​​སྙིང་ཁོང་གི་སྐད་ཆ་ཚན་པ་བཅུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​​སྙིང་ཁོང་གི་སྐད་ཆ་ཚན་པ་བཅུ།
​​སྙིང་ཁོང་གི་སྐད་ཆ་ཚན་པ་བཅུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-03-15ལྟ་ཀློག (6185)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྙིང་ཁོང་གི་སྐད་ཆ་ཚན་པ་བཅུ།

  བཛྲ་ཚུལ་ཁྲིམས་རྒྱ་མཚོ།
༼འདི་ནི་ངས་ལོ་ངོ་ཉི་ཤུ་ལྷག་གི་སྔོན་ལ་བྲིས་པ་ཞིག་རེད་འདུག ང་རང་ཉིད་ཀྱིས་ཀྱང་འདི་ལྟ་བུ་ཞིག་བྲིས་ཡོད་པ་གཞི་ནས་བརྗེད་སོང་། དེ་རིང་དེབ་ཅིག་གི་བར་ནས་མཐོང་བས་ཚིག་གཅིག་ཀྱང་མ་བསྒྱུར་བར་འདིར་བཀོད་པ་ལགས་སོ།།༽
 ༼༡༽ ང་རྒྱལ།
སྟོང་སྣང་གི་རི་རྩེ་ལ་འགྱིང་ཟིལ་ངོམ་ཡང་། བླང་དོར་གྱི་མདུད་པ་འགྲོལ་བའི་སོར་མོ་མེད། རང་སྣང་གི་དབང་རྟེན་ཁོག་པའི་ཁོར་ཡུག་ཡོད་ཀྱང་། བདེན་དོན་གྱི་གཟུགས་བརྙན་མཐོང་བའི་མིག་དབང་བྲལ། ལོག་ལམ་གྱི་གཤོང་དུ་བགྲོད་པའི་རྐང་ལག་ལྡན་ཡང་། གནས་ལུགས་ཀྱི་ཐང་ཆེན་འགྲིམ་པའི་བང་རྩལ་མེད། དེའི་ཕྱིར་ཁྱོད་ཀྱི་བྱེད་ལས་སམ་མཇུག་འབྲས་ནི། མཁས་པའི་བཀའ་བཀྱོན། གྲོགས་ཀྱི་སྡང་མིག མང་བོའི་དམོད་མོ། དབུགས་ཀྱི་རྐྱལ་བ། ཤེས་རིག་གི་དབུལ་བོ། རྨོངས་པའི་མུན་ནག་ཉིད་དོ།།
 ༼༢༽ ཕྱོགས་ལྷུང་།
བདེན་དོན་དང་གནས་ལུགས་འཚོལ་བའི་མིག་དང་བྲལ། སྔོན་གོམས་ཀྱི་བག་ཆགས་ཟབ་མོར་སྐྱབས་སུ་འཆའ། ལྟར་སྣང་གི་རྒྱུ་མཚན་བརྟོལ་བའི་རྣམ་དཔྱོད་མེད་པས། གཞན་གྱི་བཤད་ཚད་ལ་དུག་དྲི་དང་། རང་གིས་བཤད་ཚད་ལ་བདུད་རྩི་འཁྱིལ་བར་ལྟ་བའི་འཆལ་སེམས་ཞིག་གོ།
 ༼༣༽  དུས་ཚོད།

ང་རང་གྲུབ་ཙམ་གྱི་སྐད་ཅིག་དེ་ཉིད་ནས་ད་ལྟའི་བར། ཁྱོད་དང་སྐད་ཅིག་ཕྱེད་ཙམ་ཡང་འབྲལ་མ་མྱོང་མོད། འོན་ཀྱང་ཁྱོད་ལ་དངོས་གནས་ཁྲེལ་དང་ངོ་ཚ། སྙིང་རྗེ་ཟེར་བ་ཞིག་མི་འདུག  ཁྱོད་ཀྱི་མྱུར་མགྱོགས་ཆེ་བའི་ལྕག་ཚན་དེས་རང་དབུགས་གཅིག་གིས་རྒ་བའི་ཕྱོགས་དེར་འདེད་བཞིན་ཡོད་པར་མ་ཟད། བདེ་སྐྱིད་ཀྱི་དགའ་ཚལ་མྱུལ་དུས་ཁྱོད་སྐད་ཅིག་གིས་ཡལ་ནས་འགྲོ་ཡང། སྐྱོ་གདུང་དང་སྡུག་བསྔལ་གྱི་གཤོང་ན་འགྱེལ་དུས། ཁྱོད་གོམ་པ་གང་ཡང་བསྐལ་བར་སྣང་དུ་འཇུག་པ་འདི་ཅི་ཞིག་ཡིན།

 ༼༤༽སེམས་སྟེང་གི་རང་དབང་།
 ས་སྒང་ཟླུམ་པོར་གནས་པའི་མིའི་རིགས་ཡོངས་ཀྱིས། ཡ་ཐོག་རིང་མོ་ནས་ད་ལྟའི་བར། འདྲ་མཉམ་དང་རང་དབང་འཚོལ་བའི་བརྩོན་པ་དེ་ཆུ་བོའི་རྒྱུན་བཞིན་ཆད་མ་མྱོང་མོད། འོན་ཀྱང་ཕལ་མོ་ཆེའི་རེ་བ་སྟོང་ཟད་དུ་སོང་བ་ནི། ཁོ་ཚོས་ཕྱིའི་ཁོར་ཡུག་དང་འབྱུང་བཞིའི་ཁྲོད་དུ་བཙལ་བས་འཚོལ་ས་ནོར་བས་ལན་པ་རེད། འོ་ན་གང་དུ་འཚོལ་དགོས་ཤེ་ན། རང་ཉིད་ཀྱི་སེམས་སྟེང་ནས་འཚོལ་དགོས། རྒྱུ་མཚན་རང་དབང་ངོ་མའམ་མཐར་ཐུག་པའི་རང་དབང་ནི་སེམས་སྟེང་གི་རང་དབང་དེ་ཉིད་ཡིན་ལ། དེ་ལ་རང་དབང་མི་སྟེར་མཁན་ཡང་རང་སེམས་ན་ཡོད་པའི་ཉོན་མོངས་པའི་འཆིང་བྱེད་ཡིན། དེའི་ཕྱིར་རང་དབང་ངོ་མ་དེ་འདོད་ན། བློ་ཁ་རང་གི་སེམས་སྟེང་ལ་བསྐོར་ནས་འཚོལ་དགོས།
 ༼༥༽ རྗེས་དཔག
རྗེས་དཔག་ཚད་མ་ལགས། ལ་ལས་ཁྱོད་རང་དགོས་མེད་དུ་སྨྲ་ཡང་། ང་ལ་ཁྱོད་མི་དགོས་པའི་སྒྲུབ་བྱེད་གང་ཡང་མེད་པར་མ་ཟད། དགོས་པའི་རྒྱུ་མཚན་མང་བོ་ཡོད་ཀྱང་མདོར་དྲིལ་ན། རྗེས་དཔག་ཚད་མ་ལགས། ཁྱོད་ནི་ཕ་མཐའ་བྲལ་བའི་ཤེས་བྱའི་མཁའ་དབྱིངས་སུ་འཕགས་ཏེ། དཔྱོད་པའི་འོད་སྟོང་གི་ལམ་འཕྲང་བརྒྱ་ཕྲག་བརྒྱུད་ཅིང་། ཚུལ་གསུམ་ཚང་བའི་གཏན་ཚིགས་ཀྱི་སྲོག་རྩ་བརྟན་པོར་གྲུབ་པས། ཁྱོད་ནི་ལོག་རྟོག་གི་མུན་པ་སྟུག་པོས་གཞོམ་མི་ནུས་པར་མ་ཟད། གནས་ལུགས་གསལ་བའི་ཉིན་བྱེད་ལགས་ལ། འབྱུང་འགྱུར་ཤེས་པའི་འཕྲུལ་གྱི་མེ་ལོང་ཉིད་དུ་བརྗོད་རུང་བར་སེམས་སོ།།
 ༼༦༽ ཀྱེ་ཧུད། ཁྱེད་ཚོ་ལ་དངོས་གནས་རེ་བ་ཆད་སོང་།

རྒྱང་སྒྲོག་དང་བརྙན་འཕྲིན།  དཔེ་དེབ་དང་སྒྲ་ཐག་སོགས་ལས་ངས་ཁྱེད་རྣམ་པའི་སྙན་པ་ཐོས། ངས་ཐོས་པ་ནི་ཁྱེད་རྣམ་པས་རྟག་ཏུ་གླེང་བའི་བོད་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཡིན། དེའི་ཕྱིར་ངའི་སེམས་པའི་རྡོ་རིང་ངོས་ལ་ཟབ་མོར་བརྐོས་ཟིན་པའི་དགའ་ཞེན་དེ། དྲི་མེད་ཀྱི་དུང་བ་མཚོན་པའི་ཁ་བཏགས་དཀར་བོ་ཞིག་ཏུ་རིང་མོ་ནས་གྲུབ་ཡོད། འོན་ཀྱང་རང་རང་གི་གཤིས་ཀ་དབང་བཙན་པས། དེས་ནམ་ཡང་ང་རང་སྙན་གྲགས་ཅན་ཚོ་ལ་ངོ་བསྟོད་བྱེད་དུ་འགྲོར་མི་སྟེར། དེའི་ཕྱིར་ངས་ཁྱེད་རང་རྣམ་པ་ཆེད་དུ་བཙལ་མ་མྱོང་མོད། ལས་དབང་ཞིག་གམ་སྟབས་ལེགས་ཤིག་གིས། ངས་ཁྱེད་རྣམ་པ་ཉེ་ས་ནས་མཐོང་སོང་། ཀྱེ་ཧུད། ངས་ཁྱེད་ཚོ་ཐག་རིང་ནས་ཐོས་པ་ཙམ་ལས་ཉེ་སར་མ་མཐོང་ན་ཅི་མ་རུང་། ང་ཁྱེད་ཚོ་ལ་དངོས་གནས་རེ་བ་ཆད་སོང་། དོན་དངོས་སུ་ལ་རྒྱ་མེད། གཤིས་རྒྱུད་ངན། ཁ་ཚིག་རྩུབ། ཆང་དྲི་དང་དུད་དྲི་ལས་རིགས་ཞེན་གྱི་དྲི་མ་རིང་དུ་དོར་ཚར་འདུག ཐ་ན་བོད་སྐད་གཙང་སང་བ་ཞིག་ཀྱང་བཤད་ཀིན་མི་འདུག 

 ༼༧༽ འགལ་བ།

ཐ་དད་ཅིང་གཞི་མཐུན་མི་སྲིད་པ་འགལ་བའི་མཚན་ཉིད་ཅེས་པའི་ཚིག་ཙམ་ལའང་ཀུན་ནས་རྨོངས་ཤིང་འཐོམས་པའི་ཁ་བ་རི་བའི་ན་གཞོན་འགའ་ཞིག  འགལ་བའི་མཚན་གཞི་འཚོལ་བར་འབད་ཁུལ་བྱས་ཀྱང་། འགལ་འབྲེལ་གྱི་དོན་ལ་གོ་བ་མ་ཆགས་པས། རང་དང་རང་གི་མེས་པོས་བཞག་པའི་ཤེས་རིག་གཉིས་འགལ་བ་ལྟག་སྤྲོད་ཀྱི་མཚན་གཞིར་སྨྲའོ།། ངང་ཚུལ་འདིས་ནི། འགལ་བའི་དོན་མི་ཤེས་པ་ཁོ་ཚོའི་སྙིང་ལ་མི་རིགས་འདི་འགལ་བར་བྱའོ་སྙམ་པའི་འགལ་བའི་བྱེད་ལས་དེ་ཡར་ལྡན་དུ་ཞུགས་ཡོད་པ་མཚོན་ནམ་སྙམ་མོ།།

༼༨༽གསར་ཞེན་ཡོད་ཚད་ཡར་རྒྱས་ཀྱི་མཐུན་རྐྱེན་དུ་འགྱུར་བ་ཅི་ཡིས་མཚོན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒྲོག།གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།།ཞེས་གསུངས་པའི་ཚིག་གི་ངོ་གདོང་ཙམ་དོན་ཐམས་ཅད་ཀྱི་སྙིང་བོར་འཛིན་པའི་དེང་དུས་ཀྱི་གསར་བུ་འགའ་ཞིག་གིས། རྙིང་བ་ཡོད་ཚད་ཡར་རྒྱས་ཀྱི་འགལ་རྐྱེན་དང་། གསར་བ་ཡོད་ཚད་འཕེལ་རྒྱས་ཀྱི་མཐུན་རྐྱེན་དུ་འགྱུར་བར་ལྟ་བ་ནི་ཅི་འདྲའི་གླེན་རྟགས་ཚ་བ་ལ་ཨང་། གལ་ཏེ་ད་ལྟ་དགེ་འདུན་ཆོས་འཕེལ་བཞུགས་རྒྱུ་ན། ཁྱེད་ཚོའི་བྱ་སྤྱོད་འདི་ལ་ཁོང་ཐུགས་སྐྱོ་སྟེ། རྙིང་བ་ཡོད་ཚད་ཕྱགས་མའི་ཕུང་བོ་དང་།།གསར་བ་མ་ལུས་ནོར་བུར་འཛིན་པ་ཡང་།།ཅོལ་ཆུང་གླེན་རྟགས་ཡིན་པས་བློ་ཆུང་རྣམས།།བརྟག་དཔྱད་ཞིབ་མོས་བླང་དོར་བྱེད་པ་གལ།།ཞེས་པའི་དོན་ཅན་ཞིག་གསུངས་ངེས་ཤིང་ཐག་པ་ཡིན་རྒྱུ་རེད་སྙམ་མོ།།
 ༼༩༽ཁྲིམས་དཔོན་ལ་ཁྲིམས་ལུགས་མེད།

ནམ་ཡང་ཆ་མི་མཉམ་པའི་འཇིག་རྟེན་འདི་ནས། འདྲ་མཉམ་གྱི་ཐོབ་ཐང་ལ་རྩོལ་བའང་། སྐབས་འགར་བལྟས་ན་གླེན་རྟགས་ལྟ་བུར་སྣང་ངོ་།།སྔོན་ཆད་ངས་ཁྲིམས་ལུགས་ནི་བཙན་པོའི་མགོ་གནོན་དང་། གཉོམ་ཆུང་གི་རྒྱབ་སྐྱོར་དུ་བཟུང་ཞིང་། ཁྲིམས་ལུགས་ཡོད་ན་བཙན་གཉོམ་ཡོད་མི་སྲིད་བསམ་མྱོང་མོད། འོན་ཀྱང་ད་གཟོད་བསམ་ཚུལ་དེ་ནི་གླེན་རྟགས་སུ་ཚོར། འདྲ་མཉམ་ཞེས་པ་སྐད་ཆའི་བཤད་ཚུལ་ཞིག་དང་། བཙན་གཉོམ་ཤོར་བ་དོན་གྱི་གནས་སྟངས་ཤིག་ཡིན་པའང་ད་གཟོད་ཤེས་སོང་།  ལྟོས་དང་། དཔོན་པོ་ཁྲིམས་དང་འགལ་མི་སྲིད་ལ། འབངས་མི་ཁྲིམས་ཀྱི་རྒྱ་ལས་མི་ཐར་བའི་གསང་བ་འདིས་ཅི་ཞིག་མཚོན།  ཀྱེ་མ་ཇི་འདྲའི་སྐྱོ་བ་ལ་ཨང་། དཔོན་པོ་ཁྲིམས་དང་འགལ་ན་ཁྲིམས་ལ་སྐྱོན་འཛུག་ཆོག་མོད། འབངས་མིས་ཁྲིམས་ལུགས་བཤད་ན་འདུག་ས་ཁྲིམས་ཁང་ཡིན་པ་ཅི་ལ་ཐུག


 ༼༡༠༽ དཔྱིད་དཔལ་གྱིས་དྲངས་པའི་བསམ་གཞིགས།
 ལོ་གཅིག་ལ་དུས་ཚིགས་བཞི་ཡོད་ཅིང་། དུས་ཚིགས་གང་ཡིན་ཡང་རང་ཉིད་ཅིས་ཀྱང་ཡོད་དགོས་པའི་གསང་བ་རེ་ནི་ངེས་པར་ཡོད་སྣང་ངོ་།།འོན་ཀྱང་རྒྱའི་མཁས་པ་ཞིག་གིས། ཉིན་གཅིག་གི་འཆར་གཞི་ཞོགས་པ་ལ་ཐུག ལོ་གཅིག་གི་འཆར་གཞི་དཔྱིད་དུས་ལ་རག་ཅེས་བཤད་པ་ལྟར། དཔྱིད་དུས་འདི་ཧ་ཅང་གལ་ཆེ་བར་སེམས། འདི་ནི་དགུན་དགྲ་བོ་འདྲ་བ་དེའི་མཇུག་སྒྲིལ་བྱེད་དང་། དབྱར་ཕ་མ་འདྲ་བོ་དེ་ཉེ་བར་འདྲེན་བྱེད་དུ་གྱུར་ཡོད་པར་མ་ཟད། གཟུར་དུ་ཟ་བའི་སྟོན་འབྲས་ལ་ལོངས་སྤྱོད་པར་འདོད་ནའང་དཔྱིད་དུས་ཀྱི་འདེབས་འཛུགས་ལ་བསྒྲིམ་དགོས། དེ་ལྟ་ནའང་དཔྱིད་དུག་ལ་ཟོན་མ་བྱས་ན་སྒྱིད་ལུག་དང་ལེ་ལོའི་དབང་དུ་ཤོར་ཉེན་ཡོད། དེ་ལྟར་གྱུར་ན་ཡུན་ཐུང་གི་དཔྱིད་དུས་དེ་ཡང་ཡུད་ཙམ་གྱིས་ཡལ་ནས་འགྲོ་བས་འདེབས་འཛུགས་ཀྱི་དུས་ཚོད་བཟང་བོ་ལག་ནས་ཤོར་འགྲོ  དེ་ཤོར་ན་སྟོན་འབྲས་ལེགས་པོ་བསྡུ་མི་ཐུབ་ཅིང་། དགུན་གྲང་རེག་གི་དགྲ་བོས་རང་ལ་གཙེ་དུས། རང་ཚུགས་བརྟན་པོར་འོངས་པའི་ལུས་སྟོབས་གསོ་བྱེད་ཀྱང་དཀའ་བར་འགྱུར་བས། དཔྱིད་དཔལ་ལ་གཅེས་སྤྲས་བྱེད་པ་ཧ་ཅང་གལ་ཆེ་བར་སེམས།
     དེ་ཡང་ང་ཚོའི་གཞོན་དུས་འདི་དཔྱིད་ཚིགས་དང་འདྲ་བས། དར་མ་དང་དར་ཡོལ། རྒས་པའི་དུས་སུ་རང་ས་མནོན་པའི་ནང་ཉམས། གཞན་གྲལ་ཟིན་པའི་བརྗིད་ཉམས་དེ་ལྡན་འདོད་ན། གཞོན་དུས་སུ་དམ་འཛིན་བྱེད་པ་གལ་ཆེ། དེ་ཡང་སྒྱིད་ལུག་དང་ལེ་ལོའི་དཔྱིད་དུག་ལ་ཟོན་བྱེད་དགོས་ཤིང་། ལོག་ལྟ་དང་ཤེས་འཆལ་གྱི་ས་བོན་རུལ་བ་བཏབ་ན་འཕུང་བར་འགྱུར་བས། དཔྱིད་དུས་དང་འདྲ་བའི་གཞོན་དུས་སུ་མཉམ་འཇོག་དགོས་པ་མང་བོ་མང་བོ་ཞིག་ཡོད་སྣང་ངོ་།། 
༼ལོ་ངོ་ཉི་ཤུ་ལྷག་ཅིག་གི་སྔོན་དུ་བྲིས་པས་འགྲིག་མིན་དང་འོས་མིན་ཇི་འདྲ་ཡོད་ཀྱང་ཆེད་དུ་མ་བཅོས་པར་བཀོད་པ་ཙམ་མོ།།༽



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།