ནང་བསྟན་རྒྱུན་ཤེས། ༡༥
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༡༥
ནང་བསྟན་རྒྱུན་ཤེས། ༡༥
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-03-08ལྟ་ཀློག (3665)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༡༥


མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར། 

༡༧༠ སྨྱུང་གནས་ཞེས་པ་ནི་ཅི་རེད།

ལན། དེ་ནི་དགེ་སློང་མ་དཔལ་མོའི་ལུགས་ཏེ་སྨྱུང་གནས་ཀྱི་སྒོ་ནས་སྒྲུབ་པ་བྱེད་ཚུལ་ཏེ་ཟས་བཅད་སྨྱུང་གནས་བྱས་པས་ལུས་ཀྱི་སྒྲིབ་པ་འདག  གཏམ་མི་སྨྲ་བར་ངག་བཅད་པས་ངག་གི་སྒྲིབ་པ་འདག ཆགས་སྡང་གི་ངན་རྟོགས་བཀག་སྟེ་དད་པ་དང་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་འདག དེ་གསུམ་ཀྱིས་ཡི་དྭགས་དང་དུད་འགྲོ། དམྱལ་བ་རྣམས་སུ་སྐྱེ་བའི་ལས་ཀྱང་སྦྱོང་བར་གསུངས།

༡༧༡ འོ་ན་སྨྱུང་གནས་སྐབས་ཐུན་བཤད་བྱེད་པ་དེ་ཆོག་གམ།

ལན། མི་ཆོག་སྟེ་ངག་བཅད་པ་ནི་ངག་འཆལ་མི་བཤད་པའི་ཆེད་ཡིན་ཏེ་ཐུན་བཤད་ཅེས་ངག་འཁྱལ་བཤད་པ་དེས་ཐུན་བཟུང་བའི་གོ་མི་ཆོད་དོ། །

༡༧༢ བསྙེན་གནས་སོགས་བསྲུངས་ནས་འཁོན་འཛིང་བྱ་རུང་ངམ།

ལན། གཏན་ནས་མི་རུང་སྟེ་ཉིན་དེར་དགེ་བ་རྣམ་དག་ཅིག་བསྒྲུབ་པའི་ཆེད་དུ་བསྙེན་གནས་སྲུང་བ་ཡིན་པས་འཁོན་འཛིང་སོགས་མི་དགེ་བའི་ལས་ལ་འཇུག་ན་མི་དགེ་བ་མང་བོར་འགྱུར་རོ། །

༡༧༢ སྨྱུང་གནས་བསྲུངས་ནས་ཐག་འཐེན་སོགས་རྩེད་མོ་རྩེ་རུང་ངམ།

ལན། སྨྱུང་གནས་སྲུང་བ་ནི་ལུས་ངག་ཡིད་གསུམ་བག་ལ་གནས་པའི་ཆེད་ཡིན་པས་ཐག་འཐེན་དང་ཀུ་ཅོ་སྒྲོག་པ་སོགས་བྱས་ན་ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་ཞུགས་པ་ཡིན་པས་མི་རུང་བའི་ཁར་ཉེས་པ་དཔག་ཏུ་མེད་པ་ཡོད་དོ། །

༡༧༣ སྨྱུང་གནས་བསྲུངས་ནས་ཤིག་གསོད་རུང་ངམ།

ལན། སྨྱུང་གནས་ཡིན་ནའང་འདྲ། བསྙེན་གནས་ཡིན་ནའང་འདྲ་ཤིག་བསད་ནའང་སྲོག་གཅོད་ཡིན་པས་གཏན་ནས་མི་རུང་ངོ་། །

༡༧༤ འོ་ན་ལ་ལས་ཐུན་གཞན་ལ་བཅོལ་ཞེས་ཕུ་ཐུང་སོགས་ལ་ཕུ་བཏབ་ནས་ཁ་བསྡམས་ཏེ་སྐད་ཆ་བཤད་ནས་ཕྱིས་དེ་ལེན་པ་ཡིན་ཞེས་པའི་བྱེད་སྟངས་དེ་འགྲིག་གམ།

ལན། དེ་ནི་རང་མགོ་གཡོག་པའི་སྤྱོད་སྟངས་ལས་མ་འདས་ཏེ་དེ་ལྟ་བུ་ཁུངས་མེད་ལུང་མེད་ཀྱི་སྤྱོད་པ་སྣ་ཚོགས་བྱས་པ་ལ་ཕན་པ་ལས་གནོད་པ་ཤིན་ཏུ་ཆེའོ། །

༡༧༥ ང་ཚོས་མ་ཎི་འཁོར་ལོ་སྐོར་དོན་ཅི།

ལན། གསང་སྔགས་ཀྱི་གཞུང་དུ་སྙིང་གར་སྔགས་ཕྲེང་བཀོད་ནས་བསྐོར་བ་དང་། ཁྱོགས་དང་ཁྲོ་བོའི་བཟླས་པ་ཟེར་བ་སོགས་མང་དུ་ཡོད་པ་དེའི་དོད་དུ་སྔགས་ཕྲེང་བྲིས་ནས་འཁོར་ལོ་བསྐོར་ན་ཕན་ཡོན་ཆེན་པོ་འབྱུང་བ་ཡིན་ནོ། །

༡༧༦ མ་ཎིའི་འཁོར་ལོའི་ཡུ་བ་ཤིང་དང་སྲོག་ཤིང་ལྕགས་ལ་བྱེད་པའི་རྒྱུ་མཚན་གང་།

ལན། དེ་ལ་རྒྱུ་མཚན་ཆེན་པོ་ཡོད་དེ་ཆུ་ཀླུང་ཆེན་པོའི་མདོ་ལས། རྩ་བ་བྱང་ཆུབ་ཤིང་ལ་བྱས། །བྱང་ཆུབ་སེམས་ནི་ངང་གིས་སྐྱེས། །སྲོག་ཤིང་སྲ་བའི་ལྕགས་ལ་བྱས། །རྣལ་འབྱོར་ཚེ་སྲོག་སྲ་ཞིང་བརྟན། །ཞེས་གསུངས་ཡོད་པས་སོ། །

༡༧༧ འཁོར་ལོ་བསྐོར་བའི་ཕན་ཡོན་གང་།

ལན། ཕན་ཡོན་ནི་འཁོར་ལོའི་ནང་ན་བཞུགས་པའི་གཟུངས་སྔགས་གང་གསུངས་པ་ཐམས་ཅད་ཀྱི་ཕན་ཡོན་འབྱུང་བར་གསུངས།

༡༧༨ འོ་ན་མ་ཎི་སྐོར་ཚུལ་ཡོད་དམ།

ལན། ཡོད་དེ་གཞུང་ལས། གཟུགས་ལྟར་བསྐོར་ན་གཟུགས་བཟང་ཞིང་། །སྐྱེ་མཆེད་ལེགས་ཤིང་ཚང་བར་འགྱུར། །ཏབ་ཏབ་དུ་ནི་བསྐོར་བ་ན། །དམན་པའི་ལུས་སུ་སྐྱེ་བར་འགྱུར། །འཁོར་ལོ་འཕྲེད་ལ་བསྐོར་བ་ན། །དུད་འགྲོ་སྒུར་བོའི་ལུས་སུ་སྐྱེ། །མགོ་མཇུག་ལོག་ནས་བསྐོར་བ་ན། །སེམས་ཅན་ཞ་བོའི་ལུས་སུ་སྐྱེ། །འཁོར་ལོ་གསལ་བར་མ་བཞེངས་ན། །དམུས་ལོང་ཅན་གྱི་ལུས་སུ་སྐྱེ། །འཁོར་ལོའི་སྒྲ་སྐད་ལོག་བལྟས་ན། །རྣ་བ་འོན་པའི་ལུས་སུ་སྐྱེ། །འཁོར་ལོར་སྐུར་བ་བཏབ་པ་ན། །གླེན་ཞིང་ལྐུགས་པའི་ལུས་སུ་སྐྱེ། །དེས་ན་སྐལ་ལྡན་སྐྱེས་བུ་ཡིས། །ཆོས་ཀྱི་འཁོར་ལོ་ཆེན་པོ་འདི། །ཐད་ཀར་དྲང་ཞིང་བསྐོར་བ་ན། །དབང་བོ་ཡ་རབས་སངས་རྒྱས་ཐོབ། །འགྲོ་བ་སེམས་ཅན་དོན་བྱེད་འགྱུར། །དབང་བོ་འབྲིང་རྣམས་མི་ལུས་ཐོབ། །སྡིག་སྤོང་དགེ་ལ་བརྩོན་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ནོ། །

༡༧༩ མ་ནི་སྐོར་དུས་དམིགས་པ་ཡོད་དམ། 

ལན། མ་ཎི་སྐོར་དུས་དམིགས་པ་འདི་ལྟར་འཛིན་དགོས་ཏེ། འཁོར་ལོར་བཞུགས་པའི་གཟུངས་སྔགས་རྣམས་ལས་འོད་ཟེར་འཕྲོས། ཀུན་ཏུ་བཟང་བོའི་མཆོད་པའི་སྤྲིན་གྱིས་ཞིང་ཁམས་ཀུན་ཏུ་ཁྱབ། རྒྱལ་བ་སྲས་བཅས་མཆོད་དེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་འཁོར་ལོར་ཐིམ། དེ་ལས་འོད་འཕྲོས་ཏེ་རང་གཞན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཀུན་བྱང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། སླར་ཡང་འོད་དང་དཀྱིལ་འཁོར་ལྷ་ཡི་ཚོགས་མཁའ་དབྱིངས་ཀུན་ཏུ་ཁྱབ་ནས་རང་གཞན་ཀུན་གྱི་རྣམ་དཀར་གྱི་དགེ་བ་དང་ལྷན་གཅིག་འཕྲོས་ཏེ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྦྱངས། སྣོད་བཅུད་དག་པའི་རང་གཞན་གཟུངས་སྔགས་ཀྱི་རང་སྒྲ་ལྷང་ལྷང་དུ་སྒྲོག་པ་དང་། སེམས་བདེ་སྟོང་གི་ངང་ལ་གཡོ་མེད་བཞག་པར་བསམ་མོ། །

༡༨༠ མ་ཎི་འདོན་བཞིན་སེམས་ལ་མི་དགེ་བ་སྣ་ཚོགས་དྲན་ན་ཕན་ཡོན་ཡོད་དམ། 

ལན། དེ་ལ་ངག་འཁྱལ་སྣ་ཚོགས་ཁེགས་པ་དང་ཆོས་ཀྱི་ཕན་ཡོན་བསྒྲགས་པའི་ཕན་ཡོན་ཡོད་ནའང་མ་ཎི་བཏོན་པའི་ཕན་ཡོན་ཇི་ལྟར་བུར་གཏན་ནས་མི་འཐོབ་བོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531664
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།