《དེབ་དཀར》ལས་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་བསྐྱར་ཞིབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » 《དེབ་དཀར》ལས་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་
《དེབ་དཀར》ལས་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་བསྐྱར་ཞིབ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-09ལྟ་ཀློག (6456)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དེབ་དཀར་ལས་འཕྲོས་པའི་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་བསྐྱར་ཞིབ།

              རྩོམ་པ་བོ་བླ་ནག་པ་ཡེ་ཤེས་བཟང་བོ།  ༡༩༦༨ལོར་མཚོ་སྔོན་མང་ར་རྫོང་བན་ཤུལ་སྡེ་བར་སྐྱེས།  ༡༩༨༢ལོར་རབ་ཏུ་བྱུང་སྟེ་ཀླུ་ཚང་དགོན་ཆེན་དུ་ཚོགས་ཞུགས་བྱས།  ༢༠༠༤ ་ལོར་ཕར་ཕྱིན་རབ་འབྱམས་པའི་མཚན་བཏགས་བླངས།  བོད་ལྗོངས་ཞིབ་འཇུགདང་ བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ》《 ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ བོད་ཀྱི་སློབ་གསོ  སྦྲང་ཆར་》《གངས་རྒྱན་མེ་ཏོག་སོགས་ཀྱི་སྟེང་དུ་རྩོམ་ཡིག་ཅུང་མང་ཙམ་སྤེལ།  ༢༠༠༡ལོར་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ལོ་འཁོར་ཉི་ཤུའི་རྩོམ་རིག་བྱ་དགའ་ཐོབ།   ༢༠༠༦ལོར་སྐབས་ལྔ་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ༢༠༡༥ལོར་གངས་སེང་དཀར་མོའི་ང་རོའི་སྙན་ངག་བྱ་དགའ་ཐོབ།   སྔ་ཕྱིར་རྟོག་གེ་བའི་ཆིག་ལབ་རིང་མོ་དང་ཉམས་རྟོག་དམར་རྗེན་སོགས་དཔེ་དེབ་འགའ་པར་དུ་བསྐྲུན། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ཚད་མ་རིག་པའི་དགེ་རྒན་གྱི་འགན་འཁུར་མུས་སུ་ཡོད།

  དེབ་དཀརལས་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་བསྐྱར་ཞིབ།

བླ་ནག་པ་ཡེ་ཤེས་བཟང་བོ།

         ནང་དོན་གནད་བསྡུས་རྩོམ་ཡིག་འདིའི་ནང་དུ།  དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་དེབ་ཐེར་དཀར་བོ་ལས།སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་ཐད།མེ་གླང་སྟེ་སྤྱི་ལོ་617ལོར་འཁྲུངས་ཤིང་།རང་ལོ་སོ་བཞིའི་སྟེང་གྲོངས་ཞེས་པའི་འདོད་ཚུལ་སྤྱི་དང་།  ལྷག་པར་དུ་སྤྱི་ལོ་617ལོར་འཁྲུངས་ཞེས་པའི་འདོད་ཚུལ་སྐོར་ལ།  ཐང་གི་ཡིག་ཚང་སྔ་ཤོས་ཐུང་ཏེན་》﹙通典﹚དང་།  བལ་ཡུལ་གྱི་ལོ་རྒྱུས་ བལ་བོའི་ལོ་རྒྱུས་གསར་མབཅས་ཀྱི་ལུང་ཚིག་དང་། གཞན་པའི་དངོས་སྟོབས་ཀྱི་རིགས་ལམ་བཅས་ལ་བརྟེན་ནས་དོགས་སློང་ཅུང་ཞིབ་མོ་བྱས་ཡོད། 

བརྡ་ཆད་གཙོ་བོ   དེབ་དཀར།  སྲོང་བཙན་གྱི་འཁྲུངས་འདས་ལོ་ཚིགས།  བསྐྱར་ཞིབ། རླངས་ཀྱི་པོ་ཏི་བསེ་རུ་ལས། "ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ།  རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ།  ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་འདྲ། "ཞེས་གསུངས་པ་ལྟར། རང་རེའི་མེས་པོ་གོང་མ་རྣམས་ཀྱིས་སྔ་མོ་ཞིག་ནས་ལོ་རྒྱུས་ཀྱི་གལ་ཆེན་རང་བཞིན་ཤེས་རྟོགས་བྱུང་སྟེ་སྔོན་རབས་ཀྱི་བྱུང་བ་བརྗོད་པའི་བཤད་རྒྱུན་མང་བོ་ཞིག་ངག་ཐོག་ཏུ་ཉར་ཚགས་དང་རྒྱུན་འཛིན་བྱས་ཡོད་ཅིང་།  དུས་རབས་བདུན་པའི་ནང་ཐོན་མིས་བོད་ ཡིག་གསར་དུ་བཟོས་རྗེས།  ངག་ཐོག་གི་ལོ་རྒྱུས་དང་གཏམ་རྒྱུད་རྣམས་རིམ་བཞིན་ཡིག་ཐོག་ཏུ་འབེབས་མགོ་བརྩམས་ཏེ།   དེ་སྔའི་མངའ་མཛད་དང་རྒྱལ་ཕྲན་སོ་སོའི་གནས་སྟངས།  གཉའ་ཁྲི་དང་གྲི་གུམ་སོགས་ཀྱི་བྱུང་བ་གང་ཤེས་རྣམས་འཚོལ་ཅི་ཐུབ་ཀྱིས་ཐར་ཆགས་སུ་སྡུད་སྒྲིག་བགྱིས་པ་ནིཏུན་ཧོང་གཏེར་ཡིགསོགས་ལས་ཤེས་ཐུབ།  ཡིན་ན་ཡང་།  དར་མ་འུ་དམ་བཙན་གྱི་དུས་མཇུག་ཏུ་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་བ་དང་།རྒྱལ་བརྒྱུད་རྣམས་ཀྱི་རྒྱལ་ས་ལན་དུ་མར་སྤོས་པ་སོགས་ཀྱིས་བཀའ་གཙིགས་དང་ཡིག་ཚང་མང་བོ་ཞིག་བོར་སྟོར་དང་འཕྲོ་བརླགས་སུ་སོང་བ་བཅས་ཀྱིས་ཕྱིས་ཀྱི་ལོ་རྒྱུས་འབྲི་བ་བོ་རྣམས་ལ་དཀའ་ཁག་རབ་དང་རིམ་པ་འཕྲད་ཡོད།  ལྷག་པར་དུ་བཙན་པོ་རིམ་བྱོན་གྱི་ལོ་ཚིགས་ཐད་ལ་དཔྱད་གཞིའི་རྒྱུ་ཆ་ཧ་ཅང་དཀོན་པའི་སྟབས་ཀྱིས་ལོ་རྒྱུས་སྨྲ་བ་རྣམས་ལ་ལོ་ཚིགས་ཐད་ནས་བཞེད་པ་  གཅིག་གྱུར་མེད་པར་རྟ་མོག་གི་སྤུ་ལྟར་གྱུར་ཡོད། མཁས་པའི་དབང་བོ་རྫ་དཔལ་སྤྲུལ་མཆོག་གིས། " ལོ་རྒྱུས་ལ་ཞིབ་གལ་ཆེ།"ཞེས་གསུངས་པ་ལྟར།  སྔོན་བྱུང་གི་ལོ་རྒྱུས་སྨྲ་བ་ལ་གང་ཅིའི་ཐད་ཞིབ་ཆ་ཐོན་པ་གལ་ཆེ་སྟེ།  ཅི་ཙམ་ཞིབ་ཆ་ཐོན་པ་དེ་ཙམ་དུ་གཏན་ཚིགས་ཀྱི་རང་བཞིན་ཇེ་དྲག་དང་བདེན་པའི་ཆ་ཇེ་ཆེར་འགྲོ་བ་ཡིན།  ཁོ་བོས་བལྟས་ན་ལོ་ཚིགས་ལ་ཞིབ་ཆ་ཐོན་པ་དང་གནད་ལ་འཁེལ་བ་ནི་ལོ་རྒྱུས་ལ་ཞིབ་ཆ་གདོན་པའི་གནད་གཙོ་བོ་ཞིག་ཡིན་པས།  ལོ་རྒྱུས་ཀྱི་གཞུང་རྩོམ་པ་ལ་ཞིབ་ཕྲའི་ལོ་ཚིགས་བསྒྲིག་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱལ་རབས་དེབ་ཐེར་དཀར་བོ ནི་ང་ཚོས་ད་སྔ་མཐོང་བའི་སྲིད་ དོན་རྒྱལ་རབས་ཀྱི་ཐོག་མ་ཡིན་པ་དང་།   དེའི་ནང་དུཏུང་ཧོང་གཏེར་ཡིགདངཐང་ཡིགལས་བོད་ཀྱི་སྐོར་བཀོད་པ་རྣམ་དཀྱུས་སུ་བཟུང་ཐོགབཀའ་ཐང་ སོགས་ཀྱིས་ཟུར་རྒྱན་དང་།  ཡིག་ཚང་སྔ་མ་གཉིས་ལ་མཆན་གྱི་ཚུལ་དུ་རང་གི་འདོད་ཚུལ་བརྗོད་ཅིང་སྐབས་སྐབས་སུ་མཐའ་དཔྱོད་ཀྱང་མཛད་ཡོད་པས། དེའི་ནང་དུ་ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསར་བཏོད་ཀྱི་ཆ་ཡང་མང་དུ་བདོག་པས།  སྤྱིའི་ཆ་ནས་ལེགས་བཤད་ཀྱི་བསྟན་བཅོས་ཕུལ་དུ་བྱུང་བ་ཞིག་ཏུ་གོར་མ་ཆག ཡིན་ན་ཡང་སྲོང་བཙན་སྒམ་པོའི་འཁྲུངས་ལོ་བུ་སྟོན་ལུགས་ཀྱི་མེ་གླང་སྤྱི་ལོ༦༡༧དང་། འདས་ལོ་རྒྱའི་ཐང་ཡིག་ལྟར་ལྕགས་གླང་སྤྱི་ལོ༦༥༠ལོ་ལ་ཁ་ཚོན་བཅད་དེ་སྲོང་བཙན་སྒམ་པོ་བསྡོམས་པས་དགུང་གྲངས་སོ་བཞིར་མ་གཏོགས་མ་བཞུགས་པར་བཤད་པ་ནི་ལོ་རྒྱུས་ཀྱི་གཞུང་མང་བོར་འགལ་ཞིང་རིགས་པ་དང་གཏན་ཚིགས་གང་དང་ཡང་མི་མཐུན་པས་ཐེ་ཚོམ་དང་དོགས་གཞི་མང་དུ་སྣང་།

དེ་བས་དེབ་དཀར་གྱི་སྲོང་བཙན་ལོ་ཚིགས་སྐོར་ལ་དེ་སྔའི་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་རྒན་བཤད་སྒྲུབ་རིན་པོ་ཆེས་དོགས་དཔྱོད་དང་དགག་བཞག་གནང་བ་གནད་ལ་ཁེལ་ཅིང་དོན་ལ་གནས་པས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ལ་ཕྱག་རྗེས་ཆེན་པོ་བཞག་ཡོད།ཡིན་ན་ཡང་།ཉེ་ཆར་ཁོ་བོའི་ལག་ཏུ་དཔྱད་གཞིའི་རྒྱུ་ཆ་གསར་བ་ཁ་ཤས་རྙེད་སོན་བྱུང་བས། ཡང་བསྐྱར་དམ་པ་དེ་དག་གི་མཛད་རྗེས་ལ་ཁ་སྐོང་གི་ཚུལ་དུ་རང་བློས་དཔོག་ཚོད་ཀྱི་དཔྱད་པ་ཕྲན་བུ་ཞིག་བྱ་བར་འདོད་དེ།   སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་ཡང་དག་པ་ཞིག་གཏན་ལ་འབེབས་རྒྱུ་ནི་བཙན་པོ་རིམ་བྱོན་གྱི་ལོ་ཚིགས་ཡོངས་རྫོགས་གཏན་ལ་འབེབས་རྒྱུར་འབྲེལ་བ་དམ་པོ་ཡོད་པས་སོ། །

དེས་ན་དེབ་དཀརལས། ཀོང་ཇོ་བོད་དུ་ཕེབས་པའི་ལོ་དེ་རྒྱལ་རབས་ང་བ་ལ་གསལ་བར། འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་བརྒྱད་ཅུ་གྱ་ལྔ་བ་ལྕགས་གླང་ཡིན།  གླང་དེ་ནས་བརྩིས་པའི་ལོ་དགུ་བ་ལ་སྲོང་བཙན་འདས། ལོ་གསུམ་ལ་ཀོང་ཇོ་དང་ལྷན་དུ་བཤོས་སོ། །ཞེས་དང་། ཁྱི་ལོ་ལ་སྤུར་གསང་རྒྱ་བྱས་ནས་བཞག་ཅིང་། ལོ་དེ་ནས་རྗེས་མར་མདད་བཏང་བའོ། །ཞེས་དང་།  དོན་ལ་བྱ་ལོར་འདས་ཤིང་། ཁྱི་ལོའི་མཇུག་ཏུ་གསང་བ་བརྟོལ་བར་བརྟེན།རྒྱའི་རྒྱལ་རབས་ལ་ལྕགས་ཁྱི་ལོར་གྲོངས་ཞེས་བྲིས་སམ་སྙམ་སྟེ་དཔྱད་པར་འཚལ།  ཞེས་པ་ལ་སོགས་པའི་ལུང་འདི་དག་ལ་སྔ་ཕྱི་ནང་འགལ་ཡོད་ཚུལ་སོགས་ལ་མཁས་པ་གཞན་གྱིས་སྔར་དཔྱད་ན་པས་འདིར་སླར་ཡང་བསྐྱར་ཟློས་ཀྱི་ངལ་བ་སྤངས་ཏེ། གཙོ་བོ་དེབ་དཀརལས།  དེས་ན་ཀུན་མཁྱེན་བུའི་བཞེད་པ་བཞིན་བྱས་ཏེ།  སྲོང་བཙན་མེ་གླང་ལ་འཁྲུངས།  ས་གླང་དེ་ཁྲིར་ཕེབས་པའི་ལོར་བྱས། ལྷག་མའི་ལོ་ཚིགས་རྣམས་རྒྱའི་ལོ་རྒྱུས་སོར་བཞག་བྱས་ནས།  དེ་ཐམས་ཅད་དྲུག་ཅུ་སྐོར་གཅིག་གི་ནང་དུ་རྐྱང་རྩིས་སུ་བྱས་ན་རྒྱུ་མཚན་ཤིན་ཏུ་ཆེ་སྙམ་ཞིང་། དེ་ལྟར་བྱས་ཚེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་བརྒྱ་རེ་གཅིག་པའི་མེ་གླང་ལ་སྲོང་བཙན་འཁྲུངས། རང་ལོ་བཅུ་གསུམ་བཞེས་ཚེ་ཁྲི་ལ་ཕེབས། བཅོ་བརྒྱད་བཞེས་ཚེ་རྒྱ་བོད་ཀྱི་འབྲེལ་བ་ཐོག་མར་བྱུང་།   ཉེར་ལྔ་བཞེས་ཚེ་ཀོང་ཇོ་བག་མར་བྱིན།  དེ་ནས་དེབ་སྔོན་དུ་བོད་རྣམས་ལོ་ངོ་བརྒྱད་ཙམ་དུ་རྒྱ་ལ་འཐབ་མོ་བྱས་གསུངས་པ་ཡང་། སྲོང་བཙན་གྱི་བཅོ་བརྒྱད་ནས་ཉེར་ལྔའི་བར་གྱི་ལོ་འདི་རྣམས་ཡིན་པར་སེམས། དེ་ནས་རང་ལོ་སོ་བཞི་བ་ལྕགས་ཁྱི་ལ་གྲོངས།  ཞེ ས་པའི་གསུང་འདི་ལ་ལུང་རིགས་རྣམ་དག་དཔང་དུ་བཞག་སྟེ་དཔྱད་འཇོག་ཅུང་ཟད་བགྱིས་ན། ལུང་འདིའི་སྐབས་སུ། སྲོང་བཙན་སྒམ་པོ་མེ་གླང་༦༡༧ལ་འཁྲུངས་ཤིང་ས་གླང་སྤྱི་ལོ༦༢༩ལ་ཁྲིར་འཁོད། ཉེར་ལྔའི་སྟེང་སྤྱི་ལོ་༦༤༡ རྒྱ་བཟའ་ཁབ་ཏུ་བཞེས།   དགུང་ལོ་སོ་བཞི་བ་ལྕགས་ཁྱི་སྤྱི་ ལོ༦༥༠ལ་སྐུ་འདས་པར་ཤིན་ཏུ་གསལ་བོར་བཤད་ཡོད། དགེ་ཆོས་ཁོང་གིས་སྲོང་བཙན་གྱི་འཁྲུངས་ལོ་བུ་སྟོན་ལ་བསྟུན་ཅིང་འདས་ལོ་བུ་སྟོན་ལ་ཅིའི་ཕྱིར་མ་བསྟུན་པ་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཡོངས་རྫོགས་ཧྲིལ་གྱིས་བོར་ནས་བོན་གྱི་བྱམས་མཁོ་ནར་བསྟུན་ཏེ་སྲོང་བཙན་གྱི་དགུང་གྲངས་སོ་བཞིར་འདོད་དགོས་པའི་རྒྱུ་མཚན་ ཇི་འདྲ་ཡིན་པ་སོགས་ནི་སྐབས་འདིའི་དོགས་གཞི་གཙོ་བོ་ཞིག་ཡིན། གལ་ཏེདེབ་དཀརལས། དེ་ནས་ལྕགས་གླང་ལ་ཀོང་ཇོ་བག་མར་བརྫངས།  དེ་དུས་སྲོང་བཙན་དོན་གཉིས་ལ་ཕེབས། དེ་ནས་ད་དུང་ལོ་དྲུག་འགོར་བ་བདེན་ན། སྲོང་བཙན་དོན་དགུ་ལ་ཕེབས་ཚེ་ཀོང་ཇོ་དང་བཤོས། ཞེས་དང་།  ཡང་དེ་ཉིད་ལས། " སྤྱིར་སྲོང་ བཙན་བརྒྱད་ཅུ་ལྷག་བཞུགས་ཟེར་མཁན་རྣམས་ཀྱིས། རྒྱལ་བོ་དགུང་ལོ་དོན་དགུའི་སྐབས་སུ་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་དང་བཅས་ཁས་༓༊:ལེན་དགོས་པ་བཟློག་ཏུ་མེད་ལ། "ཞེས་པ་འདི་དག་རྒྱུ་མཚན་ཡིན་ན།  དེ་ནི་མི་སྐྱོན་ཏེ།    སྲོང་བཙན་ལ་རྒྱ་བཟའ་བག་མར་བསུས་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཡིན་པ་ལས་གཉེན་དོན་གྱི་དགོས་མཁོ་མ་ཡིན་ཏེ། གཅིག་ནས་ཐང་བོད་ཀྱི་ས་མཚམས་སུ་དམག་འཁྲུག་མི་འབྱུང་ཞིང་རྒྱལ་ཁམས་ཞི་བདེ་ཡོང་བའི་ཆེད་ཡིན་པ་དང་། གཉིས་ནས་སྐབས་དེར་ཐང་རྒྱལ་རབས་ནི་སྟོབས་འབྱོར་མངའ་ཐང་དར་བའི་རྩེ་མོར་སོན་ཡོད་པས་མཐའ་བཞིའི་རྒྱལ་ཁབ་དག་གིས་དེ་ལ་གཉེན་འབྲེལ་འཛིན་རྒྱུ་ནི་རང་གི་གཟི་བརྗིད་ཅིག་ཏུ་རློམས་པ་དང་།  ལྷག་པར་དུ་རྒྱའི་ཀོང་ཇོ་རྣམས་སྐྱེ་འབྲས་ཤིན་ཏུ་མཚར་བས་མཐོ་རིམ་དབང་སྒྱུར་གྲལ་རིམ་པ་དག་དེ་དག་གི་གཟུགས་བྱད་ལ་འགྲམ་ཆུ་ལྡང་བཞིན་ཡོད་པ་སོགས་ཀྱིས།  ཕན་ཚུན་བར་གྱི་ལོ་ན་ཆེ་ཆུང་ནི་ གནད་འགག་གཙོ་བོ་ཞིག་ཡེ་ནས་མ་ཡིན་ནོ།། རྒྱུ་མཚན་ནི།  རྒྱའི་དེབ་ཐེརཚི་ཀྲི་ཐུང་ཅན》﹙སྲིད་སྐྱོང་མེ་ལོང་དུ། ཁེ་ཡོན་ཁྲི་ལོ་བཅུ་གསུམ་པརསྤྱི་ལོ༧༢༥ཀྲུང་ཧྲུ་ཧྲིན་ཡོན་ཀྲིན་གྱིས་གོང་མར་ཕུལ་བའི་ཞུ་ཡིག་ནང་། ཕྲན་གྲུ་གུར་སོང་སྐབས། ཞོ་ཧྲ་དང་། ཆོ་ཐར། སྟོང་ཡུག་སོགས་ཀྱིས་གུར་གྱི་ནང་དུ་ཆང་སྟོན་བྱས་ཏེ་ང་ལ། བོད་ནི་ཁྱིའི་རིགས་ཡིན།  ཞེ་རིགས་དང་ཆི་ཏན་རིགས་ཀྱང་ངེད་གྲུ་གུའི་བྲན་གཡོག་ཡིན།   དེ་དག་ལ་ཀོང་ཇོ་གནང་། གྲུ་གུས་སྔ་ཕྱིར་ཐེངས་མང་བོར་ཀོང་ཇོ་བསླངས་ཀྱང་མི་སྟེར་དོན་ཅི་ཡིན། བོད་ལ་བྱིན་པའི་ཀོང་ཇོ་དག་ཀྱང་ངོ་མ་མིན་པ་ངེད་ཀྱིས་ལོས་ཤེས། འོན་ཀྱང་ངོ་མ་ཡིན་མིན་འདིར་བཤད་དགོས་དོན་མེད།   ལན་མང་བསླངས་ཀྱང་ཀོང་ཇོ་མ་གནང་བས། ངེད་བོད་ཀྱི་ངོ་ཡང་རིག་མི་ཐུབ་ཅེས་ཟེར་འདུག  ཕྲན་གྱིས་རྒྱུ་མཚན་རྒྱལ་བོར་ཞུ་བའི་ཁས་བླངས། ཞེས་པ་འདི་ལས་གསལ་བོར་རྟོགས་ཐུབ་པོ། །

ད་ནིདེབ་དཀརལས་སྲོང་བཙན་སྒམ་པོ་དགུང་གྲངས་སོ་བཞི་མ་གཏོགས་མ་བཞུགས་པར་བཤད་པ་དེ་ལུང་རིགས་ཚད་ལྡན་དུ་མར་འགལ་ཚུལ་རྣམས་རེ་རེ་བཞིན་བརྗོད་པར་བྱ་སྟེ།  

གཅིག  ཐང་གི་ལོ་རྒྱུས་ཡིག་ཚགས་སྔ་ཤོསཐུང་ཏེན》﹙《通典》﹚ལས།  བཙན་པོ་ཁྲི་སྲོང་བཙན་ཞེས་བྱ་བས་ནུབ་ལྗོངས་བདག་ཏུ་བཟུང་། སོས་རྒྱལ་རབས་ཀྱི་ཁེ་དབང་ཁྲི་ལོའི་སྤྱི་ལོ༥༨༡-སྤྱི་ལོ༦༠༠དཀྱིལ་ཙམ་དུ། བཙན་པོ་སློན་བཙན་གྱིས་ཁྲི་སྲོང་བཙན་ཁྲིད་ནས་གཙང་བོའི་ནུབ་ཕྱོགས་ཡར་ལུང་དུ་རྒྱལ་ས་བཙུགས་ནས་མི་ལོ་ལྔ་བཅུ་ལྷག་འགོར་ཟིན་ཏེ།  ལྷོ་ནུབ་ཏུ་རྒྱལ་མཚམས་རྒྱ་གར་ལ་ཐུག་ཡོད། དེ་ཡང་ཐང་ ཆེན་པོའི་དུས་མགོར་དྲག་པོའི་དམག་དཔུང་འབུམ་ལྷག་མཆིས་པས་རྒྱལ་ཁབ་      སྟོབས་ལྡན་དུ་གྲགས། ། ཞེས་གསུངས་ཤིང་།  ཁེ་དབང་ཁྲི་ལོ﹙开皇﹚ནི་སོས་བན་ཏི་དབྱང་ཇན་隋文帝杨竖གྱི་ལོ་སྟེ།  སྤྱི་ལོ་༥༨༡ལོ་ནས་སྤྱི་ལོ༦༠༠ལོ་བར་ཡིན་ལ།  ཁེ་དབང་ཁྲི་ལོའི་དཀྱིལ་ཡིན་ན་སྤྱི་ལོ༥༩༠ལོ་ཡས་མས་ཤིག་ཡིན་པས།  དེ་དུས་སྲོང་བཙན་མ་མཐའ་ཡང་ལོ་བཅུ་ཙམ་ཡིན་དགོས། དེ་ནས་སྤྱི་ལོ༦༥༠ལོ་བར་ལོ་དྲུག་ཅུ་ ཙམ་འདས་ཟིན་པས། སྲོང་བཙན་མ་མཐའ་ཡང་དགུང་ལོ་དྲུག་ཅུ་ཙམ་བཞུགས་པ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད།  ཐུང་ཏེནནི་ཐང་རྒྱལ་རབས་ཀྱི་བློན་པོ་ཏུའུ་ ཡུག་ཟེར་བས་རྩོམ་སྒྲིག་མཛད་དེ་སྤྱི་ལོ་༨༠༡ལོར་ཡོངས་སུ་གྲུབ་པས་ཐང་གི་ཡིག་ཚགས་ལས་རྩོམ་སྔ་ཤོས་ཡིན་སྟབས་དཔྱད་གཞིའི་རིན་ཐང་ཧ་ཅང་མཐོ་བས། ང་ཚོས་སྣང་མེད་དུ་གཡུག་ཆོག་པ་ཞིག་ག་ལ་ཡིན། གལ་ཏེ་ཁེ་དབང་ཁྲི་ལོའི་དཀྱིལ་དུ་གནམ་རི་སྲོང་བཙན་གྱིས་སྲོང་བཙན་ཁྲིད་དེ་རྒྱལ་ཁབ་འཛུག་དུས་སྲོང་བཙན་སྒམ་པོ་     དགུང་ལོ་ཉི་ཤུ་ཡིན་པའི་དབང་དུ་བཏང་ན། སྲོང་བཙན་སྒམ་པོ་དགུང་ལོ་བདུན་ཅུ་ལྷག་ལ་བཞུགས་ཟིན་པས།  བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་བོར་སྲོང་བཙན་དགུང་ལོ་བརྒྱད་ཅུར་བཞུགས་པར་གསུངས་པ་དེ་ལ་ཡང་བསྐྱར་དུ་བསམ་གཞིག་ཅིག་མི་གཏོང་ཀ་མེད་ཡིན། 

གཉིས །  བལ་ཡུལ་གྱི་རྒྱལ་རབསལས། འོད་ཟེར་གོ་ཆས་སྲིད་བསྐྱངས་པའི་ཐ་མ་དེ་སྤྱི་ལོ་༦༢༡ཡིན་སྲིད། ཅེས་དང་།     ཡང་བལ་བོའི་ལོ་རྒྱུས་གསར་བསྒྲིགས ( 新编尼泊尔史》﹚ལས། ཕལ་ཆེར་སྤྱི་ལོ་༦༠༦ཡས་མས་སུ་བལ་རྒྱལ་སི་བ་དེ་བ་    སྐུ་གཤེགས་པ་ནས་འོད་ཟེར་གོ་ཆ་ཆེས་མཐོ་བའི་དབང་འཛིན་པར་གྱུར།……..   འོད་ཟེར་གོ་ཆས་རང་གི་མཁས་མཛངས་ལྡན་པའི་ཆབ་སྲིད་ཀྱི་ཐབས་ཇུས་ལ་བརྟེན་ནས་བལ་བོའི་དབང་སྲུང་སྐྱོབ་བྱས། ཁོ་ནི་སྲིད་དོན་ཐོག་དོ་ཟླ་མེད་པར་གྱུར་ཅིང་། ཁོས་རང་གི་བུ་མོ་བལ་བཟའ་ཁྲི་བཙུན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་ལ་བག་མར་བརྫངས།………..འོད་ཟེར་གོ་ཆ་ཕལ་ཆེར་སྤྱི་ལོ་༦༢༡ལོར་སྐུ་གཤེགས། ཞེས་གསལ། གལ་ཏེ་འོད་ཟེར་གོ་ཆ་སྤྱི་ལོ་༦༢༡ལ་སྐུ་གཤེགས་པ་ཡིན་ན།   བལ་བཟའ་ཁོང་སྐུ་དངོས་ཀྱིས་སྲོང་བཙན་ལ་བག་མར་བརྫངས་པས།  མ་མཐའ་ཡང་བལ་བཟའ་སྤྱི་ལོ༦༢༡ལོའི་སྔོན་དུ་བོད་ལ་བག་མར་ཕེབས་དགོས།  གལ་ཏེ་སྲོང་བཙན་སྤྱི་ལོ་༦༡༧ལོར་འཁྲུངས་པ་ཡིན་ན་བལ་བཟའ་ཁྲི་བཙུན་ཁོང་དགུང་ལོ་བཞིའི་སྟེང་བཙུན་མོར་བསུ་དགོས་པས་ངོ་མ་དགོད་མི་བྲོའམ།  

གསུམ་པ། དེབ་སྔོནལས། སྲོང་བཙན་འཁྲུངས་ནས་ལོ་གཉིས་བརྒྱ་ང་གསུམ་འདས་པ་ལྕགས་གླང་ལོ་ལ་རལ་བ་ཅན་གྱིས་རྒྱ་དང་འདུམ་མཛད། ཅེས་གསུངས་ ཤིང་། འདིའི་ལྕགས་གླང་ནི་སྤྱི་ལོ་༨༢༡ལོ་ཡིན་ཏེ། དབོན་ཞང་རྡོ་རིང་གི་ཡི་གེ་ལས།'' བོད་ཆེན་པོའི་ལོའི་མྱིང་ནྀ། སྐྱིད་རྟག་ལོ་བདུན།  རྒྱ་ཆེན་པོའི་ལོའི་མྱང་ནྀ། ཅང་ཀེང་ལོ་དང་བོ་ལྕཊ་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ་དཀྱྀལ་འཁོར་ལ་འཛེགས་ནས།  རྒྱ་ཡིས་གཙགས་བཟུང་ངོ་ ''  ཞེས་འཁོད་པའི་ཅང་ཀེང་ལོ་དང་བོ་སྟེ་ལྕགས་མོ་གླང་གི་ལོ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་མུའུ་ཙུང་ལི་ཧོན།唐穆宗李恒གྱི་ཁྲི་ལོ་སྟེ་    ཁྲུང་ཆིན་长庆ལོ་དང་བོ་ཡིན་ལ།  དེ་ནི ་སྤྱི་ལོ་༨༢༡ལོ་ལ་ཁེལ་ཡོད།  ཐང་ཡིག་གསར་མལས། ཁྲུང་ཆིན་ཁྲི་ལོ་དང་བོར།  ཡུ་གུར་དང་ཐང་གཉིས་འདུམ་བྱུང་བའི་གཏམ་བྷོད་ཀྱིས་གསན་ཏེ།  བྷོད་དམག་ཆིན་སོ་པའོ་ལ་དྲངས་པ་ལི་ལྦུན་ཡོ་བྱ་བས་ཕྱིར་བཟློགས།  དེ་ནས་བྷོད་ཀྱི་ཕོ་ཉ་བ་ཞང་ཁྲི་ཐོགས་བྱ་བ་སྐྱེས་འབུལ་དུ་མངགས་པར་མ་ཟད། མཇལ་དུམ་བྱེད་ཟེར་བ་ལ།  གོང་མས་ཀྱང་གསན་དུ་བཞེད།  ཅེས་ གོང་གསལ་རྡོ་རིང་གི་ཡི་གེ་དང་མཐུན་པར་ཁྲུང་ཆིན་ལོ་དང་བོར་རྒྱ་བོད་གཉིས་ཀྱིས་འདུམ་བྱས་པར་བཤད་ཡོད།  དེས་ན་སྤྱི་ལོ་༨༢༡ནས་ཡར་བརྩིས་པའི་ལོ་གཉིས་བརྒྱ་ང་གཉིས་པ་ནི་ས་གླང་སྟེ་སྤྱི་ལོ་༥༦༩ལོ་ལ་ཁེལ་ཡོད། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་དེབ་སྔོནལས། ''སྲོང་བཙན་འཁྲུངས་ནས་ལོ་ཉིས་བརྒྱ་ང་གཉིས་འདས་པ་ལྕགས་གླང་ལོ་ལ་རལ་བ་ཅན་ཀྱིས་རྒྱ་དང་འདུམ་མཛད''ཅེས་པ་འདི་ནི་འགོས་ལོའི་རང་ལུགས་རྨ་མེད་པ་ཡིན་པར་གསུངས་ཤིང་''ལུགས་འདི་དང་བསྟུན་ན་བོད་ཀྱི་སྔོན་བྱོན་ལོ་རྒྱུས་སྨྲ་བ་ཀུན་གྱིས་སྲོང་བཙན་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་བཞུགས་པར་གསུངས་པའི་སྤྱི་འགྲོས་དང་མཐུན་ལ། རྒྱའི་དེབ་ཐེར་རྣམས་ལས་སྲོང་བཙན་སྤྱི་ལོ་༦༥༠ལོར་གཤེགས་པར་བཤད་པ་དང་ཡང་མཐུན་པ་སོགས་དགེ་མཚན་དུ་མ་ལྡན་པས་ རིན་ཐང་ཧ་ཅང་ཆེ། ཡིན་ན་ཡང་།དེབ་དཀར ལས་འཁྲུངས་ལོ་ས་གླང་༥༦༩ལོ    འདི་དང་མ་བསྟུན་པར་མཐའ་གཅིག་ཏུ་མེ་གླང་༦༡༧ལོ་ལ་བསྟུན་པ་ནི་ཤིན་ཏུ་ངོ་མཚར་ཆེའོ་སྙམ། 

       བཞི།  བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་ལྟར་ན།  སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་སྟེང་ཁྲིར་འཁོད་ཅིང་། དེ་ནས་ཅུང་མ་འགོར་བར་དགེ་བ་བཅུའི་ཁྲིམས་འཆའ་བ་དང་འདོད་ཡོན་ལྔ་སྤེལ་བ། ཕན་ཚུན་དུ་སྐྱེས་བསྐུར་བ།  འབངས་རྣམས་ལ་བཀའ་བསྒོ་བ་སོཊ་ཀྱི་མཛད་འཕྲིན་སྤེལ་བ་ལ་ཡི་གེ་ནི་མེད་དུ་མི་རུང་བར་དགོངས་ནས་ཐོན་མི་སམྦྷོ་ཊ་འཁོར་དང་བཅས་པ་རྒྱ་གར་དུ་མངགས་ཤིང་། རྒྱ་གར་ནས་སློབ་གཉེར་གནང་ཚུལ་ནི།  ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིཊ་དུ་མ་ལ་ལས་ཡིག་རིཊ་དྲུག་ཅུ་རྩ་བཞི་ལ་སྦྱངས་ཟེར ལ་མཁས་པར་སྦྱངས།  པནྟི་ཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་བ། ཙཱནྡྲ་བ་རྣམས་དང་། རྟོཊ་སླ་བ་རྒྱལ་བོ་ལུཊ་ཀྱི་བསྟན་བཅོས། རྟོཊ་དཀའ་བ་པཎྚིཏ་ལུགས་ཀྱི་བསྟན་བཅོས། གཞན་རྟོག་གེ་སྟེ་ཚད་མ་དང་གཏན་ཚིགས་སོགས་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད་པར་གསུངས།  རྒྱ་གར་གྱི་ཡིག་རིགས་སྣ་ཚོགས་དང་ལྷག་པར་དུ་སྒྲ་མདོ་ཆེན་པོ་རྣམ་གསུམ།  ལུགས་ཀྱི་བསྟན་བཅོས་སྣ་ཚོགས། རྟོག་གེའི་བསྟན་    བཅོས་དང་རིག་བྱེད་ཀྱི་བསྟན་བཅོས་སོགས་ལ་བསླབ་སྦྱངས་དང་།   དེ་དག་ཁོང་དུ་ཆུད་རྒྱུ་ནི་ལོ་རེ་གཉིས་ཤིག་ལ་ཡོང་ཐུབ་པ་ཞིག་ལར་ནས་མིན་པས་ཁོང་གིས་རྒྱ་གར་ ནས་བགྲང་བྱ་མང་བོའི་རིང་སློབ་གཉེར་གནང་བ་ནི་གདོན་མི་ཟ་བ་ཞིག་རེད། དེས་ན་བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལལས''ཐོན་མི་རྒྱ་གར་དུ་      བརྟོལ་བའི་རྗེས་སུ། རྒྱ་གར་རྒྱལ་བོས་ཐུཊ་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་དྲ་ཞེས་བྱ་བའི་བའི་སློབ་མ་ལྷ་རིག་པ་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་པར་བསླབས།  དམ་པའི་ཆོས་དགེ་བ་བཅུའི་མདོ་ ཡང་ཉན་ཅིང་བསླབས།'' ཞེས་གསུངས་པ་ནི་དོན་ལ་གནས་པའི་གཏམ་དུ་འཁུམས། དེས་ན་ཐོན་མི་སྲོང་བཙན་དགུང་ལོ་བཅུ་གསུམ་ཐོག﹙《དེབ་དཀར་ལྟར་ན་སྤྱི་ལོ་༦༢༩ལོར་རྒྱ་ གར་དུ་ཆས་ཏེ་ལོ་བདུན་གྱི་རྗེས་ནས་ཕྱིར་ཕེབས་ན་སྲོང་བཙན་དགུང་ལོ་བཅུ་དགུ་བ་སྟེ་སྤྱི་ལོ་༦༣༥ལོར་འབབ་དགོས།  དེ་ནས་བལ་བཟའ་བསུ་མགོ་བརྩམས་ཏེ་དང་ཐོག་བལ་བཟའ་བོད་ལ་སྟེར་མ་འདོད་པས་ཕོ་ཉ་ལན་འགའ་ཞིག་ལ་ཕར་འགྲོ་ཚུར་འོངས་བྱས་ཤིང་། དེ་དུས་འགྲིམ་འགྲུལ་སྟབས་མི་བདེ་བས་བལ་བཟའ་བོད་ལ་བསུ་བའི་བར་ལ་མ་མཐའ་ཡང་ལོ་ངོ་གསུམ་བཞི་ཙམ་འགོར་ལོས་དགོས། སྤྱི་ལོ་༦༣༨ལོར་བལ་    བཟའ་བོད་ལ་ཕེབས་པའི་དབང་དུ་བཏང་ན། ལོ་དེའམ་ཡང་ན་དེའི་ཕྱི་ལོ་སྟེ་སྤྱི་ལོ་༦༣༩ལོར་རྒྱ་བཟའ་བསུ་བའི་མགོ་བརྩམས་ཤིང་། དེ་ནས་ལོ་གཉིས་འདས་རྗེས་ཀྱི་སྤྱི་ལོ་༦༤༡ལོར་རྒྱ་བཟའ་བོད་ལ་ཕེབས་པར་བཤད་དགོས། ཡིན་ན་ཡང་ཐང་ཡིག་རྙིང་མལས''ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པར་བཙན་པོ་སྲོང་བཙན་གྱིས་ཐོག་མར་ཕོ་ཉ་མངགས་ཏེ་སྐྱེས་ཕུལ།་་་་་་་ བཙན་པོས་གྲུ་གུ་དང་འ་ཞ་ལ་ཀོང་ཇོ་རེ་ཐོབ་པའི་   གཏམ་གསན་ཏེ།  ཕོ་ཉ་མངགས་པ་ལ། དེ་ཡང་ཧྥིན་ཏེ་ཞ་དང་ལྷན་དུ་གསེར་སོགས་རིན་པོ་ཆེ་བསྣམས་ནས་ཐང་གི་ཁབ་ཏུ་འོངས་ཏེ་གཉེན་བསླངས་ཀྱང་གོང་མས་གསན་དུ་མ་ བཞེད''ཞེས་དང་།  ཡང་། ཀྲིན་ཀོན་གྱི་ཁྲི་ལོ་བཅོ་ལྔ་བར།  གོང་མ་ཐེ་ཙུང་གིས་ཝུན་ཁྲིན་ཀོང་ཇོ་བག་མར་གནང་།'' ཞེས་གསལ་བས། ཀྲིན་ཀོན་ཁྲི་ལོ་བརྒྱད་པ་ནི་སྤྱི་ལོ་༦༣༤ལོ་ཡིན་ལ། བོད་ཀྱིས་ལོ་དེའམ་ཡང་ན་དེའི་ཕྱི་ལོར་ཐང་ལ་ཕོ་ཉ་མངགས་ཏེ་ཀོང་ཇོ་བསླངས་པ་དང་། ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་སྟེ་སྤྱི་ལོ་༦༤༡ལོར་ཀོང་ཇོ་བོད་ལ་བག་མར་བྱིན་པས། དེའི་བར་དུ་མ་མཐའ་ཡང་ལོ་བདུན་ཙམ་འགོར་དགོས་པས།    གལ་ཏེ་སྲོང་བཙན་གྱི་འཁྲུངས་ལོ་མེ་གླང་སྟེ་༦༡༧ལོ་ཡིན་ནཐང་ཡིག་རྙིང་མའི་ ལུང་འདི་དང་དངོས་སུ་འགལ་ཡོད་པས། ཨ་ཕའི་ཁ་ཕོར་གཙང་ཞེན་གྱིས་ཨུ་ཚུགས་ བྱེད་ན་མ་གཏོགས་གཟུ་བོར་གནས་པའི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ན་ཁས་ལེན་ཐབས་གཏན་ནས་མེད་དོ། ། ཐང་ཡིག་རྙིང་མརྩོམ་དུས། རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་ནས་ལོ་སུམ་བརྒྱ་ཙམ་ལས་འགོར་མེད་པས་ཁུངས་ཤིན་ཏུ་བཙུན་ལ།དེབ་དཀར   མཁན་པོས་ཀྱང་ཐང་ཡིག་ནི་ཡིག་ཚང་ཚད་ལྡན་དུ་བརྩི་བས་སོ། །

 ལྔ།  ཐང་རྒྱལ་རབས་ཀྱི་ཡིག་ཚང་སྔ་ཤོས་ཐུང་ཏེན་ལས།  གནམ་རི་སྲོང་བཙན་གྱིས་ཁེ་དབང་ཁྲི་ལོའི་དཀྱིལ་སྤྱི་ལོ་༥༩༠ལོ་དུ་རང་གི་རྒྱལ་ཁབ་བཙུགས་པར་བཤད་པ་ལྟར་ན། དེ་དུས་གནམ་རི་སྲོང་བཙན་མ་མཐའ་ཡང་དགུང་ལོ་སུམ་ཅུ་ ཙམ་ཡིན་དགོས། གལ་ཏེ།དེབ་དཀར་ལྟར་སྲོང་བཙན་སྒམ་པོ་སྤྱི་ལོ་༦༡༧ལོར་འཁྲུངས་པ་ཡིན་ན་དེ་དུས་ཡབ་གནམ་རི་སྲོང་བཙན་དགུང་ལོ་ལྔ་བཅུ་ང་བདུན་ཙམ་ཡིན་དགོས།ཏུན་ཧོང་གཏེར་ཡིག་ལས།''བཙན་པོཿགཅེན་ཿསྲོང་རྩན་ཿདྔ།       གཅུང་ཿབཙན་སྲོང་གཉིས་ཿནོལད་ནས། གཅུང་་་་་་་་་ཏ་ཿམཁའས་ཿསྲེགས་ཿའཁུ་སྟེ། མཉལད་གྱི་གཟེན་དུ།  གཅུང་བཙན་སྲོང་།  ཞུགསུ་་་་་་་་་'' ཞེས་གསལ་བས།  སྲོང་བཙན་ལ་ད་དུང་གཅུང་བཙན་སྲོང་ཟེར་བ་ཞིག་ཀྱང་ཡོད་པ་གདོན་མི་ཟ་བས།   གནམ་རི་སྲོང་བཙན་དང་ཚེ་སྤོང་བཟའ་གཉིས་ལ་ལོ་ན་ཆུང་དུས་དང་ལང་ཚོ་དར་སྒང་ལ་སྲས་གཅིག་ཀྱང་མ་འཁྲུངས་པར་དགུང་ལོ་དྲུག་ཅུ་ཡས་མས་སུ་གློ་བུར་དུ་འཕྲོ་རིམ་འཕྲོར་སྲས་གཉིས་འཁྲུངས་པ་ནི་ངོ་མཚར་ཞིང་ཧ་ལས་དགོས་པ་ཞིག་མ་རེད་དམ།  མདོར་ན་སྲོང་བཙན་སྒམ་པོ་འདས་ལོ་ལྕགས་ཁྱི་སྟེ་ ༦༥༠ ལོར་བྱས་ན་དེབ་སྔོན་གྱི་ལུགས་གཅིག་དང་ཏུན་ཧོང་གཏེར་ཡིག་》《ཐང་ཡིག་གསར་རྙིང་སོགས་ལོ་རྒྱུས་ཚད་ལྡན་མང་བོ་ཞིག་དང་མཐུན་པས་དགེ་མཚན་ཆེ་ཡང་། འཁྲུངས་ལོ་མེ་གླང་སྟེ་༦༡༧ལོར་བྱས་ན་གོང་ནས་བཤད་པའི་འགལ་བ་མང་བོ་ཞིག་ཁས་ལེན་དགོས་པར་འགྱུར་བས། དེ་ལསདེབ་སྔོན་དུ་''སྲོང་བཙན་འཁྲུངས་ནས་ལོ་ཉིས་བརྒྱ་ང་གཉིས་འདས་པ་ལྕགས་གླང་ལོ་ལ་རལ་བ་ཅན་གྱིས་རྒྱ་དང་འདུམ་མཛད''  21ཅེས་པ་དང་བསྟུན་ནས་སྲོང་བཙན་སྒམ་པོ་ས་གླང་སྟེ་སྤྱི་ལོ་ ༥༦༩ལོར་འཁྲུངས་ནས་ལྕགས་ཁྱི་ སྟེ་སྤྱི་ལོ་༦༥༠ལོར་འདས་པར་བྱས་ན་ཐང་གི་ཡིག་ཚང་སྔ་ཤོས་ཐུང་ཏེན་དང་བལ་བོའི་ལོ་རྒྱུས་གསར་བསྒྲིགསསོགས་དང་ཡང་མཐུན་ལ། རྒྱལ་བོ་སྔ་ཕྱིའི་ལོ་ཚིགས་གཏན་འབེབས་བྱེད་པ་ལ་ཡང་རྙོག་དྲ་མི་འབྱུང་བས་ཧ་ཅང་ལེགས་སྙམ།

ཡིན་ན་ཡང་ཀིརྟི་བློ་བཟང་བསྟན་འཛིན་དང་དུང་དཀར་བློ་བཟང་འཕྲིན་ལས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། པ་ཚབ་པ་སངས་དབང་འདུས། ཐུབ་བསྟན་ཕུན་ཚོགས་སོགས་བོད་ཕྱི་ནང་གི་མཁས་པ་མང་བོ་ཞིག་མ་བརྟགས་ཉམས་དགའི་ངང་དེབ་དཀརགྱི་རྗེས་སུ་འབྲངས་ཏེ་སྲོང་བཙན་སྒམ་པོ་སྤྱི་ལོ་ ༦༡༧ལོར་འཁྲུངས་ཏེ་སྤྱི་ལོ་༦༥༠ལོར་འདས་ཤིང་བསྡོམས་པས་དགུང་ལོ་སོ་བཞིར་མ་གཏོགས་མ་བཞུགས་པར་བཤད་དང་འཆད་ཀྱིན་ཡོད་ལ། གཞོན་སྐྱེས་མང་བོ་ཞིག་ཀྱང་དེ་དག་གི་རྗེས་སུ་རི་བོང་ཅལ་རྒྱུགས་བྱེད་ཀྱིན་ཡོད་པས།  མུ་མཐུད་དུ་འདི་ལྟར་སོང་ན་བོད་ཀྱི་རྒྱལ་རབས་ཀྱི་ལོ་ཚིགས་མང་བོ་ཞིག་ལ་རྙོག་དྲ་བྱུང་སྟེ་གང་ཞིག་ཡང་དག་པ་དང་གང་ཞིག་ཡང་མ་དག་པའི་རྣམ་དབྱེའང་འབྱེད་དཀའ་བར་འགྱུར་རོ་སྙམ་ནས་དཔྱད་པ་ ཕྲན་བུ་འདི་བྲིས་པ་སྟེ། སྤྱིར་དེབ་དཀརགྱི་ལོ་ཚིགས་སྐོར་ལ་མཁས་པ་སྔ་མས་དཔྱད་པ་མཛད་མྱོང་ན་ཡང་། ད་ལན་ཁོ་བོའི་ལག་ཏུ་ཡང་བསྐྱར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཁ་ཤས་སོན་པས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སུག་བྲིས་སུ་བགྱིས་པ་ལགས་པས།  འགལ་འཁྲུལ་ཅི་མཆིས་གཟུར་གནས་དཔྱོད་ལྡན་མཁས་པའི་མདུན་སར་འཐོལ་ཅིང་འཆགས་སོ། །

                                                                                       ལུང་འདྲེན་དཔྱད་ཡིག

    རླངས་དཔལ་གྱི་སེང་གེ་སོགས།      རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།〉〉     བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1995 ལོ།  ཤ1②③④⑤⑥⑦དགེ་འདུན་ཆོས་འཕེལ ། 〈〈དེབ་ཐེར་དཀར་པོ〉〉མི་རིགས་དཔེ་སྐྲུན་ཁང་།  2007ལོ།  ཤ 67  67  67  92  90  91 

དོར་ཞི་གདོང་དྲུག་སྙེམས་བློ ། 〈〈མུན་འཇོམས་ནོར་བུའི་ཕྲེང་བ〉〉མི་རིགས་དཔེ་སྐྲུན་ཁང་།  1996ལོ།  ཤ 152    ཏུའུ་ཡིག་གིས་བརྩམས ། མཐའ་བ་བཀྲ་དོན་གྱིས་བསྒྱུར །  〈〈ཐང་གི་ཡིག་ཚགས་ཐུང་ཏེན་ལས་བོད་ཀྱི་ས་བཅད〉〉﹙2011ལོའི〈〈ཀྲུང་གོའི་བོད་རིག་པ〉〉དེབ 4བ པེ་ཅིན་ཉིག་ཧྲན་ཧྲི་ཞིན་པར་ཁང་། 2011 ལོ།  ཤ 103    ཀིརྟི་བློ་བཟང་བསྟན་འཛིན། 〈〈གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ〉〉  ཤོག་ངོས་ 58 པར〈〈བལ་ཡུལ་རྒྱལ་རབས〉〉ཀྱི་ལུང་དྲངས་པ་ལ་གསལ།  ཞང་ཀང་ཐེན་མ་དཔེ་སྐྲུན་ཁང་།  2002ལོ།

 新编尼泊尔史》{}l.R.阿里亚尔  T.P. 顿格亚尔      四川人民出版社1973ལོ།   p 34 35 36

  21 འགོས་ལོ་ཙཱ་བ་གཞོན་ནུ་དཔལ ། 〈〈དེབ་ཐེར་སྔོན་པོ〉〉སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1984ལོ།  ཤ98-99  98-99

བསོད་ནམས་སྐྱིད། 〈〈བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང〉〉མི་རིགས་དཔེ་སྐྲུན་ཁང་།  1984ལོ།   ཤ3    ⒁⒅⒆དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས〉〉མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1984ལོ།  ཤ 101 132-133  135

ཚེ་ཏན་ཞབས་དྲུང་།  〈〈བསྟན་རྩིས་ཀུན་བཏུས〉〉མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1982ལོ།  ཤ309-310   ⒃⒄ཚེ་ཏན་ཞབས་དྲུང་།〈〈ཐོན་མིའི་ཞལ་ལུང〉〉 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1994ལོ།  ཤ6  9   དབང་རྒྱལ་དང་བསོད་ནམས་སྐྱིད །〈〈ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ〉〉  མི་རིགས་དཔེ་སྐྲུན་ཁང་།  1992 ལོ།  ཤ 12

བླ་ནག་པ་ཡེ་ཤེས་བཟང་བོ།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་དཔྱོད་ཁང་དུ་ལས་ཀ་གཉེར་བཞིན་ཡོད། 

        青海省海南州第二民族高级中学       益西桑布    15719749060

                                                                                                                                                                                                          རྩོམ་ཡིག་མཁོ་སྤྲོད་པ།   སྐབས་དགུ་བའི་དྲ་ལམ་འཕྲིན་འགོད་པ་བན་ཤུལ་འབྲུག་ལྷ་རྒྱལ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23537292
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།