སྐུ་གཞོགས་ཆེན་མོྋཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »སྐུ་གཞོགས་ཆེན་མོྋཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟ
སྐུ་གཞོགས་ཆེན་མོྋཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-07ལྟ་ཀློག (5265)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།རེབ་གོང་སྐུ་གཞོགས་ཆེན་མོྋཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས། 

       རེབ་གོང་སྐུ་གཞོགས་ཆེན་མོྋཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་ནི། མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཆར་གཏོགས་མགར་རྩེ་ཉིན་ནམ་ཨ་བུར་དུ་གྲགས་པའི་འབྲོག་སྡེ་ཁམ་མདངས་ཞེས་པར་མགར་གྱི་རིགས་ལས་མཆེད་པའི་ཨ་བུར་ནང་སོའམ་པེ་ཧུའི་རྒྱུད་ལས་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་བྱི་སྟེ་སྤྱི་ལོ༡༨༨༨ལོར་འཁྲུངས་པ་ཡིན་ཞིང་།དམ་པ་འདི་ཉིད་ཐུན་མོང་མ་ཡིན་པའི་ངོ་བོར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དང་། གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་སངས་རྒྱས་བསྐྱངས། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བོ་དུང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྗེ་དྲུང་མཁས་གྲུབ་བསམ་གཏན་རིན་ཆེན། རོང་སྟོན་མཁན་ཆེན་བློ་བཟང་གྲགས་པ། མགར་རྩེ་ཆོས་རྗེ་ཤེས་རབ་ཉི་མ། གྲུབ་པའི་གཙུག་རྒྱན་རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོ་རྣམས་ཀྱི་སྤྲུལ་བ་ཡིན་པར་བཤད་ལ།

     ཡོངས་གྲགས་སུ་རྗེ་འདིའི་སྐུ་ཕྲེང་དང་བོ་ནི་རབ་འབྱམས་གཞུང་བརྒྱའི་མངའ་བདག་ཨ་རོལ་གྲགས་པ་རྒྱ་མཚོ་དང་།གཉིས་པ་ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་བློ་བཟང་ལུང་རིགས་རྒྱ་མཚོ།གསུམ་པ་ཡོངས་རྫོགས་བསྟན་པའི་བདག་པོ་རྡོ་རྗེ་འཆང་འདི་ཉིད་ཡིན་ནོ། །མཆོག་སྤྲུལ་འདི་ཉིད་འཁྲུངས་མ་ཐག་ནས་ཙོག་པུར་སྤྱན་ཕྱེ་ཞིང་འཛུམ་དང་བཅས་བཞུགས་པ་སོགས་ཡ་མཚན་པའི་སྤྱོད་པ་ཕལ་བའི་ངང་ཚུལ་ལས་འདས་པ་བྱུང་།དེའི་ཚེ་ཡབ་ཀྱིས་ཡི་དམ་སྐྱབས་ཞེས་མཚན་གསོལ།སྐུ་ན་ཕྲ་མོའི་དུས་ཀྱི་རྩེད་འཇོའང་རི་ཁྲོད་འདེབས་པ་དང་ལྷ་ཁང་བཞེངས་པ།མཆོད་པ་འབུལ་བ།ཕྱག་གཉིས་མཉམ་བཞག་མཛད་དེ་ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ།གྲོགས་ཀྱི་བྱིས་པ་རྣམས་ལ་ཆོས་འཆད་པ་དང་།ཕྱག་དབང་འཇོག་པ།བུམ་ཆུ་གཏོར་བའི་རྣམ་པ་སོགས་རིང་ནས་ལེགས་མཛད་དེ་དག་ལ་གོམས་པའི་དན་རྟགས་སྐྱེས་ཆེན་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ་བ་དང་། ཕྱིའི་འབྱུང་གི་རྟེན་འབྲེལ་གྱི་སྣང་བ་མངོན་དུ་གྱུར་པ་མང་དུ་མཛད། གཞན་ཡང་ཁོང་ལ་སྐུ་མཆེད་༧ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་མར་ནང་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་དཔལ་བཟང་བོ་འཁྲུངས་ཤིང་། སྐུ་སྲིང་གསུམ་བཅས་མིང་སྲིང་ལྔ་ཡོད་པར་གྲགས། ཁོང་རིན་པོ་ཆེ་དགུང་ལོ་གསུམ་གྱི་སྟེང་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པན་ཡོངས་འཛིན་ཞྭ་དམར་བ་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་དཔལ་རྡོ་རྗེ་འཇིགས་བྱེད་དང་མི་གཉིས་པ་གྲུབ་པའི་དབང་ཕྱུག་ཆེན་པོྋརྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་རྣམ་གཉིས་ཀྱི་ལུང་བཞིན་གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་དྲུག་པ་ཆེན་པོ་ཤར་ཐམས་ཅད་མཁྱེན་པྋརྗེ་བཙུན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྗེ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་ཡང་སྲིད་དུ་ཐུགས་ཐག་བཅད།དགུང་ལོ་ལྔའི་སྟེང་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རབ་འབྱམས་པ་བློ་བཟང་དར་རྒྱས་ཡོངས་འཛིན་དུ་བསྟེན་ཏེ།དབྱངས་དང་གསལ་བྱེད་ཀྱི་ཡི་གེ་སྦྱོར་ཀློག་དང་མགོ་སྐྱབས་འགྲོ་ནས་བཟུང་འདོན་ཆ་ཡོངས་རྫོགས་ཐུགས་འཛིན་མཛད་པར་དཀའ་ཚེགས་ཅུང་ཟད་ཀྱང་མེད་པར་ཐུགས་སུ་ཆུད།དགུང་ལོ་བདུན་པའི་སྟེངྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྤྱན་སྔར།བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ།ལོ་དེར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་ཁྲིར་མངའ་གསོལ་ཞིང་།མཁས་གྲུབ་བྱེ་བའི་བསྟི་གནས་རོང་དགོན་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་གྲྭར་གསར་ཞུགས་མཛད་དེ་དགུང་གྲངས་ཉེར་བཞིའི་བར་དུ་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔའི་སྤྱི་དོན་དང་མཐའ་དཔྱོད་ཀྱི་སྟེང་དཔེ་ཁྲིད་ཞིབ་རྒྱས་དང་རྩོད་པ།དོགས་གཅོད།ཐུགས་འཛིན།སྐྱོར་སྦྱངས་སོགས་སློབ་གཉེར་ཤིན་ཏུ་དམར་བ་མཛད་པས་མཁས་དགུའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས།ཐུགས་རབ་ཤིན་ཏུ་ཆེ་བ་དཔེར་ན་སྔ་དྲོ་རེ་ལ་ལེགས་བཤད་སྙིང་བོའི་དཔེ་ཆ་མདའ་ཚན་མ་གསུམ་རེ་སྐྱོར་ཚར་ལྔ་དྲུག་ཙམ་གནང་ན་ཐུགས་ཐོག་ནས་ཤར་མར་འགྲོ་བ་དང་།གང་ཟིན་གཏན་ནས་བསྙེལ་དུ་མེད་པས་གཟུངས་སྤོབས་ཤེས་རབ་ཀྱི་གཏེར་ལ་དབང་འབྱོར་བའི་རང་རྟགས་མངོན་དུ་གསལ།ཞོར་དུ་སུམ་རྟགས་དག་གསུམ་དང་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་བའི་རིག་གནས་མཐའ་དག་ལའང་སྦྱངས་པ་མཐར་ཕྱིན་པ་གནང་།གཞན་ཡང་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་ལས་གསང་སྔགས་རྒྱུད་སྡེ་བཞིའི་ལམ་གྱི་གནད་སྤྱི་དང་བྱེ་བྲག་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་ཐིག་དང་ཕྱག་རྒྱ།གར་དང་རོལ་མོ་འབུད་དཀྲོལ་རྡུང་གསུམ་ཚུན་ཆད་ཀྱི་ཕྱག་ལེན་དང་།ཞིབ་ཆ་རྣམས་སོ་སོར་མ་འདྲེས་པར་བཤེས་གཉེན་མཁས་པའི་མདུན་སར་ཞིབ་ཁྲིད་དང་བརྡར་ཤ་ཆོད་པའི་སྦྱང་བ་གཏིང་ཕྱིན་པར་མཛད་པ་སོགས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མཐའ་དག་ཐོས་ཙམ་དང་སྦྱངས་ཙམ་མ་ཡིན་པར།ལུང་དང་རིགས་པའི་ལམ་ནས་ཐོས་བསམ་གྱི་སྒྲོ་འདོགས་ལྷག་ལུས་མེད་པར་བཅད་དེ་མཁས་དགུའི་གཙུག་རྒྱན་དམ་པར་གྱུར།

          དགུང་ལོ་ཉེར་གཅིག་པ་ས་སྤྲེལ་ཏེ་སྤྱི་ལོ་༡༩༠༨ལའི་ས་གའི་བཅུ་གཅིག་ཉིན་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་གནང་སྟེ་བརྟན་མཁས་གཉིས་ལྡན་གྱི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་ལེགས་པར་མནོས།  ལོ་སྔ་ཕྱི་དེ་དག་གི་སྐབས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་རིགས་ཀྱི་ཅོད་པན་ཡོངས་འཛིན་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་ཤར་སྐྱབས་མགོན་དྲུག་པ་རིན་པོ་ཆེ་རྗེ་བཙུན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་གྲུབ་པའི་དབང་ཕྱུག་རྗེ་འཇིགས་མེད་བསམ་གཏན།   སྐྱབས་མཆོག་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས། རོང་བོའི་ཁྲི་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། སྙན་བརྒྱུད་གདམས་པའི་མངའ་བདག་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ།  ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་མཁས་གྲུབ་དམ་པ་བཅུ་ཕྲག་ལྷག་གི་ཞབས་པད་ཚུལ་བཞིན་བསྟེན་ཏེ།  སྡེ་སྣོད་གསུམ།.རྒྱུད་སྡེ་བཞི་ཐུན་མོང་རིག་གནས་དང་བཅས་པའི་དགོངས་དོན་ཐོས་པས་མཐའ་རྒྱ་བཅད།  བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བཞེས་ཏེ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་དང་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་རྒྱལ་བ་བློ་བཟང་གྲགས་པའི་མདོ་སྔགས་ཆོས་ཚུལ་དྲི་བྲལ་གསེར་སྦྱངས་བཙོ་མ་ལྟ་བུ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད།   གཞན་ཡང་།  རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་ལྗགས་ལུང་གི་རྒྱུན་གང་བཞུགས་དང་།  རྗེ་ཡབ་སྲས་གསུམ་དང་རྒྱལ་དབང་པཎ་ཆེན་སྐུ་ཕྲེང་རིམ་བྱོན།  ས་སྐྱ་གོང་མ་རྣམ་ལྔ་སོགས་གྲུབ་མཐའ་རིས་མེད་ཀྱི་སྔོན་བྱོན་མཁས་པའི་དབང་བོ་ཚད་མར་གྱུར་བ་མཐའ་དག་གི་གསུང་འབུམ་གྱི་ལུང་རྒྱུན་གང་བཞུགས་དང་།  བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཆེན་བརྒྱད་དུ་གྲགས་པ་སོགས་དེང་སྐབས་མདོ་དབུས་ཁམས་གསུམ་ན་དབང་ལུང་ཁྲིད་གསུམ་མན་ངག་སྙན་བརྒྱུད་གདམས་པ་བར་མ་ཆད་པ་གང་བཞུགས་ཐམས་ཅད་སྐུ་ངལ་ལ་མ་བལྟས་པར་རྩོལ་བ་ཤུགས་དྲགས་པོས་གསན་བཞེས་མཛད་པས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་།  མན་ངག་རྒྱ་མཚོའི་གཏེར་ལ་མངའ་བསྒྱུར་བའི་ཆོས་ཀྱི་རྒྱལ་བོ་ཆེན་པོར་གྱུར་ཏོ། །  དེ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་ཀློང་དུ་བརྡོལ་ཏེ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དུ་གྱུར་ཀྱང་ཆེར་རློམ་དྲེགས་པའི་དྲི་ཙམ་ཡང་མི་མངའ་ཞིང་ཞི་དུལ་རྨད་བྱུང་རྣམ་ཐར་གཙང་མ་ལས་མི་འདའ་བར་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བསུང་ཕྱོགས་བཅུར་ཁྱབ་པའི་འདུལ་འཛིན་ཆེན་པོ་ལགས།  དགུང་གྲངས་ཉེར་ལྔ་བ་ཆུ་བིྱ་སྟེ་སྤྱི་ལོ་༡༩༡༢ལོར་རོང་བོ་དགོན་ཆེན་གྱི་གསེར་ཁྲིར་མངའ་གསོལ་མཛད་དེ་བགྲང་བྱ་གསུམ་གྱི་རིང་འཆད་ཉན་འགྲིག་ཁྲིམས་སོགས་ཤིན་ཏུ་དམར་བོར་བསྐྱངས།  དགུང་གྲངས་ཉེར་བརྒྱད་པ་ཤིང་ཡོས་ཏེ་སྤྱི་ལོ་༡༩༡༥ལོར་སྐྱབས་མགོན་དྲུག་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས།  རྡོ་རྗེ་འཆང་འདི་ཉིད་རོང་བོ་དགོན་ཆེན་དུ་སྐྱབས་མགོན་ཐམས་ཅད་མཁྱེན་པའི་རྒྱལ་ཚབ་ཏུ་བཞུགས་ཏེ།  སྐྱབས་མགོན་བདུན་པ་ཆེན་པོ་གདན་སར་ཕེབས་པའི་བར་དགོན་ཆེན་གཙོ་བྱས་སྒྲུབ་སྡེ་ལྷ་འབངས་དང་བཅས་པའི་ཆོས་སྲིད་ཀྱི་བྱ་བ་སྤྱིའི་འགན་ཅི་ལྕོགས་ཀྱིས་བཞེས་ཤིང་། ལྷག་པར་ཡང་སྲིད་རིན་པོ་ཆེ་རྩད་གཅོད་དང་བརྟག་ཞུ། མཚན་འབུལ། གདན་ས་ཆེན་པོར་ཞབས་པད་འཁོད་པ་སོགས་ཀྱི་བྱ་བའི་གདུང་ཕྲག་ཏུ་བཞེས། དེ་ནས་དགུང་གྲངས་སོ་ལྔའི་བར་རེབ་གོང་ཕྱོགས་ཀྱི་དགོན་སྡེ་ཆེ་ཆུང་ཤིན་ཏུ་མང་བོར་ཕེབས་ཏེ་དབང་ལུང་བཀའ་ཆོས་མཐའ་ཡས་པ་བསྩལ་ཏེ་དད་ལྡན་འགྲོ་བ་ཀུན་ལ་ཐར་བའི་ས་བོན་བསྐྲུན། དགུང་གྲངས་སོ་དྲུག་བཞེས་པ་ཆུ་ཕག་སྟེ་སྤྱི་ལོ ༡༩༢༣ལོར་ཨ་ཚོགས་དཔོན་པོས་དགོན་པ་གསར་འདེབས་ཀྱི་མཐུན་རྐྱེན་དུ་རྟ་ཆེན་བརྒྱ་དང་ལུག་ཆིག་སྟོང་སྦྱར་འོག  དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་མདོ་སྨད་རྫོང་བཞིའི་ཡང་རྩེ་གནས་ཆེན་ཙ་རི་དང་བྱིན་རླབས་མཉམ་པའི་གནས་མཆོག་སྐྱིད་པོ་བྲག་དཀར་སྤྲེལ་རྫོང་དུ་ཆོས་སྡེ་ཆེན་པོ་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་མཛད་པའི་འགོ་ཚུགས། ཐོག་མའི་དུས་ལ་དགོན་པའི་མཚན་དུ་བདེ་ཆེན་ལྷུན་གྲུབ་ཆོས་རྫོང་ཞེས་གསོལ་བར་གྲགས། མེ་སྟག་སྟེ་སྤྱི་ལོ༡༩༢༦ལོར་དགོན་དེར་གཞི་གསུམ་གྱི་ཕྱག་ལེན་ཕྲ་ཞིབ་དང་འགྲིག་ལམ་གསར་འཛུགས་གནང་། དགུང་གྲངས་ཞེ་གཉིས་པ་ས་སྦྲུལ་ཏེ་སྤྱི་ལོ་༡༩༢༩ལོར་དགོན་དེར་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གྱི་སྲོལ་བཙུགས། དགུང་གྲངས་ལྔ་བཅུ་བ་མེ་གླང་སྟེ་སྤྱི་ལོ༡༩༣༧ལོར་དབུས་གཙང་ཆོས་ཀྱི་དགའ་ཚལ་དུ་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་གཙོས་རྟེན་གཙོ་རྣམས་ལ་མཆོད་འབུལ་རྒྱ་ཆེན་གནང་ཞིང་། གདན་ས་ཆེན་པོ་བཞི་དང་རྒྱུད་གྲྭ་རྣམ་གཉིས་གཙོས་ཆོས་སྡེ་ཁག་གི་དགེ་འདུན་པ་རེ་རེའི་ཕྱག་ཏུ་བོད་དངུལ་སྲང་གང་དང་ཞོ་ལྔ་རེའི་སྐུ་འགྱེད་ཕུལ་བ་སོགས་བསྙེན་བཀུར་རྒྱ་ཆེན་བྱས། དེ་དུས་ཀྱི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་ནས་རྗེ་ཉིད་ལ་མཁན་པོ་ནོ་མོན་ཧན་གྱི་ཆོ་ལོ་གནང་སྟེ་ལུགས་གཉིས་ཀྱི་གཟིགས་སྐྱོང་རྒྱ་ཆེན་ཐོབ། ས་སྟག་ལོར་ཕྱིར་རང་དགོན་དུ་ཕེབས་རྗེས་རྟེན་གཙོ་ཁག་ལ་མཆོད་འབུལ་དང་དགེ་འདུན་ལྔ་བརྒྱ་ཙམ་བཞུགས་པ་ལ་སྣམ་ཕྲུག་རྩེར་སོན་གྱི་ཟླ་གམ་རེ་སྐུ་འགྱེད་དུ་ཕུལ། དགུང་གྲངས་ང་གཉིས་པ་ས་ཡོས་ཏེ་སྤྱི་ལོ༡༩༣༩ལོར་རོང་བོ་དགོན་ཆེན་དུ་རྟེན་གཙོ་ཁག་ལ་སྙན་དར་མར་མེ་སྟོང་འབུལ་སོགས་མཆོད་སྤྲིན་རྒྱ་ཆེན་ཕུལ་བ་དང་གྲྭ་ཚང་གསུམ་གྱི་དགེ་འདུན་ཆིག་སྟོང་ལྷག་དང་རི་ཁྲོད་པ་ཉིས་བརྒྱ་ལྷག་ལ་སྣམ་ཕྲུག་རྩེར་སོན་གྱི་གོང་སྣམ་རེ་སྐུ་དགྱེད་དུ་ཕུལ། དགུང་གྲངས་ང་གསུམ་པ་ལྕགས་འབྲུག་སྟེ་སྤྱི་ལོ༡༩༤༠ལོར་སྤྲེལ་རྫོང་དགོན་འདིའི་གཞུང་ཆེན་པོ་ཏི་ལྔའི་འཆད་ཉན་ཡིག་ཆ་སྒོ་མང་ལྟར་མཛད་རྒྱུ་བྱས་ཤིང་། ལོར་དེར་༼རྨད་བྱུང་ཐོས་བསམ་ཡོན་དར་རྒྱས་གླིང་གི་བཅའ་ཁྲིམས་གསེར་གྱི་ཕྲེང་མཛེས༽ཞེས་བྱ་བའི་བཅའ་ཡིག་ཆེན་མོ་ལྗགས་རྩོམ་གནང་བ་དང་རྟེན་བཞེངས་མང་དུ་མཛད། 

      དགུང་གྲངས་རེ་བདུན་པ་ཤིང་རྟ་སྟེ་སྤྱི་ལོ༡༩༥༤ལོར། འཇམ་མགོན་བསྟན་པའི་འབྱུང་གནས་སྐུ་འབུམ་གཞུང་ནས་ནན་ཞུས་མཛད་པ་ལྟར་བྱམས་པ་གླིང་གི་མཁན་པོར་བཞུགས་ནས་ལོ་གསུམ་གྱི་རིང་དགེ་འདུན་ཚོགས་པ་ཉིས་སྟོང་བརྒལ་པར་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་ལེགས་པར་བསྐྱངས། ཡུལ་ཕྱོགས་སོ་སོའི་འདོད་མོས་ལྟར་སྐུ་ཚེ་གང་བོར་དུས་འཁོར་དབང་ཆེན་ཉེར་བདུན་གསུངས་པ་དང་། ཐུགས་རྗེ་ཆེན་པོའི་དབང་ཆེན་ཡང་གང་མང་གནང་མྱོང་། མདོ་དབུས་གཉིས་སུ་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་ལ་བརྟེན་ནས་སྙན་པའི་གྲགས་པ་གངས་ལྗོངས་ཡོངས་སུ་ཁྱབ། ལེགས་བཤད་ཀྱི་བགོ་སྐལ་མང་དུ་བསྩལ་ནས་ཤེས་རིག་དྲིན་གྱིས་བསྐྱངས་པའི་སློབ་བུའི་གདུལ་བྱ་ཡང་ཧ་ཅང་རྒྱས་ཏེ། མདོ་སྨད་ལྷོ་བྱང་གི་ཆར་འཁོད་པའི་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྤྲུལ་སྐུ་ཡོད་ཚད་དང་། བཀའ་རབས་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དུས་ཐོག་དེར་བྱོན་པ་ཕལ་ཆེར་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་བས་དེ་དག་གི་མཚན་རེ་རེ་བཞིན་ཞིབ་ཏུ་འགོད་མི་ནུས་སོ། །རྩོམ་པའི་ཡོན་ཏན་རྩལ་དུ་རྫོགས་པས་མདོ་རྒྱུད་གང་གི་དགོངས་འགྲེལ་རྩོམ་དགོས་ནའང་ཆག་ཐོགས་མི་མངའ་མོད། སྔོན་བྱོན་མཁས་གྲུབ་དམ་པའི་བཀའ་འབུམ་རི་བོའི་གཏོས་དང་མཉམ་པ་དག་ས་རྡུལ་ཁྲོད་ན་འོ་བརྒྱལ་བར་གཟིགས་ནས་གསུང་རྩོམ་ཕོན་ཆེ་བ་མ་མཛད་ལ། འོན་ཀྱང་ལམ་རིམ་དམིགས་ཁྲིད་སོགས་འགའ་བཞུགས་པ་ནི་དམ་པའི་མན་ངག་གིས་བརྒྱན་ཅིང་། ཉམས་མྱོང་གི་གསུང་ལགས་གཤིས། གསུང་རབ་མཐའ་དག་གི་བརྗོད་བྱའི་གནད་འདུས་ཤིང་། གདུལ་བྱའི་རྒྱུད་འཁུལ་ཚབས་ཆེ་བ་སོགས་ཁྱད་ཆོས་བསམ་བརྗོད་ལས་འདས་པ་དང་། རྟོགས་བརྗོད་དང་གནས་བསྟོད། བསླབ་མགུར། འཁྲུངས་རབས་གསོལ་འདེབས་སོགས་ཐོར་བུ་འགའ་བཞུགས་པ་རྣམས་ཀྱང་དོན་གྱི་གནད་དང་ཚིག་གི་ཉམས་སོགས་ཆ་གང་ནས་བསམ་ཀྱང་འགྲན་ཟླ་བྲལ་བས་མཁས་པའི་ཡིད་འཕྲོག་ཅིང་། བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་པ་འབའ་ཞིག་ཡིན་ནོ། །  རྒྱལ་ཁབ་གསར་བ་དབུ་བརྙེས་རྗེས་ཁོང་རིན་པོ་ཆེས་སྔ་གཞུག་ཏུ་ཞིན་ཧེ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་སྲིད་ཀྱི་ལས་འགན་མཐོ་དམའ་མི་འདྲ་བ་མང་བོའི་འགན་བཞེས་མྱོང་། གཞན་ཡང་སྡེ་འཁྲུག་གྱོད་འདུམ་དང་དབུལ་བོར་སྦྱིན་པ་བཏང་བ་སོགས་སོ་སྐྱེ་ཕལ་བའི་བློ་ངོར་མི་ཤོང་བའི་མཛད་བཟང་ཕན་དོན་དཔག་ཡས་བསྐྱངས་ཏེ་རིས་མེད་འགྲོ་བ་ཡོངས་ཀྱི་དཔུང་གཉེན་ཆེན་པོར་བཞུགས་པ་ཡིན། མཐར་དགུང་གྲངས་དོན་གཅིག་པ་ས་ཁྱི་ལོའི༼༡༩༥༨.༡༡.༢༽དགུན་ཁར་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་སོ། །  ཞེས་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་ནས། སྤྱི་ལོ༢༠༠༠ལོའི་ཟླ་བཅུ་གཉིས་པར་བྲིས་པ་དགེའོ། །

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ་ཆོས་སྐྱོང་རྒྱལ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23654192
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།