ཚད་མ་རིག་པ་དགོས་མིན་གྱི་རྩོད་དོན་ཡོད་མེད་བཤད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ཚད་མ་རིག་པ་དགོས་མིན་གྱི་རྩོད་དོན་ཡོད་མེད་བཤད་པ།
ཚད་མ་རིག་པ་དགོས་མིན་གྱི་རྩོད་དོན་ཡོད་མེད་བཤད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-02-03ལྟ་ཀློག (6017)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚད་མ་རིག་པ་དགོས་མིན་གྱི་རྩོད་དོན་ཡོད་མེད་བཤད་པ།

 དོར་ཞི་རིན་པོ་ཆེ།

༄༅། །ཚད་མ་རིག་པ་དགོས་མིན་གྱི་རྩོད་དོན་ཡོད་མེད་བཤད་པ།

          བསྡུས་གྲྭ་ཞེས་པ་གསུང་རབ་ཀྱི་བརྡ་དང་ཐ་སྙད་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚད་མའི་རིགས་ལམ་ལ་བརྟེན་ནས་དཔྱོད་ཞིབ་གཏོང་བའི་བློ་རྩལ་སྦྱོང་བའི་རིག་གཞུང་ཞིག་གི་མིང་ཡིན་ལ།  དེ་ནི་དུས་རབས་བཅུ་གཅིག་པའི་ནང་དུ་ཕྱ་བ་ཆོས་ཀྱི་སེངྒེས་ཚད་མའི་རིགས་ལམ་ལ་བརྟེན་ནས་སྲོལ་བཏོད་པའི་རིགས་འཕྲུལ་ཡ་མཚན་པ་གཞན་ལ་མེད་པའི་རིག་གནས་རྩ་ཆེན་ཞིག་ཡིན་ལ།  བོད་ཀྱི་མཁས་པའི་ཕྱག་རྗེས་འཛམ་གླིང་དུ་ངོམ་ཆོག་པ་ཞིག་ཀྱང་ཡིན།  དུས་རབས་སྔ་མའི་ལོ་རིམ་བརྒྱད་ཅུའི་ནང་ཐེ་ཝན་ཀྲུང་ཧྲན་སློབ་ཆེན་བོད་རིག་པར་ཞིབ་འཇུག་བྱེད་པའི་དགེ་རྒན་ཆེན་མོ་ཞིག་གིས་ང་ལ།  ཁྱེད་ཅག་བོད་ཀྱི་རིག་གནས་ནང་གི་ཆེས་རྩ་ཆེན་ཚད་མ་རིག་པ་རེད་ཟེར།  དེ་བདེན་ཏེ།  མཱ་ཁེ་ཟི་དང་ཨིན་གེ་ཟི་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་པ་ཚད་མ་རིག་པའི་ཐད་ནས་སྔོན་དུ་ཕྱིན་འདུག་ཅེས་བསྔགས་བརྗོད་བྱས་མྱོང་།  ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མཆེད་ཁུངས་ནི་ཀུ་རུ་ཟིའི་ཡུལ་ཡིན་ལ།  དེའི་རིགས་འཕྲུལ་སྨྲ་བའི་མེས་པོ་སུ་ཁ་ར་ཏིས་རིགས་སྨྲའི་གཞུང་གི་རིགས་པའི་འགྲོ་ལུགས་དང་རང་རེའི་བསྡུས་གྲྭའི་རིགས་ལམ་གཉིས་ཀྱི་བར་ན་འདྲ་ས་མང་བ་ཧ་ལས་དགོས་པ་ཞིག་འདུག  ཨ་རིའི་སི་ཏོད་ཀྱི་གཏན་ཚིགས་རིག་པའི་གཞུང་ནི་རྒྱ་གར་གྱི་གཏན་ཚིགས་རིག་པ་དང་འདྲ་ས་མང་བ་ཞིག་རེད་ལ་རྒྱ་གར་ནས་ཕར་མཆེད་པ་ཡིན་ཞེས་སྨྲ་མཁན་ཡོད་དོ། །དེ་ནི་དེང་སང་ནུབ་ཕྱོགས་ཀྱི་གཏན་ཚིགས་རིག་པའི་མཆེད་ཁུངས་གཅིག་པོ་རེད།  ཕྱ་བ་ཆོས་སེང་གི་བསྡུས་གྲྭ་དང་ས་པཎ་གྱི་རིགས་གཏེར་གཉིས་བོད་ཀྱི་ཚད་མའི་རང་གཞུང་གི་ཐོག་མ་ཡིན་ལ།  བོད་ཀྱི་མཁས་པས་འཛམ་གླིང་དུ་བཞག་པའི་རིག་གནས་ཀྱི་རྨད་དུ་བྱུང་བའི་ཕྱག་རྗེས་སུ་བརྩི་ཆོག   འཇིག་རྟེན་མིག་ཏུ་གྱུར་པའི་ཚད་མ་རིག་པ་འདི་གངས་ལྗོངས་སུ་དར་ཕྱིན་ཆད།  བོད་ཀྱི་མཁས་པའི་སྐྱེ་བོ་རྣམས་ལ་རིགས་པའི་མིག་ཐོབ་ཅིང་རྨོངས་པའི་སྲོག་རྩ་གཅོད་པའི་རིགས་འཕྲུལ་གྱི་མཚོན་རྣོན་ཞིག་ལག་ཏུ་ཚུད་པ་དང་འདྲ་བར་བོད་འགྱུར་མདོ་སྔགས་གཞུང་ལུགས་གང་གི་ཐད་ནས་ཀྱང་འཐད་སྒྲུབ་ཀྱི་རིགས་པས་ཞུ་དག་བྱས་ནས་ཚིག་དང་དོན་གྱི་ཆ་ལ་སྔ་ན་མེད་པའི་ཞིབ་ཆ་དང་དག་ཆ་དེ་ཐོན། བོད་ཀྱི་ཤཱཀྱའི་རྗེས་འཇུག་མང་བོ་ཞིག་དབང་རྟུལ་དད་པའི་རྗེས་འབྲང་གི་ཁྱུ་ནས་བུད་དེ། འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་སྲོལ་ཕྱེ་བའི་བདེན་གཉིས་ཀྱི་ཤེས་བྱ་ཐམས་ཅད་རྒྱུ་མཚན་ཡང་དག་གིས་གཏན་ལ་འབེབས་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་གྲལ་དུ་ཆུད་པ་དང་།  ཐོས་བསམ་སྒོམ་པའི་ཐེམ་སྐས་རིམ་འཛེག་གི་རབ་བྱུང་རྣམས་ཀྱང་མ་ཎི་བགྲང་བའི་གྲོང་གི་རྒད་པོ་རྒན་མོ་རྣམས་ལས་ཁྱད་ཐོན་པ་དེ་ཚད་མའི་རིགས་ལམ་ལ་བརྟེན་པའི་མདོ་རྒྱུད་ཀྱི་གཞུང་ཆེན་པོ་རྣམས་ལ་བློ་མིག་ཕྱེ་བའི་དྲིན་ཡིན།  ཆོས་ཀྱི་གྲགས་པས།  སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དག་གིས་སྡང་བར་ཡང་།  །ཞེས་པ་ལྟར།  དགྲ་འདུལ་གཉེན་སྐྱོང་དང་རྒྱུ་ནོར་སྡུད་ལེན་སོགས་ཕལ་བའི་ལས་ལ་དགའ་ན་དགའ།  ཤེས་རབ་ཀྱི་རྩལ་མེད་ནའང་མེད།  མདོ་སྡེའི་རྒྱན་དུ།  རིན་ཆེན་རིགས་ལྡན་རིན་ཐང་མེད།  །ལྟ་མི་ཤེས་པའི་མིག་མི་མགུ། །ཞེས་པ་ལྟར། ལེགས་བཤད་དོན་དུ་མི་གཉེར་ནའང་མ་གཉེར།  འོན་ཀྱང་རང་གིས་མ་སྦྱངས་པ་དང་མི་ཤེས་པའི་རིག་གནས་དེ་མི་མཁོ་མི་དགོས་ཞེས་རྒྱུ་མཚན་ལྟར་སྣང་དུ་མ་བཀོད་ནས་བཀག་པ་དེ་མཁས་བླུན་སུ་ཡིན་ཡང་མི་འོས།  ལོ་དུ་མའི་སྔོན་ལ་ཕྱི་རྒྱལ་དུ་སྡོད་པའི་བོད་ཀྱི་མཁས་པར་གྲགས་པ་ཞིག་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་གཏམ་བཤད་མཛད་སྐབས་ཚད་མ་རིག་པ་མི་དགོས་ཞེས་བཤད་པས། ཉན་མཁན་གྱི་དགེ་སློབ་རྣམས་ཆ་ལྡིར་གྱིས་བགད་པའི་ཧབ་ཆ་བརྒྱབ་པ་ཐོས།  མཁས་གཏམ་བརྒྱ་བཤད་ཀྱང་ཚིག་གཅིག་གིས་རང་གི་ཨོང་ལོ་ཕུད་པ་དེ་ལ་ཟེར་བ་ཡིན།

        ཐ་སྙད་ཚད་མ་མེད།  རྣམ་གྲོལ་དོན་དུ་གཉེར་མཁན་ལ་ཚད་མ་མི་དགོས།  ཞེས་པའི་གཏམ་དེ་གསར་བྱུང་མིན་ལ།  བོད་གླེན་པའི་ཁྲོད་དུ་གནའ་ནས་ཡོད་པའི་ལྟ་ལོག་ཅིག་ཡིན་ལ།དེའི་ལན་རྗེ་ཡབ་སྲས་ཀྱིས་བཏབ་ཟིན་པས་ངེད་ཅག་གིས་ལན་འདེབས་པའི་ངལ་བ་བྱེད་མི་དགོས་ཏེ། མཁས་གྲུབ་རྗེའི་ཚད་མ་ཡིད་ཀྱི་མུན་སེལ་ལས། ཁ་ཅིག་ན་རེ། ཚད་མའི་བསྟན་བཅོས་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ་ཟེར་ཏོ།། དེ་ལ་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར་རྟོག་གེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་བའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏགས་ཙམ་གྱི་སྒོ་ནས་བཞག་པའི་རྟོག་གེ་དང། ཡང་མདོ་སྡེ་རྒྱན་ལས། རྟོག་གེ་རྟེན་ཅིང་མ་ངེས་ལ།།མ་ཁྱབ་ཀུན་རྫོབ་སྐྱེ་བོ་ཅན།།བྱིས་པ་ལ་ནི་བརྟེན་པར་འདོད།།ཅེས་བཤད་པ་ལྟར།དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་བཟུང་བའི་སྒོ་ནས་ངེས་དགོས་ཀྱི། མངོན་དུ་མ་གྱུར་པ་ལ་རྟོག་གེར་བྱས་པའོ།།དེའི་ཕྱིར་དེ་དག་སྟོན་པའི་བསྟན་བཅོས་འདི་དག་འཇོག་མཚམས་སྔ་མའི་དབང་དུ་བྱས་པའི་རྟོག་གེ་བསྟན་བཅོས་ཡིན་པར་ཁྱེད་རང་ཡང་མི་འདོད་ལ།རིགས་པས་ཀྱང་མ་གྲུབ་སྟེ།རང་གི་སྟོན་པ་ཐམས་ཅད་མཁྱེན་པའི་རྗེས་སུ་འབྲངས་ནས་བཞག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ།།འཇོག་མཚམས་གཉིས་པའི་དབང་དུ་བྱས་པའི་རྟོག་གེ་ཡིན་པས།གྲོལ་བ་དོན་གཉེར་ལ་མི་མཁོ་བར་འདོད་ན།  སྦྱོར་ལམ་ཆོས་མཆོག་མན་ཆད་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འགྱུར་ཏེ།ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་དགོས་པའི་ཕྱིར་རོ།།ཚད་མ་ནང་རིག་པའི་བསྟན་བཅོས་མ་ཡིན་པར་འདོད་པ་ཡང་མི་འཐད་དེ།ནང་རིག་པའི་བསྟན་བཅོས་ཞེས་བྱ་བ་ནི།སྤང་བྱ་མ་རིག་པ་སྤང་བ་དང་།གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་པའི་ཐབས་སྟོན་པའི་བསྟན་བཅོས་ལ་བརྗོད་པ་ཡིན་ལ།ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང་།གང་ཟག་དང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ཕྱིར་རོ།།དེ་ཙམ་གྱིས་ནང་རིག་པར་མི་འགྱུར་ན།རྗེ་བདག་ཉིད་ཆེན་པོས་རྟོགས་བརྗོད་མདུན་ལེགས་མར།བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།།སྦྱངས་དང་མ་སྦྱངས་དུ་མས་མགྲིན་གཅིག་ཏུ།།མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ།།བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།།འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ།།དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།།འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད།།དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ།།མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན།།ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།།ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས།།རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།།ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི།།བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།།ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱིས།།ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།།ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།།ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ།།བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།།ཞེས་གསུངས།

ཚད་མ་མི་དགོས་ཞེས་པའི་གཏམ་དེ་གྲུབ་མཐའི་ཕྱོགས་རིས་མིན་ཏེ།བཀའ་གདམས།དགེ་ལུགས།ས་སྐྱ་བ་མ་བཤད།ཉམས་ལེན་གཙོ་བོར་བྱེད་པའི་བཀའ་བརྒྱུད།རྙིང་མ་དང་།ཇོ་ནང་གི་མཁས་པའི་ཁྲོད་ན་ཡང་ཚད་མའི་རིགས་ལམ་ལ་མཁས་ཤིང་ཚད་མའི་གསུང་རྩོམ་མཛད་པ་ཡོད་དེ།དཔེར་ན་ཀརྨ་མི་བསྐྱོད་རྡོ་རྗེའི་རྣམ་འགྲེལ་ཊྰིཀ་ཆེན་དང་།རྙིང་མའི་མཁས་གྲུབ་ཆེན་པོ་འཇུ་མི་ཕམ་པའི་རྣམ་འགྲེལ་ཊྰིཀྐ་དང་།བསྡུས་ཚད་སྨྲ་བའི་སྒོ་འབྱེད།ཇོ་ནང་འབའ་མདའ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་འགྲེལ་ཆེན་སོགས་གྲགས་ཆེ་ལ།ཆོས་བརྒྱུད་གྲུབ་མཐའ་སོ་སོར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་མཁས་པ་ཡོད་པའི་ཕྱིར་རོ།།

     སངས་རྒྱས་ཀྱི་ཆོས་ལུགས་འདི་ཀུན་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བ་མཐར་ཐུག་གི་དམིགས་ཡུལ་ཡིན་པས།འཇིག་རྟེན་གྱི་རིག་གནས་ལ་དགོས་དང་མི་དགོས་མེད་པར་ཐམས་ཅད་ཤེས་བྱ་དང་ཤེས་དགོས་པ་དང་བསླབ་དགོས་པ་ཤ་སྟག་ཡིན།དེ་ཡང་རྗེ་བཙུན་བྱམས་པས།རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།།འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འཐོབ་སྟེ།།དེ་བས་གཞན་དག་ཚར་གཅོད་རྗེས་སུ་འཛིན་ཕྱིར་དང་།།བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ།།ཞེས་གསུངས་པའི་ཚིག་རྐང་སྔ་མ་གཉིས་ཀྱིས་དོན་དུ་གཉེར་བྱ་མཐར་ཐུག་ཀུན་མཁྱེན་རྒྱལ་བའི་གོ་འཕང་ཡིན་པ་དང།དེའི་རྒྱུ་སྒྲུབ་པ་ལ་རིག་པའི་གནས་ལྔའི་མཚོན་པའི་རིག་གནས་བཅུ་དང་རིག་གནས་ཀུན་ལ་སྦྱངས་དགོས་པ་དང་མཁས་དགོས་པར་བསྟན།ཚིག་རྐང་ཕྱི་མ་གཉིས་ཀྱིས་རིག་གནས་ལ་ལོག་སྨྲ་ཚར་གཅོད་པའི་རིག་གནས་དང་།གདུལ་བྱ་རྗེས་འཛིན་རིག་གནས་དང་།རང་ཉིད་ཤེས་བྱ་ཀུན་ཤེས་པའི་རིག་གནས་ཀྱི་དབྱེ་བ་བསྟན་ཏོ།།དེ་ཡང་ལོག་སྨྲ་ཚར་གཅོད་ཀྱི་བྱེད་ལས་ལྡན་པའི་སྒྲ་དང་ཚད་མ།གདུལ་བྱ་རྗེས་འཛིན་གྱི་བྱེད་ལས་གཙོ་བོར་བྱེད་པའི་བཟོ་དང་གསོ་བ།རང་ཉིད་ཀུན་མཁྱེན་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཤེས་བྱ་ནང་དོན་རིག་པ་སྟེ་ལྔའོ།།དེ་ནང་གི་ནང་དོན་རིག་གནས་རྩ་བ་དང་།གཞན་དག་དེའི་ཡན་ལག་ཡིན།ཁ་ཅིག་གིས་ཚད་མ་ནི་མུ་སྟེགས་རྒོལ་བ་བཟློག་པའི་གཞུང་ཡིན་པས།བོད་ན་མུ་སྟེགས་ཕྱི་རོལ་བ་མེད་པས་ཚད་མ་མིི་དགོས་སོ་ཞེ་ན།མུ་སྟེགས་ཕྱི་རོལ་བ་མེད་ན་རང་གི་སེམས་ན་མུ་སྟེགས་པའི་ལྟ་བ་མེད་དམ།ལྟ་ལོག་ལྔ་མེད་དམ།ཡོད་ན་དེ་དག་ཤེས་པ་ཚད་མས་དམིགས་ཕྱེ་ནས་སྤངས་མི་དགོས་སམ།ཚད་མ་བསླུ་མེད་ཅན་ཤེས་པ།།ཞེས་གསུངས་པས།སྤྱི་ཚོགས་ཀྱི་འཚོ་བའི་ནང་བསླུ་བའི་འཁྲུལ་ཤེས་དང་།མི་བསླུ་བའི་ཤེས་པ་ཚད་མ་གཉིས་སོ་སོར་འབྱེད་མི་དགོས་སམ།ཞེས་འགལ་ཁུར་མང་དུ་འབབ།ཀུན་མཁྱེན་གྱི་གོ་འཕང་སྒྲུབ་པ་ལ་རིག་གནས་གང་ཡང་ཤེས་དགོས་ཤིང་བསླབ་དགོས་ཏེ།ས་པཎ་གྱིས།མ་བསླབ་པ་ལ་ཀུན་མཁྱེན་དུ།།འགྲོ་ན་རྒྱུ་འབྲས་ག་ལ་བདེན།།གསུངས་པས།རང་བཞིན་རིག་གནས་ཡོད་པ་ཙམ་གྱིས་འཚང་མི་རྒྱ།ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་བསྐྱེད་ཅིང་བསོད་ནམས་ཀྱི་ཚོགས་བསྒྲུབས་ཏེ་རྒྱས་འགྱུར་གྱི་རིགས་སྤེལ་དགོས།ཐོས་བསམ་གྱི་ས་བོན་མ་བཏབ་པར་སྤང་གི་ཤ་མོ་རྡོལ་བ་བཞིན་འཚང་མི་རྒྱ།མདོ་ཡི་བཞི་ལྷག སྔགས་ཀྱི་རིམས་གཉིས།ཕྱག་ཆེན།རྫོགས་ཆེན་གང་སྒོམ་ཡང་སྤྱི་དང་བྱེ་བྲག་གི་གཞུང་ལ་ཐོས་བསམ་གྱི་སློབ་སྦྱོང་གི་སྔོན་འགྲོ་དེ་སྔོན་འགྲོ་གཞན་དག་ལས་ཀྱང་གལ་ཆེ་སྟེ།སེམས་ཀྱི་ནང་དུ་ནག་ལྡིབས་སེའི་བླུན་སྒོམ་གྱིས་རྟོགས་པ་བརྙེས་ན་དགུན་གསུམ་ཚང་དུ་ཡིབས་པའི་འཕྱི་བ་ཡང་གྲུབ་པ་ཐོབ་ངེས།གཞུང་ལ་ཐོས་བསམ་བྱེད་དགོས་ན་བླུན་པོའི་མ་བཅོས་ཤེས་པ་གཉུག་མས་གོ་མི་ཆོད།མངོན་སུམ་རྗེས་དཔག་གི་ཚད་མ་རིག་པས་བླང་དོར་དགག་སྒྲུབ་གྱི་ཤན་འབྱེད་ཤེས་དགོས།དེ་ཡང་ཚད་མའི་གཞུང་ལ་འཇུག་པའི་འཇུག་སྒོ་ལྟ་བུ་ནི་བསྡུས་གྲྭའི་རིགས་ལམ་ཆེ་འབྲིང་ཆུང་གསུམ་ཡིན།དེ་ལ་རིགས་པའི་མངོན་པ་དང།གསུང་རབ་སྤྱིའི་དགོངས་འགྲེལ།རྒྱལ་བའི་གཞུང་གི་གསང་མཛོད་འབྱེད་པའི་ལྡེ་མིག་སོགས་མིང་གི་རྣམ་གྲངས་དུ་མ་ཡོད།བོད་བརྒྱུད་ནང་བསྟན་གྱི་བཤད་གྲྭ་རྣམས་སུ་བྱིས་པ་ཁ་དམར་རྣམས་ཀྱང་ཐལ་ཕྱིར་དང་ཁྱབ་མ་ཁྱབ་ཟེར་ཤེས་པ་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་དང་ངོ་སོ་ཡིན།སྔོན་ཆད་གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱང་རང་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལ་དཔེ་ལྟོས་སྦྱངས་པ་བྱེད་པ་མ་གཏོགས་གྲུབ་མཐའ་གཞན་གྱི་གཞུང་ལུགས་ལ་ལྟ་རྟོག་མི་བྱེད།གྲུབ་མཐའ་ནང་གསེས་ཀྱང་རང་གི་གྲྭ་ཚང་གི་ཡིག་ཆ་མ་གཏོགས་ཡིག་ཆ་གཞན་ལ་ལྟ་རྟོག་མི་བྱེད། དེའི་གནད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པས་གྲུབ་མཐའི་ཕྱོགས་ཞེན་དང་ཡིག་ཆའི་ཕྱོགས་ཞེན་བྱུང་བ་རེད།དེ་ནི་མི་རིགས་པ་ནང་གི་མི་རིགས་པ་ཆེན་པོ་ཞིག་ཡིན་པར་སྣང་ལ།རིག་གནས་ཀུན་ཤེས་དམིགས་ཡུལ་དུ་བྱེད་པའི་མཁས་པ་རྣམས་ཀྱིས་གྲུབ་མཐའ་གཞན་གྱི་གཞུང་ལུགས་དང་།ཡིག་ཆ་གཞན་གྱི་འདོད་ཚུལ་སོགས་མ་ཤེས་ན་ཀུན་མཁྱེན་གྱི་དམིགས་ཡུལ་དང་རྒྱབ་འགལ་དུ་གྱུར་ཅིང་།ཁྲོན་པའི་སྦལ་བར་འགྱུར་ཉེན་ཡོད་པས།རིག་གནས་དེ་དགོས།རིག་གནས་འདི་མི་དགོས་ཞེས་མི་བསམས་ཤིང་མ་སྨྲས་པར།ལྟ་རྒྱ་ཐོས་རྒྱ་མུ་མེད་ནམ་མཁའ་ལྟར་རྒྱ་བསྐྱེད་དགོས་པར་བསམས་སོ།།ཞེས་པ་དོར་ཞིའི་སེམས་ཁོང་ནས་བརྡོལ་བའི་གཏམ་མོ།།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ་བན་ཤུལ་འབྲུག་ལྷ་རྒྱལ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། libp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548578
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།