བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།
བཛྲ་ཚུལ་ཁྲིམས་རྒྱ་མཚོས།
སྙིགས་མ་ལྔ་བདོའི་མུན་ནག་ཆེར་འཁྲུགས་ཀྱང་།།
དམ་ཆོས་ཉིན་བྱེད་སྣང་བའི་མདངས་བཀྲ་བ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
དྲིན་བྱས་དྲིན་དུ་མི་གོ་དུས་མཐར་ཡང་།།
ཕ་མའི་དྲིན་ལན་དྲན་པའི་སེམས་ལྡན་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
ཡོད་ཚད་རྒྱུ་ལ་བརྗེས་པའི་བར་གསེང་ན།།
གྲོགས་དང་གྲོགས་ལ་མཛའ་སེམས་མི་ལྷོད་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
འདོད་སྲེད་རླུང་དམར་གཡོ་བའི་གཡུལ་སར་ཡང་།།
ཆོས་ལ་བརྩོན་པའི་ཆོས་པ་མང་བཞུགས་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
དུག་རླངས་དབུགས་ལ་འཛུལ་བས་སྲོག་འཕྲོག་ཀྱང་།།
དྭངས་གཙང་མཁའ་དབུགས་རྔུབ་པའི་བསོད་ནམས་ཅན།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
ཕལ་ཆེར་རྣམ་ཤེས་བོར་བའི་དུས་འདིར་ཡང་།།
ཕྱི་ཡི་ལུས་ལ་ནང་གི་སེམས་ལྡན་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
འགྲན་རྩོད་ཁུར་གྱིས་ངལ་བའི་འཇིག་རྟེན་ན།།
ཞི་བདེས་སེམས་རྩ་སྣུམ་པས་ལྷོད་ཆགས་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
གཅིག་ལ་གཅིག་གནོད་བརྩོན་པའི་དུས་མཐར་ཡང་།།
བརྩེ་བ་སེམས་ལ་འཁྱིལ་བས་གདོང་འཛུམ་པ།།
གངས་རིའི་ལྗོངས་འདྲ་སྲིད་ན་ཆེས་དཀོན་པས།།
བདག་ནི་བོད་ལ་དགའ་བའི་བོད་པ་ཡིན།།
དུས་མཐའ་འདི་ལྟ་བུ་ལ་སྐྱོན་ཆ་མེད་པ་མིན་ཡང་བཟང་ཕྱོགས་མཐོང་རྒྱུ་མང་བས་དགའ་འོས་པར་སྣང་ངོ་།།ཞེས་ཤིང་མོ་ལུག་གི་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་བླ་བྲང་ནས་བྲིས་པའོ།།
རྩོམ་ཡིག་མཁོ་སྤྲོད་པ། གཉན་བུ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|