ནང་བསྟན་རྒྱུན་ཤེས། ༡༣
མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།
༡༤༣
དཀོན་མཆོག་གསུམ་ལ་མཆོད་པ་ལས་གང་ཕན་ཡོན་ཆེ།
ལན།
དགེ་འདུན་ལ་ཕན་ཡོན་ཆེ་སྟེ། སངས་རྒྱས་དང་ཆོས་ལ་མཆོད་པའི་ཕན་ཡོན་ལས་མཆོད་པ་དེ་བཞེས་པའི་ཕན་ཡོན་མི་འབྱུང་ལ་དགེ་འདུན་ལས་བཞེས་པའི་ཕན་ཡོན་ཡང་འབྱུང་བས་དགེ་འདུན་ཚོགས་གསོག་པའི་ཞིང་སའི་མཆོག་ཏུ་བསྔགས་པ་ཡིན་ནོ།
།
༡༤༤
སྟོང་མཆོད་ཅེས་པ་ཅི་ཞིག་གི་དོན་ཡིན།
ལན།
འབྱོར་བ་རབ་ལ་མེ་ཏོག་སོགས་བཅུ་གཉིས་པོ་སྟོང་སྟོང་ཚང་བའི་སྟོང་མཆོད་དང་།
འབྲིང་བརྒྱད་བརྒྱ་བའི་མཆོད་པ།
ཐ་མ་ཅི་འབྱོར་གྱི་མཆོད་པ་བྱེད་ཚུལ་གསུམ་བསྟན་པའི་དང་བོ་འབྱོར་རབ་གྱི་མཆོད་པ་ཡིན་ལ་དེ་ལ་ཕན་ཡོན་རྒྱ་ཆེན་པོ་འབྱུང་ངོ་།
།
༡༤༥
དགེ་བསྙེན་ཟེར་བ་ཅི་ཡིན་ནམ།
ལན།
དགེ་བསྙེན་ནི་རབ་ཏུ་བྱུང་མི་ཐུབ་ལ་དགེ་བ་བསྒྲུབ་འདོད་པའི་ཁྱིམ་པས་བླངས་པའི་སྡོམ་པ་ཞིག་ཡིན་ལ་དེ་རང་གི་ཆུང་མའམ་ཁྱོ་བོ་ལས་གཞན་དང་འགྲོགས་མི་ཆོག་ལ་སྲོག་མི་གཅོད་པ།
མི་ཆོས་བླ་མའི་རྫུན་མི་བྱེད་པ། རྐུ་མི་བྱེད་པ།
ཆང་མི་འཐུང་བ་བཅས་གྱི་སྡོམ་པ་ཞིག་ཡིན།
༡༤༥
ནང་བ་ཡིན་ན་རྒྱུ་ནོར་གསོག་མི་ཆོག་པ་ཡིན་ནམ།
ལན།
ནང་བའི་རབ་བྱུང་བས་རྒྱུ་ནོར་གསོག་མི་ཆོག་མོད་ཁྱིམ་པས་རྒྱུ་ནོར་གསོག་མི་ཆོག་པ་གཏན་ནས་མ་ཡིན་ཏེ་གསོག་ཚུལ་ཡང་མི་དགེ་བ་དང་མ་འདྲེས་པར་གསག་དགོས་ལ་རྒྱུ་ནོར་དེ་ཡང་དགེ་བའི་ཐད་ལ་འགྲོ་བ་སྟེ་སྤྱི་ཚོགས་བདེ་དགེའི་ཐད་དུ་གཏོང་དགོས་པ་ཡིན་ནོ།
།
༡༤༦
རྒྱུ་ནོར་ལ་སྲེད་པ་ཆེ་ན་ཆོག་གམ།
ལན།
སྲེད་པས་རྒྱུ་ནོར་བསྒྲུབ་ན་མི་དགེ་བར་འགྲོ་བས་གཞན་ལ་ཕན་པའི་ཆེད་དུ་བསྒྲུབ་སྙམ་པ་དགོས་སོ།
།
༡༤༧
སྐུ་གསུང་ཐུགས་གསུམ་གྱི་རྟེན་ཞེས་པ་གང་།
ལན།
དེ་ནི་དཀོན་མཆོག་གསུམ་མཆོད་པའི་ཚབ་ལྟ་བུ་སྟེ།
སངས་རྒྱས་ཀྱི་རྟེན་དུ་སངས་རྒྱས་ཀྱི་སྐུ་འདྲ་དང་། གསུང་གི་རྟེན་དུ་གསུང་རབ།
ཐུགས་ཀྱི་རྟེན་ལ་མཆོད་རྟེན་ལ་བྱེད་དོ། །
༡༤༨
འདྲ་སྐུ་ས་འདམ་སོགས་ཀྱིས་བཟོས་པ་ཡིན་པས་དེ་ལ་ཕྱག་འཚལ་བའི་དགོས་པ་གང་།
ལན།
འདྲ་སྐུ་ས་འདམ་སོགས་ཀྱིས་བཟོས་ནའང་།
དེ་ལ་ཕྱག་འཚལ་ན་སངས་རྒྱས་དངོས་ལ་ཕྱག་འཚལ་བའི་ཕན་ཡོན་འབྱུང་བའི་རྒྱུ་མཚན་གྱིས་ཡིན།
༡༤༩
མཆོད་རྟེན་ནི་ཅི་ཞིག་ཡིན་པ་དང་དེ་ལ་སྣ་ཁ་དུ་ཡོད།
ལན།
མཆོད་རྟེན་ནི་ཐུགས་ཀྱི་རྟེན་ཡིན་ལ་དེ་ལ་ཁང་བུ་བརྩེགས་པ་དང་།
རྒྱལ་མཚན་སྒྲེང་བ་ལྟ་བུ།
ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་གསུམ་ལས་ཚ་ཚ་འདི་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཡིན་ལ།
རྒྱལ་མཚན་སྒྲེང་བ་ནི་ད་ལྟ་རྒྱ་ནག་ན་ཡོད་པའི་རྒྱལ་མཚན་ལྟ་བུ་འདི་ཡིན་པར་གསུངས།
༡༥༠
ཚ་ཚ་ཞེས་པ་ཅི་ཡིན།
ལན།
འཇིམ་པ་ལས་སྐུ་དཔར་བ་ཆུང་བ་ལ་ཚ་ཚ་དང་ཆེ་བ་ལ་མཆོད་རྟེན་ཟེར་རོ། །
༡༥༡
ཚ་ཚ་བཞེངས་བ་ལ་ཕན་ཡོན་གང་འབྱུང་།
ལན། ཁང་བུ་བརྩེགས་པའི་མདོ་ཞེས་པ་ལས།
འཛམ་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཉན་ཐོས་དང་རང་རྒྱལ། ཕྱོགས་ཀྱི་དགེ་འདུན་མཆོད་པ་ལས་དེ་བཞིན་གཤེགས་པའི་སྐུ་བཞེངས་པ་ལ་ཕན་ཡོན་ཆེ་གསུངས།
༡༥༢
སྐུ་འབུམ་ཞེས་པ་ཅི། དེ་བཞེངས་པའི་ཕན་ཡོན་གང་།
ལན།
དེ་ཡང་ཚ་ཚ་དང་འདྲ་བར་སངས་རྒྱས་ཀྱི་སྐུ་དཔར་བ་ཡིན་ལ་ཕན་ཡོན་ཡང་དེ་དང་འདྲ་མོད།
མི་འདྲ་ས་ནི་འདི་ས་ཆུ་མེ་རླུང་བཞི་བོར་དཔར་ཆོག་པ་ཞིག་ཡིན་ནོ། །
༡༥༣
ལ་ལས་སྐུ་གསུང་ཐུགས་གསུམ་ཁང་བའི་མཛེས་རྒྱན་དུ་བཤམས་པ་དེ་བཟང་ངམ།
ལན།
མཛེས་ཆོས་དང་ཁང་བའི་རྒྱན་གྱི་ཆེད་དུ་སྐུ་གསུང་ཐུགས་གསུམ་བཤམས་ན་དགེ་བ་མེད་ལ་ལྷག་པར་མཐོང་ཆུང་དུ་སོང་བས་ཉེས་པ་གསག་ཉེན་ཆེའོ།
།རང་ཅག་རྣམས་ནི་ཚོགས་གསག་པའི་ཆེད་དུ་སྐུ་གསུང་ཐུགས་རྟེན་བཤམ་དགོས་པ་ཡིན་ལ་དེ་ལ་ཕན་ཡོན་ལྷག་པར་ཆེའོ།
།
༡༥༤
རྟེན་གསུམ་བཞེངས་པའི་དགོས་པ་གང་།
ལན།
བཞེངས་མཁན་དེ་ཉིད་ཀྱི་ཚོགས་རྫོགས་པ་ཙམ་དུ་མ་ཟད་སངས་རྒྱས་དངོས་སུ་མཇལ་བ་དང་བསྙེན་བཀུར་མ་ནུས་པ་རྣམས་ཀྱིས་ཀྱང་སྐུ་བརྙན་ལ་སོགས་པར་མཆོད་ན་སངས་རྒྱས་དངོས་ལ་མཆོད་པ་དང་ཁྱད་མེད་པས་བསོད་ནམས་འཐོབ་ཅིང་འབྲེལ་ཐོགས་པའི་དགོས་པ་ཤིན་ཏུ་ཆེའོ།
།
|