མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག
མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-11ལྟ་ཀློག (6973)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་ཤིས་ཚིག་ཕུལ་བ།


བཀྲ་ཤིས་ཤོག

བཀྲ་ཤིས་གནམ་ལོ་གསར་བའི་དགའ་སྟོན་དང་།།

བཀྲ་ཤིས་རྟེན་འབྲེལ་བཟང་པོའི་གཏང་རག་ལ།།

བདེ་ལེགས་འབྱུང་བའི་སྒོ་གསུམ་མཆོད་པའི་ཕུད།།

དྲིན་གཅིག་བཤེས་གཉེན་དགྱེས་པའི་བཀྲ་ཤིས་ཤོག།


སྐུ་ཡི་གཟི་བྱིན་བསྐལ་བརྒྱར་རྒྱས་སུ་གསོལ།།

གསུང་གི་བདུད་རྩི་ཆད་མེད་བསྩལ་དུ་གསོལ།།

ཐུགས་ཀྱི་བྱམས་བརྩེ་ལྷོད་མེད་བསྐྱང་དུ་གསོལ།།

བླ་མའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག།


ཤེས་རིག་ཟེའུ་འབྲུ་སྨིན་པའི་ལྡུམ་ར་མཛེས།།

རིགས་ཞེན་སྙིང་ཁར་སིམ་པའི་ལྡིང་ཁང་བརྗིད།།

གངས་རིའི་བླ་སྲོག་སྐྱོར་བའི་སྲོག་ཤིང་བཀན།།

མ་ཡུམ་སློབ་གླིང་རྟག་བརྟན་བཀྲ་ཤིས་ཤོག། 


   ཅེས་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་གསུམ་པོ་འདི་སྔོན་དུ་བཏང་ནས་བདག་ཙམ་མ་ཡིན་པར་བོད་ཁམས་སྤྱི་དང་། ཁྱད་པར་དུ་མི་རིགས་རིག་གཞུང་དང་བཅས་པ་ཉམས་དམས་སུ་གྱུར་བའི་ཆེས་གཉན་འཕྲང་གི་དུས་སྐབས་ཤིག་ལ་རང་གི་སློབ་སྦྱོང་གི་གོ་སྐབས་བོད་རིགས་སྤྱི་ལ་ཕུལ་བའི་འཇིགས་མེད་སྙིང་སྟོབས་ཀྱིས་ཕྱུག་པའི་སློབ་དཔོན་རིན་པོ་ཆེ་ཁོང་དང་ཁོང་གི་ལྷག་བསམ་ལས་འཁྲུངས་ཤིང་རང་ཅག་རྣམས་ཀྱི་བགོ་སྐལ་དུ་གྱུར་བའི་ཤེས་རིག་ནོར་བུའི་སློབ་གླིང་འདི་ཉིད་དང་། ལྷག་པར་དུ་མཁྱེན་དཔྱོད་ཡངས་ཤིང་ལྷག་བསམ་དཀར་པའི་དེར་བཞུགས་བཤེས་གཉེན་ཡོངས་ལ། བདག་གིས་བོད་རབ་གནས་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ཉིན་མོ་འདི་བརྒྱུད་ནས་ཁྱེད་རྣམ་པའི་སྐུ་ལུས་རི་རྒྱལ་བཞིན་དུ་བརྟན་ཞིང་མཛད་ཕྲིན་ཉི་ཟླ་བཞིན་དུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ། 

ཞེས་སློབ་བུའི་གྲལ་མཐའ་བ་ཁ་སྒང་གཡང་འབུམ་ཚེ་རིང་གིས་ནུབ་ཕྱོགས་ཧྥ་རན་སི་ནས།   སྤྱི་ཟླ་ཚེས་བཟང་བོར།   ༢༠༡༦/༠༢/༠༧ཕུལ།


བོད་མེ་སྤྲེལ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་འདི་དང་བསྟུན་ནས། དགེ་རྒན་བཀའ་དྲིན་ཅན་རྣམ་པའི་སྐུ་ཚེ་རིང་ཞིང་། མ་ཡུམ་སློབ་གླིང་གི་རླུང་རྟ་སྔར་བཞིན་དར་ཞིང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ། 

 ཧྥ་རིན་སི་ནས་སློབ་བུ་གུ་རུ་རྒྱལ་གྱིས། 07.02 . 2016 ཚེས་བཟང་ལ་ཕུལ།


སྙན་ངག་ཙམ་ཞིག་འབྲི་བ་འདི་འདྲ་ཤིན་ཏུ་རབ་ཏུ་སླ་སྟེ་གཏམ་བཤད་འདྲ་ཞིག་བྱེད་པ་དེ་འདྲའང་སུས་མི་ནུས།།

རྔ་ཆོག་ཙམ་ཞིག་རྡུང་བ་དེ་ཡང་སུས་ཀྱང་ཀུན་ཏུ་ནུས་སྟེ་བློ་མཐུན་འདྲ་ཞིག་ཟེར་བ་དེ་འདྲ་སུ་ལའང་སླ།།

ལང་ཚོའི་མེ་ཏོག་མི་རིགས་ཤིག་གི་དཀའ་སར་བཏབ་ཅིང་གནག་སར་བཙུགས་པ་འདི་འདྲ་སུ་ཡིས་ནུས་སམ་གང་དུ་ནུས།།

དེ་འདྲ་དམ་པ་ཁྱེད་འདྲ་ཤིན་ཏུ་རབ་ཏུ་ཉུང་ངུས་ནུས་ཀྱི་ཁ་ཕོ་ཅན་དང་ཁ་རྒྱབ་གཉེར་བ་སུས་ཀྱང་གཏན་མི་ནུས།།

                 མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་བཅོས་མིན་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ་ཞིང་། བོད་མི་རིགས་ཀྱི་ཆེད་དུ་ཁོང་གི་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་སྨོན་ལམ་བཅས་དམ་པ་ཁོང་ལ་གཏན་དུ་གུས་པ་ཧོར་ཞི་བདེ་རྒྱ་མཚོས་ཕུལ།


གནའ་དེང་ཤེས་རིག་སྟོང་གི་གཡང་མཚོ་ཉིད།།

མ་སྨད་ལྟེམ་གྱིས་འཁྱིལ་བའི་སློབ་གླིང་མཆོག།

དགེ་སློབ་ཉི་ཟླ་གངས་རིའི་ལྷ་ལམ་དུ།།

འགྲིབ་མེད་བསྐལ་བའི་མཐའ་རུ་རྟག་བརྟན་ཤོག།

མེ་ཕོ་སྤྲེལ་ལོའི་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་རླུང་གཤོག་ཅན་གྱིས་ཉི་མ་བླ་བྲང་ནས་ཕུལ།


ངའི་སེམས་ཀྱི་ཡུ་བ།

མ་ཡུམ་སློབ་གླིང

གཏམ་རྒྱུད་ཀྱི་དབྱངས་ལ་འཇུས་པའི་འོད་ཀྱི་ཞག་པ་དཀར་པོ

ཉི་ཟླ་དང་གངས་རིའི་སྙིང་ནས་འཕྱུར་བའི་ལྷ་བསང་གི་དུད་པ་ལྗང་ཁུ

མཁར་དབྱིངས་ན་འཕུར་བའི་གླག་རྒོད་ཀྱི་གཤོག་པ་ཡ་མེད་དེ

གཡུང་དྲུང་དུ་བརྟན་རོགས

ཡིག་འབྲུ་སྟོབས་ཆེན་ཁྱོད

བླ་མེད་དུ་འཚོ་རོགས

གསོལ་འདེབས་ཀྱི་ཕྱི་ནང་ཆ་ཚང་ཁྱོད

མེ་ཕོ་སྤྲེལ་ལོའི་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་འབྲོག་སངས་ཀྱིས་རྩྭ་ཐང་ཆེན་མོ་ཏཱི་ཨུར་བྷོ་ཐུ་ནས་ཕུལ།


 ལོ་སར་ཤིས་ཚིག

མུན་པའི་ཁམས་ལ་སྣང་བས་བྲིས་པའི་འོད་ཀྱི་ལམ་ཆེན་རིང་མོ་ཞིག །

ཤེས་རབ་བརྩོན་པའི་གཤོག་ཟུང་སྐྱོང་སའི་རིག་པའི་མཁའ་དབྱིངས་མཐོན་པོ་ཞིག །

ལོ་རྒྱུས་རི་མོའི་དེབ་ཐེར་ངོས་ན་འགྱུར་མེད་བརྟན་པའི་རྡོ་རིང་ཞིག །

འཇིགས་མེད་ཐུགས་ཀྱི་འོ་མཚོ་ལས་འཁྲུངས་ཤེས་རིག་བདུད་རྩིའི་འབྱུང་གནས་ཤིག །

གནམ་ལོ་གསར་བའི་བཀྲ་ཤིས་སྐྱ་རེངས་གཡས་འཁྱིལ་དུང་གི་སྒྲ་ཡིས་བསུ། །

རིག་པའི་འབྱུང་གནས་མ་ཡུམ་སློབ་གླིང་དོན་ལྡན་སྙན་པའི་གྲགས་སྐད་ཀྱིས། །

ཡངས་པའི་ཁྱོན་ནས་རིས་མེད་འགྲོ་བས་སྙན་དབང་གཡོ་བའི་དཔལ་གྱུར་ཅིག །

     ཅེས་བོད་རབ་གནས་མེ་སྤྲེལ་ལོའི་ལོ་སར་ཚེས་གཅིག་ལ་མ་ཡུམ་སློབ་གླིང་དང་སློབ་དཔོན་རྣམ་པར་ལོ་གསར་བའི་ལེགས་སྐྱེས་སུ་གང་ཤར་ཚིག་གི་མཆོད་པ་འདི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གྲོགས་རིག་སྨྲ་ཡོངས་ཀྱི་གྲལ་མཐའ་བ་ཁྲི·ལྗོན་བཟང་དུ་འབོད་པས་མདོ་སྨད་ཁྲི་ཀའི་ཡུལ་ནས་སྦྱར་བ་དགེའོ། །

འཇིགས་མེད་སྙིང་སྟོབས་བསྲུབས་པ་ལས་འཁྲུངས་རྒྱལ་བའི་རྒྱལ་མཚན་བསྒྲེངས་པའི་དབྱུག།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་པོ་དགྱེས་པའི་དཔུང་དུ་ཆས།།

སྤུ་རྒྱལ་ལུགས་ཟུང་ཕྲག་ཏུ་ལེན་པའི་རིགས་ཞེན་བརྩེགས་མའི་ལང་ཚོའི་གཟི།།

མེ་སྤྲེལ་གནམ་ལོ་གསར་བའི་ཆ་ལ་སྔར་ལས་ལྷག་པར་རྒྱས་གྱུར་ཅིག།།

ཅེས་རྨ་ཐོག་རྒོད་ཀྱིས་ལོ་སར་ཚེས་གཅིག་ཉིན་ཀན་ལྷོ་རྨ་ཆུ་དབལ་བན་ནས་ཕུལ།


མིང་། ཕྱོར་ཚང་འཇམ་དབྱངས་བསྟན་པ། ཕ་ཡུལ་བྲག་དཀར་ནས།First and foremost I wanna say happy New Year to all of you!

Then I say some greeting sentences. In this year may all your dreams come true you have lots of luck and profitsfortune will smile on yougood fortune according to your wishes,enjoy your good health and happy spring festival! Then in 2016, we expect everyone of you to keep walking and growing with us together and it is a great honor for us to provide a tiny gift to every Tibetan Time follower for showing our sincere appreciation and delivering our best greetings. 

མ་ཡུམ་སློབ་གླིང་ལ་ཕུལ་བའི་ཤིས་ཚིག

བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་འདིར།།

བདེ་ལེགས་སྒོ་བརྒྱ་འབྱེད་པའི་སློབ་དཔོན་དང་།།

ཕུན་ཚོགས་ཡོན་ཏན་མཛོད་འཛིན་སློབ་མ་ཀུན།།

རྨད་བྱུང་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་ཤོག།

གང༵ས་ལྗོང༵ས་འཇིག༵ས་མེད༵་རིན་ཆེན་དབྱིག་གི་མཛོད།།

ཤེས༵་རིག༵་ཀླུ་དབང་གཙུག་གི་ནོར༵་བུའི༵་ཏོག།

བྱུར་བུར་སྤུངས་པའི་མ་ཡུམ་སློབ་གླིང༵་གི།། 

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།

གནའ་དེང་རིག་གཞུང་འབུམ་སྡེའི་དགོངས་དོན་ཀུན།། 

དྲི་མེད་རྣམ་དཔྱོད་གོམ་པའི་སྟོབས་གཅིག་གིས།།

འབད་མེད་གཞལ་བའི་ངོ་མཚར་གྲགས་སྙན་གཏམ།།

གོ་ལའི་ཁྱོན་ཀུན་ཁྱབ་པའི་བཀྲ་ཤིས་ཤོག། 

            ཅེས་མ་ཡུམ་སློབ་གླིང་གངས་རིའི་རྒྱན་དུ་འཁྲུངས་ནས་བགྲང་བྱ་ཉེར་གཅིག་ལོན་པའི་གནམ་ལོ་གསར་ཚེས་ཀྱི་དུས་བཟང་ལ། སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་ངག་དབང་ཤེས་རབ་ཀྱིས་ཁམས་ཆབ་མདོ་ནས་ཕུལ།   ༢༠༡༦.༡.༡

གནམ་ལོ་གསར་བའི་ནང་མ་ཡུམ་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། ཅི་བསམ་ཆོས་བཞིན་འགྲུབ་པར་ཤོག         བཀྲ་ཤིས་བདེ་ལེགས།      རྨ་བློ་བཟང་གིས།

               སྐབས་བཅོ་བརྒྱད་པ།    རྨ་ཆུའི་དངུལ་རྭའི་གཉན་ཐོག་དགོན།

དད་འདུན་གཙང་མའི་མཆོད་པ།

ཤེས་རིག་བཅུད་ཀྱིས་གསོས་པའི་དྲིན་ཆེན་རྗེ།།

ལང་ཚོའི་གཤོག་རྩལ་རྒྱས་སའི་ཤེས་རིག་གླིང་།།

བཀྲ་ཤིས་རྫོགས་ལྡན་གསར་བའི་དུས་བཟང་སྟེ།།

བདེ་ལེགས་འཛུམ་གྱིས་ཚེས་པའི་མེ་སྤྲེལ་ལོ།།

དད་འདུན་ལྷག་བསམ་གཙང་མའི་མཆོད་པ་འབུལ།།

སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་བུ་བསྟན་འཛིན་ཚེ་རིང་གིས་རྭ་རྒྱ་ནས་ཕུལ་བ་ལ་དགེའོ།།

སེམས་ཀྱི་དྲོད་ཁོལ་གཉིས་པ།

སློབ་དཔོན།

རི་བོ་ཕྲེང་ལྟར་སྦྲེལ་བའི་འགྱིང་སྟབས་ཀྱི་དབུས་ན།།

བརྗིད་ཆགས་འོད་སྟོང་འཕྲོ་བའི་ཤེས་རིག་གི་གླིང་ནས།།

ཀ་ཁའི་དབྱངས་རྟ་སྙན་མོ་སྤྲོ་སྐྱིད་ངང་བསུས་པས།།

མི་ཚེ་ཞིག་གི་གཞིས་ཁྱིམ་གཉིས་པ་རུ་བགྲང་བཞིན།།

ཕྱི་མིག་འཁྲེང་ཞེན་ཁྲོད་ནས་ཁ་གཡང་ཞིག་འབུལ་ལོ།།

སློབ་དཔོན།

མཛད་འཕྲིན་གོ་ལར་ཁྱབ་པའི་དཔའ་བོ་ཡི་ཁྱུ་མཆོག།

བྱམས་བརྩེའི་ལྷག་བསམ་དཀར་བོའི་དྲོད་ཁོལ་གྱི་ཀློང་ནས།།

སྐུ་ཡི་ལང་ཚོའི་མེ་ཏོག་ཕངས་མེད་གནང་བས།།

མི་ཚེ་ཞིག་གི་ཕ་མ་གཉིས་པ་རུ་བགྲང་བཞིན།།

དད་པའི་མེ་ལོང་ཁྲོད་ནས་ཁ་གཡང་ཞིག་འབུལ་ལོ།།

སློབ་གྲོགས།

རིག་ཞེན་ལ་རྒྱ་ཆེ་བ་གདོང་ལྔ་བའི་དཔུང་ཚོགས།།

བརྩོན་པའི་ཆུ་རྒྱུན་རྨ་ཀླུང་བུ་མོ་དང་འགྲོགས་ནས།།

ཤེས་བྱའི་བདུད་རྩི་ཀུ་རེ་དགོད་སྒྲའི་རྩེར་མཆོད་པས།།

མི་ཚེ་ཞིག་གི་སྲོག་སྤུན་གཉིས་པ་རུ་བགྲང་བཞིན།།

བརྩེ་བའི་འཛུམ་མདངས་ཁྲོད་ནས་ཁ་གཡང་ཞིག་འབུལ་ལོ།།

རེ་སྨོན།

སྙན་པའི་བ་དན་ལྷ་ལམ་ཡངས་པོ་རུ་འདྲེས་ཤོག།

ཉི་ཟླ་ཟུང་འདྲའི་འོད་ཟེར་བསྐལ་བའི་བར་འཚེར་ཤོག།

གཤིས་འཇམ་གྲོགས་ཀྱི་རླུང་རྟ་མེ་དཔུང་ལྟར་འབར་ཤོག།

འདོད་དོན་ཐམས་ཐད་་ཡར་ངོའི་ཟླ་བ་བཞིན་འཕེལ་ཤོག།

དགའ་སྤྲོའི་དཔུང་རྡང་ཁྲོད་ནས་ཁ་གཡང་ཞིག་འབུལ་ལོ།།

ཐེབ་པད་གྲོལ་གྱིས་ཉི་མ་བླ་བྲང་ནས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལོ་འཁོར་ཉི་ཤུ་རྩ་གཅིག་ལོན་པར་བཀྲ་ཤིས་སྨོན་འདུན་ཞིག་གི་ཚབ་ཏུ་གུས་པས་ཕུལ་བའོ།།

༢༠༡༦་༡་༢ཉིན།


 སེམས་ཀྱི་མར་མེ། 

གངས་རི--ཤེས་རབ་ཉི་མ་འམ་དབྱངས་རྫི།

འཇིཊ་མེད་ལྷག་བསམ་གངས་ཀྱི་རི་ངོས་སུ།།

རྣམ་དག་ཚུལ་ཁྲིམས་ལྗོན་པའི་དྲི་བསུང་འཐུལ།།

ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེར་སྒྲེང་མཁན།།

གདུལ་བྱ་རྒྱ་མཚོའི་མགོན་དེར་དང་བས་འདུད།།

འཆི་མེད་ལམ་ན་རྒྱུ་བའི་མཚན་མོའི་མགོན།།

རྨད་བྱུང་ཡོན་ཏན་ཆ་ཤས་ཀུན་ནས་རྫོགས།།

གཞན་ཕན་བདུད་རྩིའི་ཟེར་འོད་འབུམ་ཕྲག་སྤྲོ།།

བསྟན་འཛིན་རྒྱུ་སྐར་དབུས་ན་འོད་དུ་འཚེར།།

རིག་པའི་མེ་ཏོག་གཏོར་བའི་སྐྱེད་ཚལ་དུ།།

བརྩོན་ལྡན་རྐང་དྲུག་ཟེའུ་འབྲུའི་བཞིན་ལ་འཁུ།།

ལམ་སྟོན་སྒྲོན་མེ་གནང་བའི་སྐྱེས་ཆེན་གྱི།།

མཛད་འཕྲིན་འགྲན་པའི་ཟླ་དང་བྲལ་གྱུར་ཅིག།

༢༠༡༦.༢.༩ཉིན་ཁྲི་ཀའི་ཡུལ་གྱི་རང་ཤག་ཏུ་བྲིས།


ཤིས་ཚིག

 གསང་མིག་པ།     ༼  གཙང་དགོན་པ།༽

ལས་མཐུན་ཕུ་ནུ་སྙིང་གི་དབུས་ན་འཛུམ།།

དུང་བ་ཟབ་མོ་ལོ་ཆང་བཞིན་དུ་ལྟེམ།།

རྫོགས་ལྡན་གསར་དུ་ཚེས་པའི་དུས་བཟང་ལ།།

བཅོས་མིན་འབོད་པ་སྟོང་གི་ཁ་གཡང་བརྗོད།།

2016. 1. 1

མ་ཡུམ་པང་ནས་འཚར་ལོངས་བྱུང་སྟེ་ཕ་སའི་སྤྱི་ཚོགས་ཡུན་གྱིས་བརྒལ་ན།།

མ་ལོའི་བརྩེ་བ་ཤུགས་ཀྱིས་དྲན་ཞིང་ཐོན་མིའི་སློབ་གསོར་དད་པ་སྐྱེ་ཡོང་།།

མ་འོངས་ཁ་ཕྱོགས་མུན་པས་སྒྲིབ་ཀྱང་མ་རིག་དབང་གིས་མ་ཡུམ་མི་བརྗེད།།

མ་བུའི་བར་གྱི་དམིགས་ཡུལ་དག་མས་ཁ་བ་ཅན་ལ་ཁ་སེམས་མི་འབྲལ།།

སློབ་དཔོན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་སློབ་གྲྭའི་མདུན་ལམ་ཡངས་ཤིང་རིང་བ།།

སློབ་མ་ཡོངས་ཀྱི་ཤེས་རབ་འཕེལ་ཞིང་ཤེས་རིག་འགྲན་པའི་ཁོར་ཡུག་ལེགས་པ།།

སྤྱི་ཚོགས་བདེ་སྡུག་འགན་དུ་བཞེས་ནས་མི་རིགས་ཁྱད་ཆོས་དང་དུ་ལེན་པ།།

གོང་གི་སྲིད་དང་འོག་གི་འབངས་ལ་ཞབས་ཞུ་བསྐྲུན་པར་བཀའ་དྲིན་ཆེ་ཞུ།།

ལོ་རྙིང་ཁྲོད་ཀྱི་གྲུབ་འབྲས་བསགས་རྗེས་ལོ་གསར་ཐོག་མའི་ས་བོན་འདེབས་དུས།།

གནམ་ལོ་གསར་བ་བོད་ཀྱིས་ཚེས་ཤིང་རྟེན་འབྲེལ་ཐོག་མའི་ཁ་གཡང་སྒྲོག་སྐབས།།

སྲིད་འབྱོར་རིག་གསུམ་རིམ་གྱིས་དར་ཏེ་དགེ་བཅུའི་ལམ་ལ་ཀྱག་ཀྱོག་མེད་པར།།

ཆོལ་གསུམ་བོད་ཀྱི་ཆིག་སྒྲིལ་བར་ནས་གངས་ལྗོངས་ཤེས་རིག་དར་གྱུར་ཅིག།

ཅེས་སྐབས་བཞི་བའི་མཐར་ཕྱིན་སློབ་བུ་དྲུང་ཡིག་འཇམ་དབྱངས་བཀྲ་ཤིས་ཀྱིས་ལོ་གསར་བའི་ལེགས་སྐྱེས་སུ་མ་ཡུམ་སློབ་གྲྭར་གུས་ཕུལ།

   གནམ་ལོ་གསར་བའི་ནང་དུ་མ་ཡུམ་སློབ་གྲྭའི་བྱ་གཞག་ཐམས་ཅད་དབྱར་མཚོ་བཞིན་རྒྱས་ཏེ་སྐལ་ལྡན་གདུལ་བྱ་སྟོང་གི་དགོས་འདོད་ཡིད་བཞིན་དུ་འགྲུབ་ཅིང་། བཀའ་དྲིན་གཞལ་མཐའ་བྲལ་བའི ་སློབ་དཔོན་རྣམས་གཙོ་བྱས་པའི་མ་ཡུམ་སློབ་གྲྭའི་ལས་བཟོ་བ་དང་།མཐར་ཕྱིན་པ་དང་མ་ཕྱིན་པའི་སློབ་མ་ཡོངས་ཀྱི་མཛད་འཕྲིན་ཕྱོགས་བཅུར་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདི་ཁ་གཡང་ཙམ་མ་ཡིན་པར་སྨོན་པ་དོན་དུ་སྨིན་པའི་གསོལ་བ་འདེབས།

བན་ཤུལ་འབྲུག་ལྷ་རྒྱལ་གྱིས།

 

སེམས་ཀྱི་སྨོན་འདུན།

ལོ་རྙིང་ཕར་ལ་བསྐྱལ་སོང་།།

ལོ་སར་ཚུར་ལ་བསུས་བྱུང་།།

བཀྲ་ཤིས་ལོ་ཡག་འདི་ལ།།

རྒན་ལ་ཚེ་ཐག་རིང་ཤོག།

གཞོན་ལ་འདབ་ལག་རྒྱས་ཤོག།

ལོ་ཕྱུགས་རྟག་ཏུ་འཕེལ་ཤོག།

འཇིག་རྟེན་བདེ་ཞིང་དར་བར།།

བཀྲ་ཤིས་སྨོན་འདུན་ཞུའོ།།

ཤིང་ལུག་ཕར་ལ་བསྐྱལ་སོང་།།

མེ་སྤྲེལ་ཚུར་ལ་བསུས་བྱུང་།།

བསྐལ་བ་བཟང་བོ་འདི་ལ།།

རིག་གནས་ཆུ་གཏེར་རྒྱས་ཤོག།

དཔལ་འབྱོར་མེ་ལྕེ་འབར་ཤོག།

རང་དབང་འཚོ་བ་དར་ཤོག།

འཛམ་གླིང་ཞི་བདེ་ཡོང་བར།།

བཀྲ་ཤིས་སྨོན་འདུན་ཞུའོ།།

རེ་སྒུག་ཕར་ལ་བསྐྱལ་སོང་།།

སྨོན་འདུན་ཚུར་ལ་བསུས་བྱུང་།།

རྟེན་འབྲེལ་འཛོམས་པོ་འདི་ལ།།

སྒང་བ་བོད་པ་མཐུན་ཤོག།

ཁ་རྗེ་དབང་ཐང་རྒྱས་ཤོག།

གཞིས་བྱེས་ལྷན་དུ་འཛོམས་ཤོག།

གངས་ལ་ཉི་མ་ཤར་བར།།

བཀྲ་ཤིས་སྨོན་འདུན་ཞུའོོ།།

༢༠༡༦ལོར་བོད་ཟླ༡ཚེས༡ཉིན་ཡ་རུ་བསྟན་འཛིན་རྒྱ་མཚོའམ་སྨྱུག་མིང་ལ་མཛོད་ཁྱུང་སྲས་སུ་འབོད་པས་མདོ་སྨད་ཤར་ལྷོའི་ཆར་གཏོགས་གསང་ཆེན་རིག་པ་འཛིན་པའི་སྒྲུབ་སྡེ་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་ནས་སྦྱར་བའོ།།

ལོ་སར་ཤིས་ཚིག

བཀྲ་ཤིས་དགེ་བའི་བཤེས་གཉེན་རི་རབ་རྩེ་ཡི་ཉི་ཟླ་དང་།།  

བཀྲ་ཤིས་གསུང་གི་སྙིང་བོ་རྒྱ་མཚོའི་གཏིང་གི་ནོར་བུ་སྟེ།།

བཀྲ་ཤིས་རྡོ་རྗེ་སྤུན་དག་རིན་ཆེན་སྨན་གྱི་ལྗོན་བཟང་འདྲ།།

བཀྲ་ཤིས་མ་ཡུམ་སློབ་གླིང་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།

༢༠༡༦ལོའི་གནམ་ལོ་གསར་ཚེས་ལ་ཉི་ཧོང་རྒྱལ་ཁབ་ཀྱི་ཤིས་རཱོ་ཞིས་མ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བྱ་གཞུང་ལྷ་རྒྱལ་འབུམ་གྱིས་གུས་པས་ཕུལ།

བཀྲ་ཤིས་འོད་ཀྱི་སྣང་བ་མཁའ་རུ་འཕྱོ།།

བདེ་ལེགས་མཆོད་པའི་མེ་ཏོག་ལྷུག་ལྷུག་དགོད།།

ཞུ་འཕྲིན་ངག་གི་དབྱངས་རྟ་ལྷོད་ཀྱིས་གྱེར།།

གནམ་ལོ་གསར་པའི་ཕྱྭ་གཡང་འཁོར་བར་ཤོག།

མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་ལས་སློབ་མ་ཡོངས་ལ་གནམ་ལོ་གསར་པའི་ནང་ནད་མེད་ཚེ་རིང་ལོ་བརྒྱ་དང་རླབས་ཆེན་གྱི་བྱ་བཞག་ཐམས་ཅད་ཡིད་བཞིན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཀྱི་འཚམས་འདྲིའི་དོད་དུ་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་དབང་ཆེན་རྡོ་རྗེ་རུ་འབོད་པས་འཕགས་ཡུལ་ཀཱ་ཤའི་གྲོང་ནས་ཕུལ།།

ལོ་སར་ཤིས་ཚིག

ཤེས་རིག་དབེན་པའི་ལུང་ཅོག་འདི་ཡིས།།

ང་དང་ང་འདྲའི་ན་ཟླ་དག་གི།

མུན་པའི་ཞྭ་མོ་མགོ་ནས་འཕུད་མཁན།།

མགོན་དགེའི་བཤེས་གཉེན་རྣམ་ལྔའི་ཞལ་གསུངས།།

སེམས་ཀྱི་དྲན་ཤིང་སོར་བཅུས་མཆོད་དོ།།

ཞེས་སྤྱི་ལོ་མེ་ཕོ་སྤྲེལ་གཉིས་སྟོང་བརྒྱ་མེད་བཅུ་དྲུག་བོད་ཟླ་དང་པའི་ཚེས་གསུམ་གྱི་མཚན་མོར་སློབ་མའི་གྲལ་མཐའ་བ་སྐབས་བཞི་བའི་སློབ་མིང་བ་བསོད་ནམས་ཚེ་རིང་གིས་མགོན་དགེ་བའི་བཤེས་གཉེན་རྣམ་གཙོ་བྱས་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་ང་བོད་པ་ཞིག་ཡིན་འོ་ཉམས་པ་དག་ལ་གནམ་ལོ་གསར་པའི་ནང་ནད་མེད་ཚེ་རིང་ལོ་བརྒྱ་ཅི་བསམ་ལྷུན་གྱིས་འགྲུབ་ཞིང་མཛད་འཕྲིན་ཕྱོགས་ཀུན་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ་ཞུ་ལགས།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མེ་སྤྲེལ་ལོའི་ལོ་སར་ཤིས་ཚིག   སྤེལ་མཁན།: རིན་ཆེན་རྡོ་རྗེ། སྤེལ་དུས:2016/2/12
🎈བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། བསམ་པ་བཟང་བ་དག་ལ་འབད་པར་འཚལ།།🙏🏼🙏🏼🙏🏼🙏🏼🙏🏼🙏🏼🙏🏼
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23479104
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།