མཚོ་སྔོན་པོ་ལ་གནས་སྐོར་རྟོག་ཞིབ་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མཚོ་སྔོན་པོ་ལ་གནས་སྐོར་རྟོག་ཞིབ་བྱས་པ།
མཚོ་སྔོན་པོ་ལ་གནས་སྐོར་རྟོག་ཞིབ་བྱས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-02-04ལྟ་ཀློག (6040)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།མཚོ་སྔོན་པོ་ལ་གནས་སྐོར་རྟོག་ཞིབ་བྱས་པ།

རྩོམ་པ་བོ།   སྐུ་ཕྱོགས་ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོ།
དང་པོ།  ཉི་ཟླ་རི་བོའི་ལྟས་བཟང་།
སྤྱི་གཙུག་པད་མའི་གདན་ལ་ཉི་ཟླའི་སྐུ།།
སེམས་ཉིད་ཆོས་སྐུའི་ཀློང་ལ་ཉི་ཟླའི་འོད།།
ཙོང་ཁ་རི་བོའི་རྒྱུད་ལ་ཉི་ཟླའི་ཏོག །
ངག་རིག་དབྱངས་ཀྱི་སྨྲ་བརྗོད་ཉི་ཟླའི་གླུ།།
    སྤྱི་རྩིས་2015.7.16.ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་སྐུ་གཞོན་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གིས་གཙོ་མཛད།མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་འཚོལ་སྡུད་དང་ཁོར་ཡུག་སྲུང་སྐྱོབ་རྟོག་ཞིབ་ཚན་ཆུང་དང་མཉམ་དུ་ཉི་ཟླ་རི་བོར་བསྐྱོད། ན་ནིང་ང་ཚོ་ལྷན་དུ་རྨ་རྒྱལ་གངས་བསྐོར་ལ་བསྐྱོད་དེ་རི་ཆུའི་རིག་གནས་སྐོར་གྱི་རྟོག་ཞིབ་བྱས་ལ།ད་ལོ་ཡང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་ཞིབ་འཇུག་ཐེངས་གཅིག་བྱེད་པའི་སྐལ་བ་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་སྤྱི་ལེ་དགུ་བཅུས་ཆོད་པའི་ཉི་ཟླ་རི་བོ་ནས་འཛོམ། རྟ་ལོར་གངས་བསྐོར་དང་ལུག་ལོར་མཚོ་བསྐོར་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་གནས་སྐོར་ལོ་ཚིགས་གྲགས་ཆེན་གཉིས་ཡིན་ལ། སྤྲེའུ་ལོར་མདོ་སྨད་རྫོང་ཆེན་བཞིའི་ཡ་ཀྱལ་བྲག་དཀར་སྤྲེལ་རྫོང་ལ་གནས་སྐོར་བྱེད་པའང་ཡོངས་གྲགས་ཡིན། ལུག་ལོར་མཚོ་བསྐོར་བྱེད་པའི་རྒྱུ་མཚན་ནི། མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་ལོ་སྙིང་ནི་བསྐལ་བ་ལུག་དང་འབྱུང་བ་ཆུ་སྟེ་ཆུ་མོ་ལུག་གི་ལོ་ཡིན་ལ། དཔེར་ན། རྟ་ལོར་གངས་སྐོར་ཡིན་ཀྱང་གནས་མཆོག་ཁ་བ་དཀར་པོ་དང་ཇོ་བོ་སྒྱོགས་ཆེན་ལྡོང་ར་ལུག་ལོར་བསྐོར་བའི་རྒྱུ་མཚན་གནས་བདག་དེ་དག་གི་ལོ་སྙིང་ལུག་ཡིན་པས་ཟེར་བ་ལྟར་རོ།
    དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ལས། མ་ཕམ་གཡུ་མཚོ། ཡར་འབྲོག་གཡུ་མཚོ། གནམ་མཚོ་ཕྱུག་མོ། མཚོ་སྔོན་པོ་བཞི་ནི་བོད་ཀྱི་བླ་མཚོར་གསུངས་པར་མ་ཟད། བསྐལ་བ་ལུག་གི་ལོར་ལྷ་མོའི་བླ་མཚོ་ལ་མཚོ་བསྐོར་བྱེད་པའི་སྲོལ་འབྲི་གུང་བཀའ་བརྒྱུད་རིང་ནས་འགོ་ཚུགས་པར་གསུངས། གནས་བསྐོར་དང་གནས་འདུས་ཀྱི་གོ་དོན་ནི་ཁོ་བོས་རྨ་རྒྱལ་སེམས་ཀྱིས་བསྐོར་བ་ལས་བཤད་ཟིན་ལ། སྤྱིར་གངས་བསྐོར་དང་མཚོ་བསྐོར་བྱེད་པ་སོགས་གནས་བྱིན་ཆེན་ལ་ཕྱག་བསྐོར་བྱེད་པ་ནི། གནའ་སྔ་མོར་རི་ཆུ་ནག་གསུམ་ལ་དད་མོས་དང་ཕྱག་སྐོར། བསངས་དང་མཆོད་འབུལ་བཅས་བྱེད་སྲོལ་ནང་བསྟན་བོད་དུ་མ་དར་བའི་སྔོན་ནས་ཡོད་པས་མི་རིགས་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཏུ་ཆགས་ཡོད། དེང་དུས་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་གཅིག་པ།རྒྱལ་ཁབ་མང་པོའི་དད་མོས་པ་དང་ལྟ་སྐོར་བ།ཞིབ་འཇུག་པ་དཔག་ཏུ་མེད་པ།བློ་ཡུལ་ལས་འདས་པ་མང་བོ་ཚ་རླབས་འཕྱུར་བ་བཞིན་བསྐོར་བར་འགྲོ་བཞིན་མཆིས་པ་འདིས།ང་ཚོ་ལ་དཔྱད་གཞིའི་རྒྱུ་ཆ་མང་པོ་མཁོ་སྤྲོད་གནང་བར་མ་ཟད།དད་པའི་སྟོབས་ཤུགས་དང་སྲོལ་རྒྱུན་གྱི་རིག་གནས་སློབ་གསོའི་ནུས་པ་ལ་ཡ་མཚར་དགོས་པ་མང་པོ་མཐོང་། ཉིན་དེ་ནི་གནམ་ངོ་དྭངས་པའི་ཉིན་ཞིག་ཡིན་ནའང་། ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱི་གཙོས།ངེད་ཅག་ཉི་ཟླ་རི་བོའི་ཉག་ཀ་དེར་ཐོན་དུས། དཔའ་མཆོག་འབུམ་མེ་སོགས་དགོན་གོང་མ་དང་ཤ་བྲང་ཚོ་དྲུག་གི་རྒན་པོ་ཉི་ཤུ་ལྷག་གིས་སྔ་མོ་ནས་ལག་ཏུ་ཁ་དར་བཟུང་། བསྟར་ཕྲེང་བསྒྲིགས་ཏེ་བོད་ཀྱི་ལུགས་སྲོལ་བཞིན་བསུ་མ་དང་བཅས་ལྷ་རྒྱལ་ལོ། ཞེས་ལྷ་རྒྱལ་ལན་གསུམ་འཐེན་པ་དང་མཉམ་དུ་གློ་བུར་དུ་གནམ་ནས་འབྲུག་སྒྲ་ལན་གསུམ་གྲགས། གནམ་ནས་འབྲུག་སྒྲ་དང་ས་ནས་ཀི་སྒྲ་དུས་མཉམ་དུ་བྱུང་བ་དེས་ཉི་ཟླ་རི་བོའི་ཁོར་ཡུག་གི་ལྟད་མོ་བ་རྣམས་ལ་སྨྲ་མི་ཤེས་པའི་དགའ་ཚོར་རྣོན་པོ་ཞིག་དང་ཡ་མཚར་བའི་གླེང་གཞི་གསར་བ་ཞིག་བཟོས་སོང་།
    བོད་མིའི་གཏམ་དཔེར། སེང་གེ་དཀར་མོས་གུང་ཚིགས་མ་བཞེས་གོང་།།གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲགས་ས་མེད།ཟེར་ཡང་། དེ་རིང་གི་གཟའ་སྐར་འཕྲོད་སྦྱོར་འདི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་སོང་བ་ཡིན་པས། སྟོན་པ་སངས་རྒྱས་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་བཞི་གསུངས་པ་ལས།རྟེན་འབྲེལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་དེ་རེད་སྙམ་སོང་།ཉག་ཀ་དེར་ང་ཚོས་མཉམ་དུ་ལྷ་བསངས་བཏང་སྟེ་དར་ལྕོག་བསྒྲེངས། ལྷ་རྒྱལ་འཐེན་དུས་ཆར་ཞོད་ཆེན་པོ་བབས་ཏེ་ལམ་ནང་ཡོངས་སུ་ཆུ་འོད་ལྷོག་ལྷོག་ཏུ་བཞུར་འདུག དེ་ནས་ཉི་ཟླ་རི་བོའི་ལྡིང་ཁང་དུ་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་ལ་བཅར་འདྲི་བྱས་ནས་ཅུང་མ་འགོར་བར་གནམ་ངོ་དྭངས་ཤིང་ཉི་འོད་འཚེར་བའི་ཉམས་སྣང་དེས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་ཆུ་རྩྭ་ཐང་ཡོངས་ལ་ཚེ་སྲོག་གི་ལང་ཚོ་གསར་བ་ཞིག་བསྣན་པས་སྔར་ལས་ལྷག་པའི་སྤྲོ་སྐྱིད་དང་མཛེས་ཉམས་ཤར། ཉི་ཟླ་རི་བོ་ནི་རྫ་རི་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་མ་ཡིན་ཡང་།མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ་རྡོ་ཕ་བོང་ལ་ཉི་ཟླའི་གཟུགས་རིས་བྲིས་ནས་བཞག་པས་ཉི་ཟླ་རི་བོའི་མིང་ཐོགས་ཤིང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གནས་རི་མིང་གྲགས་ལྡན་པ། པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་སོགས་ཕེབས་ཏེ་བྱིན་གྱིས་བརླབས་པ་སོགས་ལོ་རྒྱུས་ཀྱི་དཔང་མཐོ་བ་ཞིག་ཡིན། རི་བོ་ཉི་ཟླའི་མིང་ཐོགས་ཚུལ་འདི་ལ་རྒྱ་བཟའ་ཀོང་ཇོ་དང་འབྲེལ་བའི་བཤད་པ་སྣ་ཚོགས་ཡོད་ཀྱང་། དོན་ངོ་མ་ནི་མངའ་བདག་ཁྲི་རལ་གྱི་དུས་སུ། རྒྱ་བོད་ཀྱི་གྱོད་བསྡུམས་ཏེ། ས་ལ་བཙན་པོ་དབོན་ཞང་དང་། གནམ་ལ་ཉི་ཟླ་ལས་མེད་དོ།། ཞེས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས་པ་བསླངས་པས་གནས་འདི་ལ་ཉི་ཟླ་རི་བོ་ཞེས་གྲགས་པར་མངོན་ཏེ། ཉང་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་ལས། ཕ་བོང་དེ་ཙོང་ཁ་མཚོ་སྔོན་གྱི་ལྷོ་ཤར་ན་ཡོད་དོ།། ཞེས་སོགས་གསུངས་པ་གནས་ཚུལ་དངོས་དང་མཐུན་སྙམ།
    དེ་ནས་ང་ཚོས་རིག་སྨོན་གཞུང་དང་རིག་སྨོན་ཆུ་བོ་ལ་བལྟས་ནས་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གིས་འདི་གསུངས།  ས་རིག་རིག་མིན་ད་རིག་སྨོན།། མི་རིག་རིག་ཐམས་ཅད་སྨོན་ས།། ཟེར་བའི་ས་ཆ་འདི་རེད། ས་ཆ་འདི་ཧ་ཅང་ཁོད་སྙོམས་ཤིང་མེ་ཏོག་སྣ་མང་འཁྲུངས་ས་ཞིག་ཡིན། བོད་འབྲོག་པ་བསྟེན་ས་ཕྱུག་ཡིན།། ཕྱུག་ཤ་ཤེད་རྒྱས་ས་འདི་རེད།།དེ་བས་ས་གནས་མང་ཚོགས་ས་ཆ་འདི་ལ་དགའ་བའི་བསྟོད་གླུ་ཀྱང་ཡོད་ཚོད་རེད་ཟེར། ངོ་མས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཀྱང་དམངས་ཁྲོད་བསྟོད་གླུ་ཞིག་ཡོད་ཟེར།
རིག་སྨོན་ཆུ་ལ་རྒྱའི་སྐད་དུ(倒淌河) ཟེར་དོན་ཆུ་བོ་ཐམས་ཅད་ནུབ་ནས་ཤར་དུ་བཞུར་ཀྱང་འདི་ལྡོག་སྟེ་ཤར་ནས་ནུབ་ཏུ་འབབ་པས་ཡིན་ཟེར། སྦྱིར་བོད་ཁུལ་དུ་མ་ཟད་མཚོ་སྔོན་པོའི་ས་ཁུལ་འདི་ལྟ་བུ་ནའང་ཕྱོགས་བཞི་མཚམས་བརྒྱད་ནས་ཆུ་བཞུར་ཏེ་མཚོ་སྔོན་པོར་འབབ་པ་ཡོད། དེ་ནས་ངས། ཡར་བལྟས་ན་རྫ་ཞིག་རིག་ནོ་ག ། རྫ་མཐོན་པོ་བློན་པོ་གསེར་ཆེན་རེད།། མགར་སྟོང་བཙན་ཚང་གི་བླ་རི་རེད།། རྫ་གན་ན་མི་སྨོན་གང་ལ་སྨོན།། མར་བལྟས་ན་མཚོ་ཞིག་རིག་ནོ་ག། མཚོ་སྔོན་པོ་ཁྲི་ཤོག་རྒྱལ་མོ་རེད།། བོད་ཁ་བ་ཅན་གྱི་བླ་མཚོ་རེད།། མཚོ་གན་ན་མི་སྨོན་གང་ལ་སྨོན།། ཕར་བལྟས་ན་ཉག་ཟིག་རིག་ནོ་ག ། འོད་འཛམ་གླིང་ཉི་ཟླ་ཤར་ས་རེད།། རྗེ་ཙོང་ཁ་པ་ཡི་འཁྲུངས་ཡུལ་རེད།། གནས་གན་ན་མི་སྨོན་གང་ལ་སྨོན།། ཞེས་རིག་སྨོན་ལ་བསྟོད་པ་བྱེད་ཞོར་དུ་སོང་། ང་ཚོ་མཚོ་འགྲམ་དུ་ཐོན་དུས་བློན་པོ་གསེར་ཆེན་དང་ཨ་མ་ཟོར་དགུ་སོགས་མཚོ་སྔོན་པོའི་གཡས་གཡོན་གྱི་རི་བོ་མཐོན་པོ་དེ་དག་གི་རྫ་མགོར་ཆར་དཀར་བབས་ཏེ། མཚོ་སྔོན་པོའི་འགྲམ་གཉིས་ལ་ཁ་དར་དཀར་པོ་གཉིས་འཇིག་རྟེན་སྲིད་པས་ཆེད་དུ་དཔྱངས་པ་བཞིན་ངོ་མཚར་བའི་གནས་སུ་ཆེ།
   སེམས་ཉིད་སྟོང་བའི་མཁའ་ལ་རིག་པའི་སྤྲིན།།
   ཕན་བདེ་སྦྲང་རྩིའི་ཆར་ལ་སྙན་གྲགས་འབྲུག།
   སྔོན་པོ་གཡང་གི་མཚོ་ལ་མེ་ཏོག་ཐང་།།
   དར་དཀར་ཁ་བས་འཁྱུད་པའི་གསེར་ཆེན་རྫ།།
   བལྟས་ན་ངོ་མཚར་ལྟད་མོ་འབུམ་གྱིས་ཕྱུག།
   བརྗོད་ན་དཔའ་བོའི་རྟོགས་བརྗོད་རི་ལས་མཐོ།།
   བསམ་ན་དད་པའི་བྱིན་རླབས་མཚོ་ལས་ཟབ།།
   བདེ་སྐྱིད་ཞིང་ཁམས་འདི་འདྲ་གཞན་ན་དཀོན།།
གཉིས་པ།  མཚོ་ཆེན་ཁྲི་ཤོག་རྒྱལ་མོ།
          མདོ་སྨད་བྱང་ཕྱོགས་ཀྱི་མཚོ་ཆེན་མཚོ་སྔོན་པོའི་མིང་ལ་ཁྲི་ཤོག་རྒྱལ་མོ་དང་ཁྲི་ཤོར་དང་ཁྲི་གཤོག་བཅས་མིང་མི་འདྲ་བ་དུ་མ་འབོད་སྲོལ་ཡོད་ནའང་། དེ་དག་ཁྲི་ཤོག་ཅེས་པའི་བརྡ་ཟུར་ཆགས་ལས་ཐོན་པ་ཙམ་ལས་སྒྲ་བཤད་སོ་སོར་མེད་ལ་དོན་གཅིག་པ་ཡིན། སྔོན་ཆད་ཁྲི་སྡེས་ཙོང་ཁ་ཡུལ་ཁག་བཅོ་བརྒྱད་བཅས་ད་ལྟའི་མཚོ་སྔོན་འདི་མངའ་མཛད་སྐབས། དེའི་མངའ་འབངས་ལ་ཁྲི་འབངས་དང་དབང་དུ་བྱས་བའི་སྡེ་བའམ་ཤོག་ཁ་ལ་ཁྲི་སྡེའམ་ཁྲི་ཤོག དེའི་ཡུལ་དུ་འཁྱིལ་བའི་མཚོ་སྔོན་པོ་ལ་ཁྲི་ཤོག་རྒྱལ་མོ་བཅས་ཐ་སྙད་ཐོགས་པར་སྙམ་སྟེ། ཁྲི་ཤོག་ཅེས་པའི་མིང་འདི་ཁྲི་སྡེས་དབང་བསྒྱུར་བའི་མངའ་སྡེ་ལ་བྱས་ན་ལོ་རྒྱུས་དང་ཆོས་འབྱུང་ཁག་དང་མཐུན་པར་ཡོད་དེ། 《མདོ་སྨད་ཆོས་འབྱུང》ལས། མཚོ་སྔོན་དཔོན་ཁག་གི་ལོ་རྒྱུས་གསུངས་སྐབས། འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན། མཚོ་སྔོན་འདིར་གཞི་བཟུང་སྟེ་ཁྲི་དཔོན་མཛད།   ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པའི་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད་ལ།   ཡང《 ཐུའུ་བཀྭན་རྣམ་ཐར་པད་དཀར་ཆུན་པོ》ལས། འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་འབངས་མི་མང་པོ་དང་བཅས་མདོ་སྨད་དུ་ཐོན་ཅིང་།  མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་བོད་ཀྱིས་བཟུང་སྟེ།   ཆོས་རྒྱུད་གདུང་རྒྱུད་དེས་ཁྲི་དཔོན་མཛད་ཅིང་།  བྲ་ཉང་བཙན་བྱ་བས་རྒྱལ་བོའི་བློན་གྱི་གཙོ་བོ་བྱས་ཚུལ་རུས་མཛོད་ཟ་འོག་རས་མ་ལས་འབྱུང་། ཞེས་སོགས་གསུངས་པ་བཞིན། བོད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ཁྲི་ལྡེས་མདོ་སྨད་ཡུལ་གྱི་ཙོང་ཁ་དེང་གི་མཚོ་སྔོན་དུ་གཞི་བཟུང་སྟེ་རྒྱལ་བོ་བྱས་པ་དང་ཞེས་སོགས་གསུངས་པར་གཞིགས་ན། ཁྲི་ཤོག་རྒྱལ་མོ་ཞེས་པ་བོད་རང་གི་ལོ་རྒྱུས་ཀྱི་རྫོང་ཐུག་ས་ཞིག་དང་འགྲེལ་ཆགས་པར་མ་ཟད་དོན་དངོས་སུའང་དེ་ལྟར་ཡིན་བསམ་བྱུང་། དེས་ན་རྡོ་ལེབ་བླངས་ཏེ་མཚོ་འཕྱུར་བ་དང་སྡེ་བའམ་དུད་ཁྱིམ་ཁྲི་མཚོ་འོག་ཏུ་ཤོར་བ། སློབ་དཔོན་པདྨས་རྒྱ་གར་གྱི་རི་བོ་ཞིིག་གི་མགོ་བཅད་དེ་འཕངས་པས་མཚོ་འཕྱུར་བ་བཀག་པ། མཚོ་ནང་དུ་ཆུ་བོ་ཁྲི་བབས་པས་ཁྲི་གཤོག་ཟེར་བ་སོགས་དཔྱད་བཟོད་མི་ཐུབ་པའི་བཤད་ཡམ་ཏུ་སྣང་། དེང་རབས་ཚན་རིག་པས་ཀྱང་མཚོ་སྔོན་པོ་ལོ་ཁྲི་ལྷག་གི་སྔོན་ནས་ཡོད་ཚུལ་བཤད།
     རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་ཆེན་པོ་ལྷ་ལྡན་དབུས་སུ་ཕེབས་དུས་མཚོ་སྔོན་པོའི་ལྷོ་འགྲམ་གྱི་གནའ་ལམ་དེ་བརྒྱུད་ནས་ཕེབས་ཁར་མཚོ་འདི་བྱིན་གྱིས་རླབས་པར་གྲུབ།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ། བདག་གི་དགེ་རྒན་ཐུགས་རྗེ་ཅན་རྗེ་བློ་བཟང་རྒྱ་མཚོ་མཆོག་གིས་༼ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར།༽དུ། དེ་ཡང་རྒྱལ་བས་ལུང་གིས་ཟིན་པའི་མཚོ་སྨན་གྲགས་པ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྐྱེས་རབས་ཀྱི་རྒྱུད་ལས། ཇི་སྐད་དུ། དེ་ནས་ཨནྡྲ་རྙིལ་གྱི་མདངས་ལྟར་སྔོ།།ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་པ་བཞིན།།ཁོ་ར་ཁོར་ཡུག་ཆུ་འགྲམ་ལྟར་མི་སྣང་།།གཏིང་དཔག་དཀའ་བའི་མཚོ་འཇིངས་ནང་དུ་ཞུགས།།ཞེས་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་བསྔགས་བརྗོད་གནང་བ་དང་། རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། མཚོ་དམའ་མོ་གཡུ་ཡུ་མཎྜལ་ཡོད།།ཅེས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། ཁྲི་ཤོར་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས།།ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད།།ཅེས་སོགས་ལྟར། ཞེས་མཚོ་སྔོན་ཁྲི་གཤོག་རྒྱལ་མོ་འདི་ཉིད་རྒྱལ་བ་སངས་རྒྱས་ཀྱིས་ལུང་བསྟན་ཅིང་ཀླུ་བློན་བྱང་ཆུབ་སེམས་དཔའ་གནས་ཡོད་པར་གསུངས།
     གཞན་ཡང་། རྒྱལ་བ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཀྱང་བཀའ་གདམས་གླེགས་བམ་གྱི། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།།ཅེས་པ་དེ་མཚོ་འདི་ལ་ངོས་འཛིན་གནང་ཡོད།
ལ་མོའི་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། ཕྱོགས་བཅུའི་དགེ་མཚན་གཡང་དུ་འཁྱིལ་བ། བཻཌཱུར་སྔོན་པོ་ཞུན་མའི་དཔལ་འཛིན། ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་རོལ་གནས། གཏེར་མཛོད་གཡུ་མཚོ་ཁྲི་ཤོར་རྒྱལ་མོ། མ་དང་མཁའ་འགྲོ་འདུ་བའི་གནས་ཆེན། ཞེས་གསུངས་པ་ལྟར་རོ།། མཚོ་ནང་དུ་ཆུ་ཁྲི་འདུས་ཟེར་བ་དང་ཆུ་བོ་བརྒྱ་དང་བརྒྱད་འདུས་ཟེར་བ་སོགས་ཡོད་ཀྱང་། ད་ལྟ་མཚོ་སྔོན་པོའི་ཕྱོགས་ཕྱོགས་ནས་ཆུ་ཆེ་ཆུང་མི་འདྲ་བ་ལྔ་བཅུ་༼༥༠༽ཙམ་མཚོ་ནང་དུ་འབབ་བཞིན་ཡོད་པས་མཚོ་སྔོན་པོ་སྐམ་མི་སྐམ་ཆུ་དེ་དག་སྐམ་མི་སྐམ་ལ་རག་ལས་ཡོད།
   ལོ་རྒྱུས་སུ་མཚོ་སྙིང་ན་ཆུ་རྟའམ་ཀླུ་རྟ་ཡོད་པས་ཆེས་སྔ་མོའི་དུས་སུ་འ་ཞའི་རྒྱལ་ཁབ་ཀྱིས་དགུན་དུས་དར་ཐོག་ནས་རྒོད་མ་མང་བོ་མཚོ་སྙིང་དུ་དེད་ཅིང་འཚོ་སྐྱོང་བྱས་ན་སོས་ཀར་དེ་དག་མཚོ་རྟ་དང་བསྡེབས་ཤིང་། དེའི་རྒྱུད་པ་རྣམས་ནི་ཉིན་རེར་ལེ་དབར་སྟོང་ལ་བསྐྱོད་པའི་རྟ་མཆོག་ཅང་ཤེས་འབའ་ཞིག་ཡིན་ཟེར། རྗེས་སུ་རྒྱ་ནག་སེའུ་གུར་གྱི་གོང་མ་སེའུ་དབྱང་ཏི་ཡིས་ཀྱང་མཚོ་སྙིང་ནས་རྟ་འཚོས་པའི་ལོ་རྒྱུས་ཡོད་ལ། མཚོ་སྙིང་གི་ཀླུ་རྟའི་རྒྱུད་པ་དེ་བོད་ཀྱི་མཚོ་སྔོན་སོགས་མདོ་སྨད་སྤྱི་དང་བྱེ་བྲག་རྟ་ཐང་དང་ཙོང་ཆུའི་འབབ་རྒྱུད་སོགས་སུ་ད་ལྟའི་བར་མ་ཉམས་པར་ཡོད་པའི་བཤད་སྒྲོས་ཡོད་ཀྱང་ཡོད། རྒྱའི་ཡི་གེ་འགའ་རེར་ཀྲུང་གོའི་སྙན་གྲགས་ཅན་གྱི་རྟ་མཆོག་གི་ཕ་ཡུལ་ཞེས་པའི་མིང་ཡང་བཏགས་ཡོད། སྔོན་ཆད་རྒྱའི་ཐང་དང་སུང་གི་དུས་སུ། མཚོ་སྔོན་པོ་འདི་ཡི་བདག་དབང་ཐད་རྩོད་པ་དང་དམག་འཐབ་ལན་མང་བོར་ཤོར་མྱོང་ལ། རྒྱ་རྣམས་ཀྱིས་མཚོ་འདི་ལ་མཆོད་པ་བྱེད་པའི་སྲོལ་ཡང་བྱུང་འདུག རྗེས་སུ་ཆིན་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲིན་གྱི་དུས་༼སྤྱི་ལོ༡༧༢༦༽ནས་མཚོ་མཆོད་ཀྱི་སྲོལ་ཚུགས་ཤིང་། ཆན་ལུང་གི་ཁྲི་ལོ་སོ་བརྒྱད་པ༼སྤྱི་ལོ་༡༧༧༣༽ནས་ལོ་རེའི་སྟོན་ཟླ་བདུན་པའི་བཅོ་ལྔའི་ཉིན་མཚོ་མཆོད་ཀྱི་ཉིན་མོར་གཏན་འཁེལ་བྱས། རྗེས་སུ་སྲོལ་དེ་ཡོངས་སུ་ཉམས་ཟིན་མོད། ད་ལྟ་སླར་ཡང་སླར་གསོ་བྱེད་བཞིན་པའི་སྒང་ཡིན་འདུག་ཟེར།
གསུམ་པ།  མཚོ་སྔོན་པོའི་འགྲམ་རྒྱུད།
 ཕྱི་བལྟས་མཚོ་ཆེན་གནམ་སྔོན་ཞུན་མའི་མདོག །
 ནང་ལྟར་རླུང་ནག་སྤྲིན་གྱི་ལྷ་མོའི་མཚོ།།
 གསང་བ་མཁའ་སྤྱོད་དབང་མོའི་དཀྱིལ་འཁོར་དངོས།།
 འདི་འདྲ་ལན་གཅིག་བསྐོར་བ་དོན་དང་ལྡན།།
     ཉིན་དེར་མཚོ་སྔོན་པོའི་འགྲམ་རྒྱུད་འདི་རླངས་འཁོར་དང་མི་ཚོགས་ཀྱིས་བཀངས་འདུག་ལ།༡༥༡ནས་སྤྱི་ལེ་བཅུ་ཕྲག་ལྷག་ལ་རླངས་འཁོར་མང་པོ་ཁེགས་འདུག་པས་སེམས་ལ་རླངས་འཁོར་འཇོག་ས་དང་ཟ་མ་ཟ་ས།མགྲོན་ཁང་ཡང་རྙེད་དཀའ་སྙམ་པ་བྱུང་། ད་དུང་ལྕགས་རྟ་ཞོན་ཏེ་འགྲོ་བ།རྐང་ཐང་དུ་འགྲོ་བ།ཆོས་ཁུར་ཏེ་འགྲོ་བ།ཕྱག་འཚལ་ཏེ་འགྲོ་བ་སོགས་སྣ་ཚོགས་ཡོད་པ་འདིས།དད་པས་འགྲོ་བ་དང་ལྟད་མོར་འགྲོ་བའི་ཁྱད་པར་ཤེས་ཐུབ།  མཚོ་སྔོན་པོའི་གནས་སྒོ་གང་ལ་སོང་ན་མི་ཚོགས་ཀྱིས་བཀང་འདུག་ཅིང་ཞོར་དུ་གད་སྙིགས་ཀྱིས་ཀྱང་བཀང་ཡོད་པ་སྨོས་མ་དགོས།མི་མང་གི་རྐང་འོག་དང་གད་སྙིགས་ཀྱི་འདབས་འོག་ན་ཡོད་པའི་གནས་སྒོ་འདི་དག་རྒྱུ་སེམས་ཆེ་བ་དག་གིས་དཔལ་འབྱོར་བཙལ་ས་ཡིན་འདུག ངས་སེམས་ལ་མཚོ་སྔོན་པོ་ནི་ཁུག་གཞོངས་ཆེན་པོ་ཞིག་ཏུ་འཁྱིལ་ཡོད་ན།མི་འདི་འདྲ་མང་པོ་ཞིག་གི་ཟས་ལྷགགཅིན་སྐྱགརྩོགས་ཆུ།གད་སྙིགས།ཐ་ན་སྤ་སེ་གཅིག་པུ་ས་ལ་གཏོར་བ་སོགས་མི་གཙང་བ་ཡོད་ཚད་མཐར་མཚོ་ནང་དུ་མ་གཏོགས་འགྲོ་ས་མེད་པས།ད་ལྟ་ནས་མཚོ་རྒན་མའི་འགྲམ་དང་གནས་སྒོ་ཐམས་ཅད་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་པའི་ཚོད་དུ་འདུགསྙམ་པ་ཡང་ཡང་བྱུང་།གནས་སྒོ་ཅུང་གཙང་ས་ནི་བྱ་གླིང་མཚེར་བ་རི་ཡིན་མོད།དེ་ནའང་མཚོ་གཏེར་ཁྲི་སྟོང་མང་པོ་མཚོ་ནང་དུ་འཕེན་གྱི་ཡོད་ཟེར། རྐང་ཐང་དུ་མཚོ་སྐོར་ལ་འགྲོ་བ་སྐོར་གཅིག་གིས་འགྲོ་ཞོར་དུ་གད་སྙིགས་འཐུ་བ་མཐོང་ལ། གྲོང་ཁྱེར་ནས་འོངས་པའི་འགྲུལ་བའི་རླངས་འཁོར་མང་པོ་ཞིག་དེ་རུ་སྐོར་ཚོགས་བྱས་ཏེ་ངལ་གསོས་རྗེས་གད་སྙིགས་གང་སར་གཏོར་ཏེ་སོང་།དད་མོས་པ་མང་ཚོགས་དེ་དག་གིས་དེའི་ཤུལ་དུ་བཞག་པའི་གད་སྙིགས་འཐུ་མགོ་བརྩམས་སོང་།གཞན་ཡང་།མཚོ་ལྷོ་འབའ་རྫོང་ནས་ཡིན་པའི་མཚོ་སྐོར་བ་བཞི་བཅུ་ལྷག་གིས་ཀྱང་གད་སྙིགས་འཐུ་ཞོར་འགྲོ་བ་མཐོང་ལ།ཁོ་ཚོའི་རླངས་འཁོར་སྟེང་དུ་ཁོར་ཡུག་དྭངས་གསལ་ཀུན་ཕན་ཚོགས་པ་ཞེས་བྲིས་འདུག  བུད་མེད་རྒན་པ་ཞིག་གིས་ང་ལ་འདི་ལྟར་བཤད་བྱུང་། ཁ་སང་ཁོ་ཚོས་གད་སྙིགས་རླངས་འཁོར་དྲུག་བསྡུས།འདི་ལྟར་ང་ཚོས་གད་སྙིགས་འཐུ་བཞིན་སོང་ན། ཉིན་བདུན་ནས་བརྒྱད་ལ་མཚོ་སྐོར་ལོན་ཐུབ། ཅེས་དགའ་སྤྲོ་དང་གཟི་བརྗིད་ལྡན་པའི་ངང་བཤད་སོང་། རེད་ཡ། ཁོ་ཚོ་ལ་ཡོང་འབབ་སྒོར་མོ་གཅིག་ཀྱང་མེད་མོད།ད་དུང་དཀའ་ཚེགས་དང་ལེན་གྱི་སྤོབས་པ་དང་བསམ་བློ་བཟང་བོ་འདི་གང་ལས་ཐོན་ཟེར་ན།ཡོད་ཚད་དད་པ་དང་ཀུན་སྤྱོད་ལས་ཐོན་ཡོད།མིའི་སྤུས་ཀ་དང་བསམ་བློ་བཟང་བོ།ཀུན་སྤྱོད་གཙང་མ་ནི་རྩྭ་ཐང་གི་མང་ཚོགས་དཀྱུས་མ་ཞིག་ལ་ཡོད་ཀྱང་ཆུང་དུས་ནས་སློབ་གསོ་མྱངས་ཤིང་དཔལ་འབྱོར་དང་དབང་ཆའི་ཕྱུག་པོར་གྱུར་བའི་གྲོང་ཁྱེར་གྱི་འགྲུལ་བ་དེ་དག་ལ་མེད་པའི་རྒྱུ་མཚན་གང་ཡིན་ནམ།དད་པ་མེད་པ་དང་རྒྱུ་འབྲས་མི་བརྩི་བ། ངོ་ཚ་མེད་པའི་རྒྱུ་མཚན་གྱིས་རེད་སྙམ་སོང་།
    སྤྱི་ཟླ་བདུན་པའི་དབྱར་གཞུང་གི་རྩ་ཐང་ནི་མེ་ཏོག་གི་རྒྱ་མཚོ་དང་ཕྱུག་ཟོག་གི་ཞིང་ཁམས།ལྗོངས་རྒྱུ་ལྟ་སྐོར་དང་ཁམས་སངས་བྱེད་སའི་དྭངས་གཙང་གི་མཛེས་ལྗོངས།རྨི་ལམ་ནང་གི་ཞིང་ཁམས་དེ་ཡིན་ལ།དེ་རིང་རྫ་མགོ་ཆར་དཀར་གྱིས་གཡོག་པས་གངས་དང་རི་འདབས་མེ་ཏོག་བྱེ་བ་བཞད་པའི་སྤང་།སྤང་དཀྱིལ་དུ་གནམ་སྔོན་ཞུན་མར་འཁྱིལ་བའི་མཚོ་ཁྲི་གཤོག་རྒྱལ་མོ་བཅས་ལྷ་བཟོ་མཁས་པའི་པུར་རྩེ་ལས་ཀྱང་ཐོན་དཀའ་བའི་མཚོ་སྔོན་པོའི་དྭངས་གཙང་གི་མཛེས་ལྗོངས་ཧ་ཅང་ཉམས་དགའ་བ་མཐོང་།ད་དུང་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཞིང་ས་གྲུ་བཞི་རིམ་པར་བསྟར་བའི་ལོ་ཀར་གྱི་མེ་ཏོག་སེར་བོ་དེ་ལྟད་མོ་བ་མང་བོའི་མིག་གི་གཟི་ལེན་དུ་གྱུར་འདུག་ལ།མེ་ཏོག་སེར་པོ་དང་མཚོ་སྔོན་པོ།སྤང་ཐང་ལྗང་མདོགརི་སྐེད་ཁྲ་བོ།རྫ་མགོ་དཀར་པོ།ནམ་མཁའ་སྔོ་བསངས།སྤྲིན་དཀར་ཕུང་བོ།བསིལ་འཇམ་གྱི་རླུང་།དྭངས་གཙང་གི་མཁའ་དབུགས་བཅས་ངོ་མས་ཁོར་ཡུག་སྐྱིད་པ་དག་པའི་ཞིང་ཁམས་ཤིག་ཏུ་སྣང་སོང་།
    མཚོ་སྔོན་པོ་ནི་བོད་དང་སོག་པོ།རྒྱ་ནག་གང་གི་སྐད་ཀྱི་དབང་དུ་བྱས་ཀྱང་ལྗང་མདོག་གི་མཚོ་ཞེས་པའི་དོན་དུ་ཡོད་ལ།ལོ་ཁྲི་ཕྲག་གི་སྔོན་ནས་ད་བར་དུ་མཚོའི་གཟི་བརྗིད་དང་མཛེས་ཉམས། གཏིང་མཐའ། རླབས་ཕྲེང་། བྱ་གླིང་། རི་དྭགས། བྱེ་གླིང་། ཆུ་ཀླུང་། རི་བོ། ལྷ་སྒྲུང་། དད་མོས།གཏམ་རྒྱུད།ཡུལ་སྲོལ།ལོ་རྒྱུས་བཅས་ཀྱིས་ངོ་མཚར་བར་གླེང་སྟེ་ད་ལྟའི་བར་སྙན་གྲགས་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ་འཛམ་གླིང་སྟེང་མཚོ་བོད་མཐོ་སྒང་གི་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་གཅིག་གི་མཚན་སྙན་ཐོབ་ལ།ཀྲུང་གོའི་ཆེས་མཛེས་པའི་མཚོ་སྔོན་མཚེའུ་ཞེས་མིང་བཏགས་ཡོད་པར་མ་ཟད། རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན་ཟེར། རྒན་པོ་ཞིག་གི་གཏམ་རྒྱུད་དུ།གནའ་སྔ་མོའི་དུས་སུ་ཀླུ་རྒྱལ་ཆེན་པོ་ལ་བུ་བཞི་ཡོད།བུ་ཆེ་བ་ཤར་གྱི་མཚོ་བདག་བྱས།བུ་འབྲིང་བ་བྱང་གི་མཚོ་བདག་བྱས།བུ་ཆུང་བ་ལྷོ་ཡི་མཚོ་བདག་བྱས།བུ་ཐ་ཆུང་ལ་མཚོ་མེད་པས་ཡིད་མ་དགའ་སྟེ།རང་གི་ནུས་པས་མཚོ་ཞིག་བསྐྱིལ་ནས་བདག་བྱ་དགོངས་ནས་རྫུ་འཕྲུལ་གྱིས་རི་ཁྲི་ཆུ་སྟོང་བརྒལ་མཐར་ཁུ་ནུ་རི་རྒྱུད་ཀྱི་བྱང་མཐའ་མུ་འཐའ་བྲལ་བའི་རྩ་ཐང་ཆེན་པོ་ཡོད་པ་དང་།དེ་ན་བློན་པོ་གསེར་ཆེན་གྱི་རི་རྒྱུད་དང་མདོ་ལ་རིང་མོའི་རི་རྒྱུད་གཉིས་ཀྱི་བར་དུ་ཆུ་བོ་བརྒྱ་རྩ་བརྒྱད་བསྡུས་ནས་མཚོ་ཞིག་བསྐྱིལ་ནས་མཚོ་བདག་བྱས།དེ་ནི་ནུབ་མཚོ་ཡིན་ལ་མཚོ་སྔོན་པོ་འདི་ཡིན་ཟེར། འདི་ནི་བློན་པོ་མགར་དང་འབྲེལ་བའི་གཏམ་རྒྱུད་ཆུ་མགོའི་རྡོ་ལེབ་བླངས་པའི་བཤད་པ་ལས་སྙན་པར་ཡོད།
    སྤྱིར་ན་མཚོ་སྔོན་པོ་རྒྱལ་པོ་སྲོང་བཙན་ཡར་སྔོན་ནས་ཡོད་དེ།རྒྱལ་བོ་སྲོང་བཙན་རང་གི་གསུངས་ལས།ཁྲི་གཤོག་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས།།ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད།།ཅེས་མཚོ་སྔོན་པོ་བསྟན་ལ།ཀོང་ཇོ་བོད་དུ་ཕེབས་དུས་རྒྱ་ནག་རྒྱལ་བོས།མཚོ་བཞི་གཡུ་ཡི་མནྜལ་འདྲ།།ཐང་བཞི་མཆོད་པ་བཤམས་པ་འདྲ།།ཞེས་པའི་མཚོ་བཞིའི་ནང་ན་མཚོ་སྔོན་པོ་ཡོད།༼མངའ་རིས་ཀྱི་མ་ཕམ་གཡུ་མཚོ།དབུས་ཀྱི་ཡར་འབྲོག་གཡུ་མཚོ།བྱང་གི་གནམ་མཚོ་ཕྱུག་མོ།ཁམས་ཀྱི་མཚོ་སྔོན་པོ་དང་བཞི་ཡིན།༽

    དེང་རབས་ཚན་རིག་པས་བརྟག་དཔྱད་བསྡོམས་ཚིག་ཏུ།མཚོ་སྔོན་པོ་ཐོག་མར་ཚྭ་མེད་པའི་མཚེའུ་ཞིག་ཡིན་ཀྱང་ཧ་ལམ་ལོ་ཁྲི་གཅིག་གི་སྔོན་དུ།མཚོ་ཁུལ་གྱི་དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་།མཚོ་ཆུ་རླངས་པར་གྱུར་བའི་ཚད་དེ་ཆུའི་འབབ་ཚད་ལས་བརྒལ་བར་བརྟེན།རིམ་བཞིན་ཇེ་ཆུང་དུ་སོང་བར་བཤད་པ་ལྟར།མཚོ་སྔོན་པོ་རྨིད་བརྒྱ་མར་ལ་བྲི་སྟེ་རིམ་བཞིན་མཚོ་སྙིང་དང་མཚེར་བ་རི།བྲག་དཀར་སྤུན་གསུམ།གླང་ཆེན་མཆེ་བ།བྱེ་མ་ལ་བདུན་རྣམས་ཐོན་པར་མ་ཟད།མཚོ་ཆུང་དང་མཚོའི་རྣ་ལུང་སོགས་སོ་སོར་གྱེས་པ་ཡིན་ཞེས་བཤད།འདིས་མཚོ་འཕྱུར་ཏེ་དུད་ཁྱིམ་ཁྲི་བསྣུབས་པ་དང་སློབ་དཔོན་པདྨས་རྒྱ་གར་གྱི་རི་བོ་མ་ཧ་དེ་བའི་མགོ་བཅད་དེ་ཞེས་སོགས་ཆོས་ཉིད་ཀྱི་རིགས་པ་དང་གཏན་ཚིགས་རིགས་པ།ལྷག་པར་ལོ་ཚིགས་བརྟག་དཔྱད་རིག་པ་དང་མི་མཐུན་པའི་བཤད་ཡམས་ཤ་གཟུག་དེ་དག་རིག་སྨྲ་རྣམས་ཀྱིས་ཟ་རྐྱང་མིན་པར་བྱས་ཡོད།། མཚོ་འདིའི་ཤར་ན་ཨ་མ་ཟོར་དགུ།ལྷོ་ན་བློན་པོ་གསེར་ཆེན།ནུབ་ན་བྲག་དཀར་ཐེམ་ཆེན།བྱང་ན་རྫ་དམར་མཐོན་པོ་བཅས་མཚོ་མོའི་ནང་རྫ་བཅུ་གསུམ་གྱིས་མཐའ་བསྐོར་ནས་ཡོད་ལ།མཚོ་སྙིང་མ་ཧཱ་དེ་ཝ།མཚེར་བ་རིའམ་བྱ་གླིང་།བྱེ་མ་ལ་བདུན།ཀླུའི་གནས་སྒོ།ཏཱ་ལེའི་ཆུ་མིག ཆུ་མིག་བརྒྱ་རྩའི་གནས་སྒོ།གླང་ཆེན་མཆེ་བའི་གནས་སྒོ།པཎ་ཆེན་ལབ་ཙེ།མགོན་པོའི་གདོང་།ལྷ་མོའི་དྲེའུ་གནས་སྒོ།ཁྲུང་ཁྲུང་དཀར་མོའི་གླིང་སོགས་ལ་དད་མོས་དང་འབྲེལ་བ་ཆེས་ངོ་མཚར་ལྡན་པའི་གཏམ་མང་བོ་ཡོད་ཀྱང་མ་བྲིས།

 མདོ་དབུས་རྩ་ཐང་མར་ཁུའི་མཚོ་ཆེན་ལ།།
 མཚོ་སྔོན་ཁྲི་གཤོག་རྒྱལ་མོ་ལྟེམས་ཀྱིས་འཁྱིལ།།
 མཛེས་ལྗོངས་ལྷ་ལས་ལྷག་པའི་སྙན་གྲགས་ཀྱིས།།
 འཛམ་གླིང་མགྲོན་དུ་བཀུག་པའི་ཚུལ་འདིར་མཚར།།
བཞི་བ།  བུ་ཧ་ཆུ་བོ།
 ཨེ་ཡིག་སྣོད་ཀྱི་གངས་དཀར་རི་བོ་ལ།།
 ཝཾ་ཡིག་མཚོ་ཆེན་རྒྱལ་མོས་བསྐུལ་བ་ལས།།
 རྟེན་འབྱུང་དཀར་དམར་ཁམས་ཀྱི་འཕྲོད་འདུ་ཡིས།།
 གསང་བའི་བརྩེ་དུང་ཆུ་བོའི་རྒྱུན་ལ་འགྲན།།
    བུ་ཧ་ཆུ་བོ་ནི་ཕོ་ཆུ་དང་མཚོ་སྔོན་པོ་ནི་མོ་ཆུ་ཡིན།ཕོ་མོ་འདུ་འཛོམ་གྱི་རྟེན་འབྱུང་ལས་ཡུལ་འདིར་བདེ་དགེ་ལེགས་ཚོགས་རྒྱས་ཤིང་རིགས་རྒྱུད་འཕེལ།ཆུ་སྒྲ་རྩིབ་ཀྱང་དྲག་པ་ཕོ་ཆུ།འཇམ་ཞིང་ལྷོད་པ།འགྲོས་དལ་བ་ནི་མོ་ཆུ་ཡིན།རི་བོ་ཡང་རྩ་བ་སྦོམ་ཞིང་སྟུག་པ་ཕོ་རི།རྩེ་མོ་ཕྲ་ཞིང་དུད་པ་མོ་རི་ཞེས་ས་དཔྱད་ལས་འབྱུང་ལ།སྤྱིར་རི་བོ་ཐམས་ཅད་ཕོ་དང་ཆུ་བོ་ཐམས་ཅད་མོར་འབོད་པ་མང་ཤོས་ཡིན། མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་མདོ་ལ་རིང་མོའི་རྫ་རི་དེ་ལེ་བར་སྟོང་ལྷག་བརྐྱངས་པའི་རི་ཚོགས་ཀྱི་ཕྲེང་བ་ཞིག་ཡིན་པ་དང་།དེ་ན་ཆེས་མཐོ་བའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་༼སོག་སྐད་དུ་ཨོའུ་ཁུན་ཟེར༽དང་གངས་དཀར་ཞོ་བླུག་བཅས་ནམ་མཁའི་དབྱིངས་རིམ་ལ་ཟུག་པའི་མདོ་སྨད་ཀྱི་གངས་རི་གཉིས་པ་དེ་ཡོད།ངས་བཤད་འདོད་པ་ནི།གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཨ་མྱེས་རྨ་རྒྱལ་དང་འདྲ་བར་ཡུལ་སྡེ་སྐྱོངས་པའི་དཔའ་རྒོད་ཕོ་སར་དེ་ཡིན་ལ།མཚོ་སྔོན་པོ་ནི་སྐྱེས་གཟུགས་ལང་ཚོ་དར་ལ་བབས་པའི་མོ་སྨན་ཞིག་ཡིན་པར་མ་ཟད།གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་བཙུན་མོའི་ཚུལ་དུ་ཡོད།བུ་ཧ་ཆུ་བོ་ནི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་གསེང་ལས་ཐོན་ཏེ།མཚོ་སྔོན་པོའི་གསང་གནས་ནས་མཚོ་སྙིང་བར་དྲངས་ཐད་ཀྱིས་ཟུག་པ་ཡིན་པས་རང་བྱུང་འཇིག་རྟེན་ཁམས་ཀྱི་རི་ཆུའི་གསང་བ་དང་ཕོ་མོའི་བརྩེ་དུང་མཚོན་བྱེད་ཆེས་མངར་བའི་གནའ་གཏམ་མཚར་བོ་ཞིག་ཡོད།འཁོར་སྐར་ལས་བླངས་པའི་མཚོ་སྔོན་པོའི་པར་ལ་ལྟོས་དང་༼བུད་མེད་ཀན་རྐྱལ་དུ་ཉལ་བའི་ཚུལ་སོགས༽གསལ། ཡུལ་མི་ཚོས་བཤད་རྒྱུར།མཚོ་སྔོན་པོ་ལན་རེར་རླབས་ཕྲེང་གཡོས་ཏེ་སྡོད་མི་ཚུགས་པའི་སྐབས་ཤིག་ཡོད་པ་དང་།དེའི་ཚེ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྫ་གསེང་དུ་ཆར་ཆེན་བབས་ཏེ་བུ་ཧ་ཆུ་བོ་བྲིགས་ཏེ་མཚོ་སྔོན་པོའི་གཏིང་རིམ་དུ་བཞུར་བ་ན་མཚོ་ཁྲི་གཤོག་རྒྱལ་མོ་ལྷོད་སེ་བུད་འགྲོ།ཞེས་རང་བྱུང་འཇིག་རྟེན་འཕྲོད་འདུའི་གསང་བ་ངོ་མཚར་བ་ཞིག་བཤད།ད་རུང་བུ་ཧ་ཆུ་བོ་མདོག་ཁམས་ཤས་ཆེ་བ་ཞིག་ཡིན་པས་མཚོ་སྔོན་པོའི་འགྲམ་དུ་འདྲེས་མཚམས་ཕྱེས་ཡོད་པ་ལྟ་བུར་སྣང་མོད།རི་བོ་མཐོ་ས་ནས་བལྟས་ན།བུ་ཧ་ཆུ་བོ་མཚོ་སྔོན་པོ་མཚོ་སྙིང་བར་དུ་དྲངས་སེ་སོང་འདུག་ཟེར། གང་ལྟར་མཚོ་སྙིང་དང་ཆེས་ཐག་ཉེ་ས་ནི་བྱ་གླིང་མཚེར་བ་རི་དང་བུ་ཧ་ཆུ་བོ་མཚོ་སྔོན་པོར་འབས་ས་འདི་ཡིན་པས།འདི་ནས་མཚོ་གཏེར་ཕུལ་ན་རྟེན་འབྲེལ་གྱི་གནད་ཕུན་སུམ་ཚོགས་པ་ཞིག་ཡོད་པས་བུ་དང་ཚེ་བསོད།ནོར་དང་འབྲུ།མཚན་སྙན་གྲགས་དང་མངའ་ཐང་དར་ཡོང་ཞེས་ངྷི་ཚ་དགོན་པའི་དགེ་བའི་བཤེས་གཉེན་ཨ་ཁུ་བྱང་ཆུབ་ཚང་གིས་གསུངས་པ་ལྟར་ལེགས། བུ་ཧ་ཟེར་བ་དེ་སོག་སྐད་ཀྱི་ཁྲུས་ཀྱིས་ཤིག་ཅེས་པའི་སྐུལ་ཚིག་ཡིན་པ་འདྲ་བས་དཔྱད་དགོས་པ་ལས་ཐེམ་ཆེན་རྫོང་གི་གནས་ཡུལ་པར་མཛོད་ལྟར་བོད་སྐད་སོར་བཞག་གི་སྒྲ་བཤད་གཡག་བུ་ཧཱ་ལ་ཟེར་ན་དེ་ཙམ་མི་མཛེས་སོ།ད་རུང་ཨུ་ལན་ཧོའུ་ཤོ།ཧར་གྭེ་སོགས་ཀྱང་ཆུ་བོ་དེ་དག་གི་མིང་དུ་ཟེར་ལ་སོག་སྐད་རེད། ང་ཚོས་འ་ཞ་རྒྱལ་བོའི་མཁར་ཤུལ་དང་བྱ་གླིང་མཚེར་བ་རི་སོགས་ལ་བལྟས་རྗེས་མདོ་ཁམས་གཡེར་མོ་ཐང་ཞེས་མིང་ཐོགས་ཡུལ་གཡེར་མོ་མེ་ཏོག་གི་ནེའུ་གསིང་བརྒྱུད།གཡེར་མོ་མེ་ཏོག་གི་དགའ་ཚལ་དུ་མཚོ་སྔོན་རྒྱང་བསྒྲགས་ཁང་གིས་ཁོ་བོ་ལ་བཅར་འདྲི་བྱས་རྗེས་ངེད་ཅག་དགའ་སྤྲོའི་ངང་རྐང་ཚ་རྫོང་ཐོག་ཏུ་བདེ་བར་འབྱོར།

    མདོ་ཁམས་ཀྱི་གཡེར་མོ་ཐང་ཞེས་པའི་མིང་འདི་ཁྲི་སྲོང་ལྡེ་བཙན་དུས་ནས་ཡོད་དེ།ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་ལས།མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་དུས་སུ།སློབ་དཔོན་གྱིས་བསྟན་མ་བཅུ་གཉིས་དང་ཡར་ལྷ་ཤམ་པོ།གཉན་ཆེན་ཐང་ལྷ་སོགས་དམ་ལ་བཀོད་ཀྱང་རྨ་རྒྱལ་སྦོམ་རས་བཀའ་མ་ཉན་པས།ཁོའི་རྐང་བ་གཡས་པ་ཁམས་ཀྱི་གཡེར་མོ་ཐང་ལ་བཞགགཡོན་པ་བསམ་ཡས་ཧས་པོ་རི་ལ་བཞག་སྟེ།ཞེས་སོགས་རྫུ་འཕྲུལ་གྱིས་དབང་དུ་བྱས་པར་གསུངས་པའི་དུས་ནས་གཡེར་མོ་ཐང་ཞེས་མིང་བརྡ་འདི་ཡོད།སྔོན་གྱི་ཆོས་འབྱུང་རྙིང་བ་ལ་ལར་དབྱར་མོ་ཐང་ཞེས་བྲིས་ཡོད་པའང་མཐོང་མྱོང་། དགུང་མོར་ང་ཚོའི་ཚན་ཆུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བགྲོ་གླེང་ཞིག་བསྡུས།དེའི་སྟེང་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་གིས་འདི་ལྟར་གསུངས།མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་ཆེས་མཛེས་པའི་རྒྱན་ཆ་ལྟ་བུ་དེ་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་མིང་ནི་མཚོ་སྔོན་པོ་ལས་བྱུང་བ་དང་། མཚོ་སྔོན་པོ་ནི་མཚོ་སྔོན་གྱི་མིག་དང་མིང་བྱང་ལྟ་བུའང་ཡིན། ཆོས་ལུགས་དང་མདོ་སྨད་ལོ་རྒྱུས་ཀྱི་ཆེས་གད་འགངས་ཆེ་བའི་གནས་ཆེན་ཤིག་ཀྱང་རེད།དེས་ན་ང་ཚོས་ཀྱང་མཚོ་སྔོན་པོ་རང་གི་མིག་བཞིན་དུ་སྲུང་སྐྱོབ་བྱེད་རྒྱུ་འདི་མི་རེ་རེས་འགན་འཁྲི་གཙོ་བོ་ཡིན་ཞིང་ཕ་མེས་ཡང་མེས་ཀྱིས་འདི་ལ་དད་མོས་དང་བརྩི་སྲུང་བྱས་པ་བཞིན་ང་ཚོས་ཀྱང་འདི་ལ་རྩི་བཀུར་དང་སྲུང་སྐྱོང་བྱ་དགོས ཚན་རིག་པས་ཚོད་དཔག་ལྟར་ན་མཚོ་སྔོན་པོ་འདི་རྨིད་བརྒྱ་ཙམ་མར་ལ་བྲི་སོང་བས་ད་ལྟའི་མཚོ་ལྟ་བུ་གཉིས་ཆེ་ཆུང་ལ་སོང་།དེ་དག་གཙོ་བོ་མཁའ་དབུགས་དྲོད་ཚད་མཐོ་རུ་སོང་བ་དང་གནམ་འབབ་ཚད་མ་འདང་བས་ཆར་ཆུ་ཇེ་ཉུང་ལ་སོང་བ།དེ་བས་ཆུ་ཕྲན་མང་བོ་སྐམ་པ་སོགས་རང་བྱུང་གི་གནོད་འཚེ།ཕྱུག་ཟོག་མང་ཆེ་སྟེ་རྩྭ་ས་མ་འདང་བའི་རྐྱེན་གྱིས་སའི་བཅུད་ཉམས་པ། གཞན་ཡང་།ཤ་ཁྲག་ཆུ་ལ་འདྲེས་པ་དང་གསུར་རྡུར་སོགས་ཀླུ་དང་མཚོ་ལ་གནོད་པའི་བྱ་བྱེད་ཀྱིས་ཁོར་ཡུག་ཉམས་ཤིང་མཚོ་སྐམ་པའི་གནས་ཚུལ་མཐོང་། དེས་ན་ང་ཚོས་ཀྲུང་དབྱང་གིས་བཏོན་པའི་མཚོ་བོད་མཐོ་སྒང་རི་ཆུའི་རིག་གནས་སྲུང་སྐྱོངབ་དགོངས་དོན་ལག་བསྟར་དང་།བོད་མི་རིགས་ཀྱི་སྲོལ་རྒྱུན་དར་སྤེལ། ནང་ཆོས་ཀྱི་རི་ཆུ་དང་སྲོག་ལྡན་ལ་སྲུང་སྐྱོང་དགོས་པའི་བསམ་བློར་མཐོང་ཆེན་བྱས་ནས་ཚེ་སྲོག་གི་འདྲ་མཉམ་རིན་ཐང་དང་སྐྱེ་ཁམས་ཀྱི་ལྟ་བར་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཐད་བྱ་བ་ཕྲན་བུ་རེ་སྒྲུབ་དགོས། སླད་ཕྱིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས། བརྙན་འཕྲིན། ཚགས་པར། དུས་དེབ། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོ། དགོན་སྡེ། སློབ་གྲྭ། སྡེ་བ། ཐ་ན་ཁྱིམ་ཚང་རེ་རེ་དང་མི་སྒེར་བཅས་ལ་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་དགོས་པ་ཁྱབ་བསྒྲགས་བྱས།སློབ་གསོ་བཏང་།ཤེས་ཡོན་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོབ།རྩ་ས་བཀོལ་སྤྱོད་བྱེད་ཚད།ཆུ་དང་ཆུ་མགོ་ལ་གཅེས་སྤྲས་བྱེད་པ།གཏེར་དང་དར་ལྕོག རླུང་རྟ་སྦུར་བ།བསངས་གསུར་གཏོང་བ་སོགས་ལ་ཚད་དང་རན་པ་བྱ་རྒྱུ་བཅས་བྱས་ནས་དྭངས་གཙང་།མཛེས་སྡུག་གི་ཡུལ་ལྗོངས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན།ཞེས་གསུངས་བྱུང་།

    དེའི་ཕྱི་ཉིན་ང་ཚོས་མཚོ་ཆུང་ནོར་བུའི་ཁ་ནས་བསངས་ཕུད།ཀྭི་སྭོ་ལྷ་རྒྱལ་གནམ་ས་འགུལ་བ་ལྟ་བུ་འཐེན་ཏེ་ལྷ་ལ་འཕྲིན་བཅོལ་བྱས་རྗེས།སྐུ་གཞོན་ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ་གཙོས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རི་ཆུའི་རིག་གནས་འཚོལ་སྡུད་ཚན་ཆུང་དང་བདེ་མོ་བཞག ཁྱེད་རྣམ་པས་མཚོ་བོད་མཐོ་སྒང་ལ་བཅིངས་པའི་བརྩེ་དུང་ང་ཚོས་བརྗེད་མི་སྲིད།རྗེས་ནས་མྱུར་དུ་མཇལ་བའི་སྨོན་འདུན་ཞུ།།

 ཞེས་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན།སྐུ་ཕྱོགས་ཨོའུ་རྒྱའི་སྤྲུལ་མིང་བ་བློ་བཟང་འཇམ་དཔལ་དགྱེས་པའི་རྒྱ་མཚོ། མིང་གཞན་གསེར་ལག་ཏུ་འབོད་པས་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་བྲིས་པ་དགེའོ།། །།

རྩོམ་ཡིག་མཁོ་སྤྲོད་པ།  སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23480655
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།