ཁྱེད་ཀྱིས་རྒྱ་གར་གྱི་སློབ་དཔོན་ཙནྡྲ་གོ་མི་ཤེས་སམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ཁྱེད་ཀྱིས་རྒྱ་གར་གྱི་སློབ་དཔོན་ཙནྡྲ་གོ་མི་ཤེས་སམ།
ཁྱེད་ཀྱིས་རྒྱ་གར་གྱི་སློབ་དཔོན་ཙནྡྲ་གོ་མི་ཤེས་སམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-01-24ལྟ་ཀློག (8139)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཙནྡྲ་གོ་མི།

ལྷོ་སྤྲིན་དཀར།

ནང་དོན་མདོར་བསྟན།

      སློབ་དཔོན་ཙནྡྲ་གོ་མི་ནི།  རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་བོ་མཆོག་ཏུ་གྱུར་བ་ཞིག་སྟེ། ཆུང་ངུའི་དུས་ནས་རིག་པས་ཀློང་རྡོལ་ཞིང་། ཆོས་མདོ་སྔགས་གཞུང་ཆེན་ཡོད་ཚད་རང་ཆགས་སུ་ཐུགས་ལ་ཆུད་པ་དང་། ལྷག་པར་དུ་འཕགས་ཡུལ་གྱི་སྒྲའི་གཞུང་ཆེན་བཅུའི་ཡ་གྱལ་བྱ་ཀ་ར་ཎཱ་ཙནྡྲ་བ་ཁོང་གིས་བརྩམས།   ཕྱི་རོལ་མུ་སྟེགས་པའི་སློབ་དཔོན་དུ་མ་ནང་བའི་ཆོས་སྒོར་བཅུག་པ་སོགས་ཕྱག་རྗེས་བླ་ན་མེད་པ་བཞག་པའོ།།

སློབ་དཔོན་ཙནྡྲ་གོ་མི་ནི་སྤྱི་ལོའི་དུས་རབས་བདུན་པའི་སྐབས་བྱུང་བའི་རྒྱ་གར་གྱི་སློབ་དཔོན་དགེ་བསྙེན་ཟླ་བ་ཞེས་པའོ། །

དཀར་ཆག

1མུ་སྟེགས་པ་དང་རྩོད་པར་བགྱིས་པའི་ཚུལ། 2རྗེ་བཙུན་སྒྲོལ་མས་ཞལ་གཟིགས་པའི་ཚུལ། 3ཙནྡྲ་བྱཱ་ཀ་ར་ཎ་མཛད་པ། 4 ན་ལེནྡྲར་བྱོན་པ། 5 བསྟན་བཅོས།

       སློབ་དཔོན་ཙནྡྲ་གོ་མི་ནི། རྒྱ་གར་ཤར་ཕྱོགས་ལྷཾ་ག་ལར་རྒྱལ་རིགས་ཀྱི་པཎྚི་ཏ་བི་ཤེ་ས་ཞེས་པའི་བུར་སྐུ་འཁྲུངས་ཤིང་། བཙས་མ་ཐག་ཏུ་མ་ལ་ཕྱག་བྱས་ཏེ་ཟླ་བ་བཅུར་འོ་བརྒྱལ་བར་མ་གྱུར་ཏམ་ཞེས་སྨྲས་པས། བྱིས་པ་བཙས་མ་ཐག་སྨྲ་བ་ནི་མི་རུང་ངོ་ཁ་རོག་སྡོད་ཟེར་ནས། ལོ་བདུན་གྱི་བར་ཅང་མི་སྨྲ་བར་གྱུར་ཏོ།།  ཡུལ་དེར་མུ་སྟེགས་ཀྱི་པཎྚི་ཏ་ཞིག་གིས་ཤིན་ཏུ་གོ་དཀའ་བའི་ཚིགས་སུ་བཅད་པ་རྐང་བ་བཞི་བ་ཞིག་གི་ནང་དུ་སྒྲའི་དོན་ཀུན་འདུས་ཤིང་།ཟུར་གྱིས་སངས་རྒྱས་ཀྱི་གྲུབ་མཐའ་འགོག་པ་ཞིག་བརྩམས་ནས་ཡུལ་དེའི་རྒྱལ་བོ་ལ་བསྐུར་ནས་ནང་བའི་པཎྚི་ཏ་རྣམས་ལ་ཚིག་འདི་དག་གི་དོན་རྣམ་པར་འགྲེལ་དུ་ཆུག    གལ་ཏེ་མི་ཁྲོལ་ན་བདག་ལ་གུས་པར་གྱིས་ཤིག་ཅེས་སྤྲིངས་པ་རྒྱལ་པོས་མཁས་པའི་ཚོགས་རྣམས་ལ་བཀྲམས་ནས་དོན་ཁྲོལ་ཅེས་གདམ་སོ།།དེར་ཙནྡྲ་གོ་མིའི་ཡབ་ཀྱིས་ཡི་གེ་དེ་རང་གི་ཁྱིམ་དུ་བཞག་ནས། ཁོ་ཕྱི་རོལ་ཏུ་བྱ་བ་བྱེད་པར་སོང་བ་ན་སྐབས་དེར་ཙནྡྲ་གོ་མི་ལོ་བདུན་ཡིན་པ་ལ་ཁོས་ཡི་གེ་དེར་ལན་གཅིག་བལྟས་པས་དོན་ཤེས་ཤིང་ལན་གདབ་པར་དཀའ་བ་མེད་པར་དེའི་དོན་འགྲེལ་བའི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ།།ཕ་ནང་དུ་འོངས་པ་ན་དེ་ལྟར་ལན་བྲིས་པ་མཐོང་ནས། ཙནྡྲ་གོ་མིའི་མ་ལ་ཁྱིམ་དུ་སུ་འོངས་དྲིས་པར་གཞན་སུ་མ་ཡང་མ་འོངས་ཏེ་བུ་ལྐུགས་པས་བལྟ་ཞིང་བྲིས་སོ་ཟེར། དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག་གོ།  མས་སྨྲས་ཤིག་ཟེན་ནས།འདི་ནི་བདག་གིས་བྲིས་པ་སྟེ་རྒོལ་བ་འདི་བཟློག་པ་ནི་དཀའ་བ་མ་ཡིན་ནོ་ཟེར།   དེ་ནས་ཁྱེའུས་བྲིས་པའི་ཡི་གེ་རྒྱལ་བོ་ལ་སྤྲིངས་ནས་ཞག་བདུན་ན་རྩོད་པའི་དུས་བཏབ་པོ།།དུས་ལ་བབས་ནས་རྒྱལ་བོ་དབུས་སུ་བཞུགས། གཡས་སུ་ཙནྡྲ་གོ་མི། གཡོན་དུ་མུ་སྟེགས་ཀྱི་རྒོལ་བ་དང་། ཕྱི་ནང་གི་པཎྚི་ཏ་རྣམས་དང་སྐྱེ་བོ་མང་པོའི་ཚོགས་དང་བཅས་རྩོད་པ་ལ་མངོན་དུ་ཕྱོགས་པའི་ཚེ།  མུ་སྟེགས་ཀྱི་པཎྚི་ཏ་ན་རེ། པཎྚི་ཏ་ཆེན་པོ་དག་གིས་ཀྱང་ཁོ་བོ་དང་ལྷན་ཅིག་རྩོད་པར་མི་འོས་ན་ཁྱོད་ལྟ་བུའི་བྱིས་པ་ཆུང་ཆུང་ག་ལ་འོས།མྱུར་དུ་ཁྲི་ལས་བོབས་ལ་པཎྚི་ཏ་རྩོད་པར་ནུས་པ་ཞིག་ཁྲིའི་སྟེང་དུ་སྡོད་ཅིག་སྨྲས་པ་ན།  དེའི་ལན་དུ་ཙནྡྲ་གོ་མིས།ཀྱེ་མའོ་ལྕགས་ཀྱུ་རྣོ་པོས་གླང་ཆེན་དབང་སྡུད་ལྕགས་ཀྱུ་གླང་ཆེན་ཙམ་མམ་ཅི།།རབ་འབར་མར་མེས་མུན་པ་འཇོམས་བྱེད་མར་མེ་མུན་པའི་ཚད་དམ་ཅི།།རྡོ་རྗེས་བསྣུན་ན་རི་བོའང་འབིགས་བྱེད་རྡོ་རྗེ་རི་བོའི་གཏོས་སམ་ཅི།། གང་ན་བློ་ཡི་སྟོབས་ཡོད་དེ་ཚེ་རགས་པའི་ལུས་ལ་སུ་ཡིད་རྟོན།།ཞེས་གསུངས་པས།  མུ་སྟེགས་པ་དེའི་སེམས་སུ། བྱིས་པ་འདི་རང་བཞིན་པ་ཞིག་མིན་པ་འདྲ་ལྷ་ཆེན་པོའམ། དབྱངས་ཅན་མ་གང་རུང་ཞིག་གི་རྣམ་སྤྲུལ་དུ་གོར་མ་ཆག་གོ་སྙམ་ནས། བདག་རྩོད་པར་མི་སྤོབས་སོ་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས། ཙནྡྲ་གོ་མི་རྒྱལ་ཏེ་བྱ་དགའ་ཆེན་པོ་ཐོབ། དེ་ལྟར་རིག་པའི་གནས་མཐའ་དག་ལ་རང་འཁྲུངས་སུ་ཤེས་པ་ཞིག་བྱུང་སྟེ་སྙན་གྲགས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ།།

རྗེ་བཙུན་སྒྲོལ་མས་ཞལ་གཟིགས་པའི་ཚུལ།
     ཙནྡྲ་གོ་མིས་བ་རེནྡྲའི་རྒྱལ་བོའི་བུ་མོ་ཏཱ་ར་ཞེས་པ་བག་མར་བླངས་ཏེ་བཞུགས་པ་ན།  རེ་ཞིག་གི་ཚེ་གཡོག་མོས་ཏཱ་ར་ཞེས་བོས་པ་གསན་པས།ཡི་དམ་དང་བུད་མེད་ཀྱི་མཚན་མཐུན་པ་མི་རུང་ངོ་དགོངས་ནས་ཡུལ་གཞན་ཞིག་ཏུ་འབྱོན་པར་ཆས་པ་ན།འཁོར་གྱིས་བཟུང་སྟེ་རྒྱུ་མཚན་དྲིས་པ་ལ་ལན་བསྙད་དོ།། དེ་རྒྱལ་བོས་ཐོས་ཏེ། ངའི་བུ་མོ་དང་ལྷན་ཅིག་ཏུ་མི་འདུག་ན་ཆུ་ལ་སྐྱུར་ཅིག་ཟེར་བ་ལྟར་གངྒཱའི་དབུས་སུ་བསྐྱུར་བ་ན།སློབ་དཔོན་གྱིས་སྒྲོལ་མ་ལ་བསྟོད་པས་སྒྲོལ་མས་གངྒཱའི་དབུས་སུ་གླིང་ཞིག་སྤྲུལ། ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་པས།  ཕྱིས་སུ་ཡུལ་དེ་ལ་ཙནྡྲའི་གླིང་ཞེས་གྲགས། སླད་ནས་བ་རནྡྲའི་རྒྱལ་བོའང་དད་དེ་མཆོད་གནས་མཛད་དོ།།

3 ཙནྡྲ་བྱཱ་ཀ་ར་ཎ་མཛད་པ།

       སློབ་དཔོན་གྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེ་མཆོག་སྲེད་ཀྱི་ལྷ་ཁང་ན་ཀླུ་ལ་སྒྲ་ཉན་པའི་བཀོད་པ་དང་།  ཀླུ་ཤེ་ཥས་བྱས་པའི་པཱ་ཎི་བའི་འགྲེལ་བ་འདུག་པ་ཡང་གཟིགས་པས། འགྲེལ་བ་ཞེས་བྱ་བ་ཚིག་ཉུང་བ། དོན་མང་བ། མ་ཟློས་པ། ཚང་བ་ཞིག་དགོས་པ་ཡིན་པ་ལ། ཀླུ་ནི་རབ་ཏུ་རྨོངས་ཏེ།ཚིག་མང་བ། དོན་ཉུང་བ། ཟློས་པ། མ་རྫོགས་པའོ་ཞེས་སྨད་ནས། པཱ་ཎི་བའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ན་ཡན་ལག་དང་བཅས་པ་མཛད། གཞུང་དེར་ཉུང་ངུ་རྣམས་གསལ་ཡང་དག་རྫོགས། ཞེས་གསུངས་པ་ཡང་ཀླུ་ལ་ཟུར་ཟ་བའོ།།

4 ན་ལེནྡྲར་བྱོན་པ།

       དེ་ནས་སློབ་དཔོན་ཙནྡྲ་གོ་མི་ཡུལ་དབུས་ཀྱི་ན་ལེནྡྲར་བྱོན། དེ་ཡང་ན་ལེནྡྲ་ན་མུ་སྟེགས་པ་དང་རྩོད་པར་ནུས་པའི་པཎྚི་ཏ་རྣམས་ལྕགས་རིའི་ཕྱི་རོལ་ཏུ་ཆོས་འཆད། མི་ནུས་པ་རྣམས་ཀྱིས་ནང་དུ་ཆོས་འཆད་པ་ཡིན་པས། སློབ་དཔོན་ཟླ་བ་གྲགས་པ་ནི་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་བའི་ཕྱི་རོལ་ཏུ་ཆོས་འཆད་ཅིང་བཞུགས་སར་ཙནྡྲ་གོ་མིས་འགྲེང་སྟེ་མ་གུས་པའི་ཚུལ་གྱིས་བཞུགས་པ་ལ།  སྤོབ་དཔོན་ཟླ་བ་གྲགས་པས་ཁྱོད་གང་ནས་འོངས། ཆོས་གང་ཤེས་དྲིས་པར། ལན་དུ་ལྷོ་ཕྱོགས་ནས་འོངས། སྒྲ་པཱ་ཎི་བ་དང་། བསྟོད་པ་ལྔ་བཅུ་བ་འཇམ་དཔལ་མཚན་བརྗོད་གསུམ་ལས་མི་ཤེས་ཞེས་ཁེངས་སྐྱུངས་དང་བཅས་སྨྲོས།  སློབ་དཔོན་གྱིས་སེམས་སུ་འདི་གསུམ་ལས་མི་ཤེས་ཞེས་ཁེངས་སྐྱུངས་ཀྱང་དོན་གྱིས་མདོ་སྔགས་ཐམས་ཅད་ཤེས་པར་ཁས་བླངས་པས།  འདི་ཙནྡྲ་གོ་མི་ཡིན་ནམ་སྙམ་སྟེ་དྲིས་པར། འཇིག་རྟེན་ན་དེ་ལྟར་གྲགས་གསུངས། དེ་ནས་འོ་ན་མཁས་པ་ཆེན་པ་ཐོག་བབས་སུ་བྱོན་པ་མ་ལེགས་ཀྱི། དགེ་འདུན་གྱིས་བསུ་བ་བྱེད་དགོས་ལས་རེ་ཞིག་གྲོང་ཁྱེར་དུ་བཞུད་ཅིག་གསུངས།  ཙནྡྲ་གོ་མིས་བདག་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བར་བྱ་ག་ལ་རུང་གསུངས།  སློབ་དཔོན་ཟླ་བ་གྲགས་པས་འདི་ལ་ཐབས་ཤིག་ཡོད་དེ། འཕགས་པ་འཇམ་དཔལ་གྱིས་སྐུ་ཞིག་སྤྱན་འདྲེན་པ་ཡིན་པས། དེ་ལ་རྔ་ཡབ་གཡོབ་ཅིང་བྱོན་ཅིག  དགེ་འདུན་གྱིས་འཇམ་དཔལ་གྱི་སྐུ་ལ་བསུ་བ་བྱས་པར་འགྱུར་རོ་གསུངས། སླར་དེ་ལྟར་བྱས་པའི་ཤིང་རྟ་གསུམ་ལས། དབུས་མ་ལ་ནི་འཕགས་པ་འཇམ་དཔལ་བཞུགས། གཡས་ནས་ཟླ་གྲགས་ཀྱིས་རྔ་ཡབ་གཡོབ། གཡོན་ན་ཙནྡྲ་གོ་མིས་རྔ་ཡབ་གཡོབ། མདུན་ནས་དགེ་འདུན་གྱིས་བསུས། སྐྱེ་བོ་དཔག་ཏུ་མེད་པ་བལྟ་བའི་ཕྱིར་འོངས།  སློབ་དཔོན་ཙནྡྲ་གོ་མི་ལ་སྐུ་བརྙན་དེ་འཇམ་དབྱངས་དངོས་སུ་སྣང་སྟེ། འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང་། ཞེས་སོགས་བསྟོད་པ་ན། འཇམ་དཔལ་གྱི་སྐུ་བརྙན་ཞལ་ཕྱིར་ལོག་ནས་གསན་པས། སྐྱེ་བོ་རྣམས་ཀྱིས་སྐུ་གཟིགས་ཕ་གི་འདི་ལྟར་བྱེད་དོ་བྱས་པས་དེ་ཁ་ལ་ལུས་ཏེ་འཕགས་པ་མཇིང་ཡོན་མར་གྲགས། སློབ་དཔོན་གཉིས་ཀྱིས་རྩོད་པ་མཛད་པའི་ཚེ། ཟླ་བ་གྲགས་པ་སྤོབས་པ་མྱུར་བས་ལན་འཕྲལ་དུ་འདེབས། ཙནྡྲ་གོ་མིས་དེ་རིང་གི་ལན་འཇིག་རྟེན་དབང་ཕྱུག་ལ་ཞུས་ཏེ་ནང་བར་བཏབ་པས། ཟླ་གྲགས་ཐེ་ཚོམ་དུ་གྱུར་ཏེ་ཕྱི་བཞིན་བསྙེགས་པ་ན་འཇིག་རྟེན་དབང་ཕྱུག་གིས་ལན་སློབ་པ་གཟིགས་ཏེ་འཕགས་པ་ལ་ཉེ་རིང་མངའ་འམ་ཞེས་གསོལ་བས་ཕྱག་མཛུམ་བསྐུམས་པ་མ་བྱུང་བར་ལུས་པས།  དེང་སང་ཡང་ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ་ཞེས་གྲགས་སོ།།ཟླ་གྲགས་ཀྱིས་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས། མནལ་ལམ་དུ། ཁྱོད་ནི་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས།ངས་བྱིན་གྱི་བརླབས་མི་དགོས།ཙནྡྲ་གོ་མི་ལ་ཅུང་ཟད་བྱིན་གྱིས་བརླབས་པ་ཡིན་ཞེས་གསུངས་སོ།།

5 བསྟན་བཅོས།

     སློབ་དཔོན་ཙནྡྲ་གོ་མི་ཞེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་འདིས་ཐེག་པ་ཆེན་པོའི་གྲུབ་པའི་མཐའ་རྒྱས་པར་མཛད་ཅིང་། བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པ་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་གྱི་བསྟན་བཅོས་བརྒྱ་དང་བརྒྱད།  ཕྲ་མོ་ཐོར་བུ་བ་བཞི་བརྒྱ་སུམ་ཅུ་རྩ་གཉིས་བཅས་བརྩམས་སོ།།

ཡིག་ཆའི་ཁུངས།1  《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》༼བར་ཆ༽ཤོག་ངོས1185ལ་གསལ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23647690
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།