལྔའི་རིང་ལ་སེམས་རྣལ་དུ་ཕབས་ནས་རང་ཉིད་ཀྱི་བྲི་བྱ་ཡོངས་སུ་རྫོགས་པ་བསྒོམས་ཐུབ་པ་བྱ་དགོས། དེ་ལྟར་བྱས་པ་ཡིན་ན་གསར་རྩོམ་གྱི་བློས་བསླང་དང་དམིགས་པ་བརྟན་ལ་སེམས་ཤུགས་འཕར་མ་ཞིག་གིས་ཉིན་དེའི་འཐོབ་བྱ་ལ་བདེ་བར་འཇུག་པར་ཕན་ནུས་ལྡན་ཞིང་། ཤེས་བཞིན་གྱི་གོ་བརྡ་འདིས་རང་ལ་གདེང་ཚོད་མེད་པ་དང་བློ་མཐའ་གཉིས་སུ་དོགས་པ། ཕམ་ཁར་ཞེད་པ་བཅས་ཀྱིས་བསྒྲུབ་བྱ་གང་དེར་ནར་འགྱངས་བྱེད་པའི་བློ་དེ་གཅོད་པར་བྱ་ནུས་སྟབས། སྐར་མ་ལྔའི་རིང་གི་སྒོམ་སྒྲུབ་དེས་གསར་རྩོམ་གྱི་ཡུལ་ལ་སེམས་གཏོད་ཅིང་མངོན་དུ་ཕྱོགས་པར་བྱེད་པའི་ཤེས་པ་བསྐྱེད་ནས་ཁྱེད་ཀྱི་གསར་རྩོམ་གྱི་རྨི་ལམ་མངོན་འགྱུར་བྱ་བར་རོགས་རམ་བྱ་ཐུབ་བོ།།    

     སྤྱི་ལོ༢༠༡༦ལོའི་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཨ་རིའི་རྒྱལ་ས་བཱ་ཞིན་ཐྲིན་ནས་བསྒྱུར། མཆན་བུ།  ཟཱོ་གྷར་ཧྥུ་ཐྲིན།(Sue Grafton 1940-)མཆོག་ནི་ཨ་རིའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ལ།ཁོ་མོ་ནི་A- Zཞེས་པའི་རྩད་ཞིབ་བརྩམས་སྒྲུང་གི་དཔེ་ཚོགས་རྩོམ་པ་པོ་དང་སྒྲུང་ཐུང་། བརྙན་འཕྲིན་འཁྲབ་གཞུང་བཅས་ཀྱི་རྩོམ་པ་པོ། དུས་དེབ་གྲགས་ཅན་མང་བོའི་གདན་ཞུས་རྩོམ་པ་པོ་སོགས་ཡིན།


རྩོམ་ཡིག་མཁོ་སྤྲོད་པ།   གསར་འགོད་པ།  བན་ཤུལ་འབྲུག་ལྷ་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530408
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།