རྟེན་འབྲེལ་ལས་འཕྲོས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »རྟེན་འབྲེལ་ལས་འཕྲོས་པ།
རྟེན་འབྲེལ་ལས་འཕྲོས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-09ལྟ་ཀློག (3867)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྟེན་འབྲེལ་ལས་འཕྲོས་པ།

                                      སྤྲུལ་ཧཱུཾ་ཀར་རྡོ་རྗེ།

སྤྱིར་ཆོས་ལུགས་ཟེར་ཚད་ཚང་མ་བསམ་བློའི་འཁྱེར་སོ་དང་ལས་བཞག་པའི་ཁས་ལེན་ནམ་ཡིད་ཆེས་ལས་བྱུང་བའི་ལྷ་འདྲེ་དང་།སྐྱེ་བ་སྔ་ཕྱི་ཟེར་བ་ལ་སོགས་ཡོད་པར་རློམ་པ་དང་།དགེ་བ་དང་སྡིག་པའི་ལས་སམ་སྤྱོད་པ་བཟང་ངན་ཁྱར་པར་གྱིས་ཕྱི་མ་ལྷ་ཡུལ་དང་དམྱལ་བ་ལ་སོགས་པར་སྐྱེ་བའི་ལམ་ལུགས་ཤིག་ལ་འདོད།    ཆོས་ལུགས་ནི་རྒྱ་ཆེ་བ་ཞིག་ཡིན་པས་དེ་ལ་རིགས་མི་འདྲ་བ་མང་པོ་ཡོད།འདི་གར་ནང་བའི་ཆོས་ལུགས་སམ་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་ག་འདྲ་ཡིན་པར་ཅུང་ཟད་བཤད་ན།དེ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་སྤང་བའི་ཆ་ལས་གྲུབ་པའི་ཆོས་ལུགས་ཤིག་ཡིན།འཇིན་རྟེན་འདི་དང་འཇིག་རྟེན་གཞན་ན་ཡོད་པའི་བྱ་དངོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་ཁྱད་པར་བ་ལ་ལྟོས་ནས་འབྱུང་ཞིང་རྒྱུ་རྐྱེན་ཁྱར་པར་བ་ལྟོས་ནས་སྣང་བ་ཤ་སྟག་ཡིན།ཐམས་ཅད་རྒྱུ་རྐྱེན་ལ་མ་ལྟོས་པར་སྣང་ཚུལ་མེད་པ་ཡིན་དུས་བྱ་བ་གང་ཞིག་དོན་དུ་གཉེར་ན་དེའི་རྒྱུ་རྐྱེན་མ་ནོར་བ་ལ་བསམ་བློ་གཏོང་བར་བྱེད་རྒྱུ་གལ་ཆེན་ཆགས་ཡོད།དཔེར་ན་ཁྱེད་ཚོའི་མ་འོངས་པའི་མི་ཚེ་ཡག་པོ་འབྱུང་ཐབས་ཀྱི་རྒྱུ་རྐྱེན་ད་ལྟ་སློབ་ཆེན་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་།དེ་བཞིན་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་ན་སློབ་འབྲས་ཡག་པོ་མི་འགྱུར་ལྟ་བུ་རེད།དེ་ལྟར་བྱ་བ་གང་ཞིག་གི་གྲུབ་འབྲས་ཡག་པོ་ལོན་པ་ལ་རྒྱུ་རྐྱེན་གྱི་གོ་རིམ་ཁྱད་པར་བའི་ཆ་རྐྱེན་ཚང་འཛོམས་མི་བྱེད་ག་མེད་ཡིན།ཐམས་ཅད་རྒྱུ་རྐྱེན་རྟེན་འབྱུང་ཡིན་པས་ང་ཚོས་དཀོན་མཆོག་གམ་ལྷ་ངོས་འཛིན་བྱེད་སྟངས་མི་འདྲ་ས་མང་པོ་ཡོད།འཇིག་རྟེན་ཐམས་ཅད་ལྷས་བཟོས་ཤིང་འཇིག་རྟེན་བྱེད་སྟངས་འཇིག་རྟེན་གྱི་བདག་པོ་ལྷ་ཡིན་ཟེར་བ་དང་།ལྷ་ཟེར་བ་དེ་དང་པོ་ཉིད་ནས་འགྲན་ཟླ་མེད་ཅིང་ཐམས་ཅད་དབང་བསྒྱུར་གྱི་ནུས་པ་ཡོད་པར་རློམ་པ་སོགས་ལྟ་བ་སྣ་ཚོགས་ཤིག་ཡོད།ནང་པ་རྣམས་ཀྱི་དཀོན་མཆོག་གམ་ལྷ་གཙོ་བོ་ནི་ཤཱཀྱ་ཐུབ་པ་རེད།ཁོང་ནི་དང་བོ་རྒྱ་གར་གྱི་སོ་སྐྱེས་ཕལ་བ་ཞིག་ཡིན་དུས་ལྟ་བ་རྟེནའ་བྱུང་གི་དང་སྤྱོད་པ་འཚེ་བ་སྤང་བའི་ལམ་ལུགས་འདི་རྙེད་ཅིང་ལམ་ལུགས་འདི་ལ་བརྟེན་ནས་དཀའ་ལས་དང་འབད་བརྩོན་བརྒྱ་ཕྲག་བསྒྲུབས་པའི་གྲུབ་འབྲས་སེམས་ཁམས་ཀྱི་མ་དག་པའི་ཆ་ཐམས་ཅད་དག་པར་གྱུར་ནས་ཤེས་བྱ་མ་ལུས་པར་ཐོགས་མེད་གཟིགས་པའི་ཤེས་རབ་དང་།རེས་སུ་མ་ཆད་པའི་འགྲོ་བ་ཐམས་ཅད་མཉམ་པར་མཐོང་བའི་བརྩེ་བ་ཐུགས་རྗེ་ཆེན་པོ་བརྙེས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད།འགྲོ་བ་ཐམས་ཅད་ཀྱི་སེམས་ཁམས་ལ་སངས་རྒྱས་ཀྱི་ས་བོན་ཡོད་པ་དང་།ས་བོན་ཡོད་པ་དེའི་རྟེན་འབྲེལ་གྱིས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཡོད་པར་འགྱུར་བ་ནི་ལྟ་བ་རྟེན་འབྱུང་གི་གནད་གཙོ་བོ་ཞིག་ཡིན།ས་ཡི་ཁམས་ཀྱི་གསེར་བླངས་པའམ་སྤྱོད་རུང་དུ་བྱེད་པར་རྡུལ་དང་རྡོ་ལ་སོགས་སྔོག་ཞིང་ཐེར་འདོན་དགོས་པ་བཞིན་སེམས་ཁམས་ཀྱི་སངས་རྒྱས་མངོན་དུ་འགྱུར་བར་བྱེད་པ་ལ་ཉོན་མོངས་པ་དང་རྣམ་རྟོགས་ཐམས་ཅད་འཇོམས་པ་འམ་ཞི་བར་བྱེད་དགོས།འགྲོ་བའི་སེམས་ཁམས་ལ་སངས་རྒྱས་ཀྱི་ས་བོན་ཡོད་པའི་མཚན་མ་གང་ཞིག་ཡོད་ན།སེམས་ནི་གར་ཡང་རྒྱུ་ལ་གང་ལའང་ཐོགས་རེག་མེད་ཅིང་།དེ་ལ་དཔྱོད་པའི་བློ་ངོར་ནམ་མཁའ་ལ་ལག་སྙོབས་བྱས་པ་ལྟར་སྔ་ཕྱི་འཇུ་བཟུང་དང་བྲལ་བའི་སྟོང་ཉམས་ཤིག་ལས་མེད་པ་དེ་སེམས་ཁམས་ཀྱི་ཆ་ཡི་སངས་རྒྱས་ཀྱི་སྙིང་པོའི་རྣམ་འགྱུར་རྣལ་མ་ཞིག་ཡིན།

སྟོང་པ་དེ་གང་ཡང་མེད་པའི་ཁང་སྟོང་ལྟ་བུ་ཞིག་མིན་པར་ལྷན་སྐྱེས་ཀྱི་ཡོན་ཏན་སྣ་ཚོགས་ཚང་འཛོམ་དུ་ཡོད་པ་སྟེ་དཔེར་ན་སེམས་ཀྱི་ཆ་ཤས་གཅིག་གི་ཡུལ་སྣ་ཚོགས་གསལ་ཞིང་རིག་པའི་ནུས་པ་དང་།ཆེ་ཆུང་ལ་མ་ལྟོས་པའི་བརྩེ་བ་དང་སྙིང་རྗེ་ལ་སོགས་པའི་འདུ་ཤེས་དག་ཀྱང་སེམས་ཁམས་ཀྱི་བདེ་གཤེགས་སྙིང་པོའི་ཡོན་ཏན་གྱི་མཚན་མ་མ་ཡིན་ནོ།།

དེ་ལྟ་བུ་ལ་སོགས་པའི་སེམས་ཁམས་ལ་ལྷན་སྐྱེས་སུ་ཡོད་པའི་སངས་རྒྱས་ཀྱི་རང་བཞིན་མང་པོ་དག་ཡོད་པའི་རྟེན་འབྲེལ་འདིའི་གནད་ཀྱིས་སེམས་ཅབ་སུ་ཞིག་གིས་དོན་འདི་ལ་འབད་པ་བྱེད་ན་གྲུབ་འབྲས་མི་བཟད་པ་ཐོབ་རྒྱུ་ཡོད་པ་ནི་ནང་པ་སངས་རྒྱས་པའི་ལྟ་ཚུལ་ཐུན་མིན་ཞིག་ཏུ་བརྩི་ཆོག  རྒྱུ་རྐྱེན་རྟེན་འབྱུང་གི་རང་བཞིན་གྱིས་ཐམས་ཅད་ལ་ཁྱབ་ཡོད་པའི་ཕྱིར་བདེ་བ་དང་།སྡུག་བསྔལ་ཐམས་ཅད་ཀྱང་རྒྱུ་རྐྱེན་མི་འདྲ་བའི་རྟེན་འབྲེལ་ཤ་སྟག་ཡིན།འབྲས་བུ་ལ་བདེ་སྡུག་གི་རྣམ་འགྱུར་གཉིས་ཡོད་པའི་ཕྱིར་ན་རྒྱུ་ལའང་དགེ་སྡིག་གི་རང་བཞིན་གཉིས་སུ་དབྱེ་བར་བྱེད།ནང་པའི་ཆོས་ལུགས་ཀྱི་ངོས་ནས་རྒྱུ་མི་དགེ་བ་བཅུ་མ་སྤང་ན་འབྲས་བུ་བདེ་བ་མི་འབྱུང་བའི་བཤད་སྟངས་འདི་ལྟ་བ་མཐོ་དམན་ཐམས་ཅད་ཀྱིས་ཁས་ལེན་དགོས་ཤིང་ལག་བསྟར་འདེབས་དགོས་པར་ཆགས་ཡོད།

དང་བོ།  སྲོག་གཅོད་པ།ཆེ་ས་ནས་མི་དང་ཆུང་ས་ནས་འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱི་སྲོག་གཅོད་པ་ནི་མི་དགེ་བ་སྟེ།འཛམ་གླིང་གང་སར་མི་གསོད་ལ་ལས་འབྲས་ག་འདྲ་འཁོར་གྱི་ཡོད་པ་ནི་མངོན་གསལ་ཆེ་བས་ཀུན་གྱིས་དོགས་ཟོན་བྱེད་སྲིད་ཀྱང་།དུད་འགྲོའི་རིགས་ནི་ཁ་ཟས་དང་ཚོང་ལས་ལ་སོགས་པའི་ཆེད་དུ་དམིགས་ནས་འཛེམ་བག་མེད་པར་གསོལ་གཏུབ་བྱེད་མོད་གཞན་གསོད་པའི་རྣམ་སྨིན་ལ་ཕྱི་མ་དམྱལ་བར་སྐྱེ་བ་དང་།ཚེ་འདི་ནད་མང་བ་དང་ཚེ་ཐུང་བ་གཟི་བརྗིད་ཆུང་བ་ལ་སོགས་པའི་སྡུག་བསྔལ་ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་གི་རེད།

གཉིས་པ། མ་བྱིན་པ་ལེན་པ་ནི། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་ཡོད་རྐུ་བ་དངའཕྲོག་པ་ལ་སོགས་པ་སྟེ་མི་དགེ་བ་སྟེ། རྒྱལ་ཁྲིམས་ཀྱི་ཆད་པ་ཐེབས་པ་དང་ཡང་ན་རང་ཉིད་ཀྱི་ནོར་རྫས་ནོར་རྫས་བོར་བརླག་ཏུ་ཕྱིན་པ་དང་། གཞན་གྱི་དབང་དུ་ཤོར་བ་ལ་སོགས་པའི་ལས་འབྲས་ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་གི་རེད།

གསུམ་པ། མི་ཚང་བ་སྤྱོད་པ་ནི། གཞན་གྱི་ཆུང་མ་དང་གཞན་གྱི་བདག་ཏུ་རུང་བིའ་བུད་མེད་ལ་འདོད་པ་སྤྱོད་པ་དང་བཙན་གྱིས་གཡེམ་པར་བྱེད་པ་ནི་མི་དགེ་བ་སྟེ།  གན་རྣམས་རང་ལ་སྡང་ཞིང་རྒོལ་བར་བྱེད་པ་དང་། ཁྲིམས་ཀྱི་ལས་ལ་སྦྱོར་བ། ཡིད་དུ་འོང་བའི་གྲོགས་དང་འཕྲད་པར་མི་འགྱུར་བ་དང་། ཡིད་དུ་བབ་པའི་མིས་རང་ལ་བརྩེ་བར་མི་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད།

བཞི་བ།  རྫུན་སྨྲ་བ་ནི། ཕ་རོལ་པོ་མགོ་བསྐོར་རམ་རྨོངས་པའི་ལས་སུ་གཟུད་པའི་ཁ་བདེ་ངག་བདེའི་སྐད་ཆ་བཤད་པ་ནི་མི་དགེ་བ་སྟེ། རྫུན་སྨྲ་བ་ནི་ཐམས་ཅད་ཀྱིས་རང་ལ་ཡིད་ཆེས་མི་རུང་བར་བཟོ་བ་དང་། གཞན་གྱིས་ངན་པར་སྨྲ་བའི་གཞི་དང་ ། རང་ལ་ཁ་སེམས་དཀར་བའི་གྲོགས་ཀྱིས་དབེན་པར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད།

ལྔ་པ།  ཕྲ་མ་བཤད་པ་ནི། ཕྲག་དོག་གམ་གང་རུང་གིས་མི་དང་མིའི་བར་གྱི་འབྲེལ་བ་དང་མཛའ་བརྩེ་གཏོར་བརླག་བྱེད་པའི་ཚིག་སྨྲ་བ་ནི་མི་དགེ་བ་སྟེ། གཞན་སེམས་དཀྲུགས་པར་བྱེད་ཅིང་རང་ཉིད་མི་ངན་གྱི་གྲལ་དུ་གླེང་སློང་བ་དང་རླུང་རྟ་མི་རྒྱུགས་པ་དང་། བློ་གཏད་རུང་བའི་གྲོགས་ཀྱིས་དབུར་བར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད།

དྲུག་པ། ཚིག་རྩུབ་སྨྲ་བ་ནི། ཕ་རོལ་བོ་བརྙས་བཅོས་སམ་རྣ་བར་མི་མཛེས་པའི་ཚིག་བཙན་པོ་གང་ཞིག་གིས་གཞན་ཡིད་མི་དགའ་བར་བྱེད་པའི་གཏམ་སྨྲ་བ་མི་དགེ་བ་སྟེ། གཞན་དམན་པར་བཟུ་བས་རང་ཉིད་ལ་མི་དགའ་བར་བྱེས་པ་དང་། རང་གིས་སྐྱོན་འཚང་རྣམས་འདོན་ཞིང་གཞན་གྱིས་རང་ལ་མཐོང་སྣང་ཆུང་རུ་འགྱུར་བ་ལ་སོགས་པའི་སྡུག་བསྔལ་འབྱུང་གི་རེད།

བདུན་པ།   ངག་འཁྱལ་སྨྲ་བ་ནི།མཐོ་དམན་དྲག་གཞན་གྱི་མི་དང་བྱ་བ་སྣ་ཚོགས་ཀྱི་སྐོར་དོན་མེད་དུ་གླེང་ནས་ཉི་མ་འཁྱོར་ཐབས་བྱེད་པ་ལྟ་བུ་ནི་མི་དགེ་བ་སྟེ། རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་དུས་ཚོད་ཆུད་ཟོས་སུ་འགྲོ་བ་དང་། ཁ་མཆུ་དང་རྩོད་གླེང་གི་གྲས་སུ་ཚུད་པར་འགྱུར་བའི་ཉེན་དང་། ལོག་ལྟ་དང་བསྐུར་འདེབས་ཀྱི་ཆ་རྐྱེན་དུ་ཆགས་ནས་ཉེས་པ་ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་གི་རེད།

བརྒྱད་པ།  བརྣབ་སེམས་ནི། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་ཐོབ་ཐང་འཁོར་གྲགས་ལ་སོགས་པར་སེམས་པ་ཤོར་ནས་རང་ལ་ཡོད་ན་ཅི་མ་རུང་སྙམ་པའི་འདོད་སེམས་ཚ་བོ་ལང་བ་ནི་མི་དགེ་བ་སྟེ། རང་ཉིད་ཀྱི་ཡིད་མི་བདེ་བར་འགྱུར་བ་དང་། རྐུ་འཕྲོག་དང་གཡོ་སྒྱུ་སྣ་ཚོགས་ཀྱི་ལས་སུ་འཇུག་པར་ཤུགས་ཀྱིས་འབྱུང་ཞིང་། རང་ཉིད་ཧམ་པ་ཚ་བོ་ཞེས་ཀུན་གྱིས་གླེང་བར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད།

དགུ་པ།  གནོད་སེམས་ནི། མི་དང་དུད་འགྲོའི་ལ་སོགས་པ་གང་ལ་ཡང་མི་བདེ་བ་སློངས་བར་འདོས་པ་དང་། དེ་དག་ལ་ཡིད་དུ་མི་འོང་བ་ལས་འབྲས་འབྱུང་བར་འདོད་པ་ནི་མི་དགེ་བ་སྟེ། འདོད་པ་མི་འགྲུབ་པ་དང་། སེམས་ཀྱི་ནང་གི་ཞི་བ་དཀྲོགས་པར་འགྱུར་བ་དང་། རང་དང་མིའི་བར་གྱི་ཞི་མཐུན་གྱི་རྣམ་པ་རྒུད་ཅིང་གཞན་རྣམས་ཀྱིས་རང་ལ་གདུག་རྩུབ་ཅན་དུ་འཛིན་པར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད།

བཅུ་པ།  ལོག་ལྟ་ནི། གང་ཞིག་གི་བདེན་པའི་རང་བཞིན་མ་ཤེས་ནས་དོན་ལོག་པའམ་མ་ཡིན་པར་རློམ་པ་ལ་སོགས་པ་ནི་མི་དགེ་བ་སྟེ། རྒྱུ་འབྲས་ཀྱི་གོ་རིམ་ལ་རྨོངས་པར་འགྱུར་ཞིང་།  སྐྱོན་དང་ཡོན་ཏན་གྱི་ཁྱད་པར་མི་ཤེས་པར་འཁྲུལ་བའི་གཡང་སར་ལྷུང་བ་དང་། དགེ་སྡིག་གི་རྣམ་སྨིན་གྱི་ཁྱད་བཟང་ངན་མི་ཤེས་པར་འབྲས་བུ་མི་ལེགས་པ་ཐོབ་པའི་སྡུག་བསྔལ་སྣ་ཚོགས་འབྱུང་གི་རེད། མི་དགེ་བ་བཅུ་འདི་རྣམས་སྤང་བ་ནི་དགེ་བཅུ་ཡིན་ལ་དགེ་བ་བཅུའི་འབྲས་བུའི་རང་བཞིན་ནི་རང་ཉིད་ཀྱི་མི་ཚེ་ལ་ཞི་བ་དང་བདེ་སྐྱིད་ཡིད་འོང་གི་དུས་ཚོད་སྐྱེར་བར་ནུས་པ་དང་།ཕྱི་མ་ལྷ་མིའ་ལུས་རྟེན་ཐོབ་པའི་གོ་སྐབས་ཕུན་སུམ་ཚོགས་པའི་སྒོ་འབྱེད་པར་འགྱུར་བ་ཡིན་ནོ།།

ལྟ་བ་རྟེན་འབྲེལ་འབྱུང་གི་རང་བཞིན་ལ་གོ་བ་ཙམ་དང་ངོ་ཤེས་པ་ཙམ་མ་ཡིན་པར་རང་ཉིད་ཀྱི་སྤྱོད་པ་གང་དང་གང་བགྱིད་རྣམས་རྟེན་འབྱུང་གི་གོ་བ་ད་རྗེས་སུ་འབྲེལ་བར་བྱེད་རྒྱུ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྨང་གཞི་འཇོག་ཚུལ་དང་སྙིང་པོ་ལེན་ཚུལ་གྱི་གནད་ཡིན།ལྟ་བ་རྒྱུ་འབྲས་རྟེན་འབྱུང་དང་སྤྱོད་པ་གཞན་གནོད་སྤང་བར་བྱེད་པའི་ཐབས་ཤེས་འདི་ཆོས་ལུགས་ཀྱི་ལམ་ལུགས་རྐྱང་པ་ཙམ་མིན་པར་འཇིག་རྟེན་མི་ཆོས་ཀྱི་ལམ་ལུགས་དང་།རྒྱབ་ཁབ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཆ་རྐྱེན་ནམ་རྨང་གཞི་རྒྱ་ཆེན་པོ་ཞིག་ཏུ་རང་ཤུགས་ཀྱིས་ཆགས་ཡོད།

རྟེན་འབྱུང་གི་གནས་འདི་ལ་གོ་བ་དང་ཉམས་མྱོང་གི་རིམ་པ་ཇི་ལྟར་ཟབ་པ་དེ་ལྟར་དེའི་ངོ་བོའི་གནས་སྟངས་ཀྱང་གཏིང་ཇེ་ཟབ་དང་རིམ་པ་མཐོ་རུ་འགྲོ་བ་ཡིན། རྒྱུ་འབྲས་རྟེན་འབྱུང་གི་གོ་རིམ་རགས་པའི་འགྲོ་སྟངས་ཀྱི་ཆ་ནས་རྒྱུ་དགེ་བ་བཅུ་དང་དུ་བླང་བའི་འབྲས་བུ་ཚེ་འདིའི་བདེ་སྐྱིད་དང་ཕྱི་མ་ལྷ་དང་མིའི་གོ་འཕང་ཐོབ་པ་ལ་སོགས་པའི་བདེ་བ་འབྱུར་བར་བཤད་པ་ལགས། རྒྱུ་འབྲས་རྟེན་འབྱུང་གི་གོ་རིམ་ཅུང་ཟད་ཕྲ་བའི་འགྲོ་སྟངས་ཀྱི་ཆ་ནས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་གསུངས་ཤིང་འཁོར་བ་དང་ཞི་བའི་འབྱུང་སྟངས་ཀྱི་རྟེན་ཅིང་འབྲེལ་འབྱུང་གི་གོ་བའི་འོག་ཏུ་ཚུད་པ་དང་དེའི་ངོ་ཤེས་ལས་བདེན་བཞིའི་འཇུག་ལྡོག་རྣམ་པར་དག་པ་ལག་ལེན་དུ་ཐེབས་པར་བྱེད་དགོས།

འདི་ནི་སྡུག་བསྔལ་བདེན་པའོ།། འདི་ནི་ཀུན་འབྱུང་བདེན་པའོ།། འདི་ནི་འགོག་པའི་བདེན་པའོ།། འདི་ནི་ལམ་གྱི་བདེན་པའོ།།  ཞེས་པ་ནི་བདེན་པ་བཞི་བགྲང་ཚུལ་ལོ།། རྟེན་འབྱུང་གི་ཆོས་ཉིད་རྒྱ་བསྐྱེད་པའི་རྣམ་འགྱུར་ལ་འཁོར་བ་དང་ཞི་བ་གཉིས་སུ་སྣང་ཞིང་དོན་ལ་འཁོར་བའི་རྒྱུ་སྤང་བར་བྱེད་ན་འབྲས་བུ་ཞི་བ་འབྱུང་བའི་རྟེན་འབྱུང་གི་གནད་མཐར་ཕྱིན་ཞིག་བདེན་བཞིིའི་འཇུག་ལྡོག་གི་གྲུབ་འབྲས་ཀྱི་ཆོས་ཉིད་དུ་གནས་པར་གསུངས་སོ།།

སྲིད་པ་འཁོར་བའི་ཕྱོགས་ཀྱི་རྟེན་འབྱུང་གི་ཁྱད་ཆོས་སུ་གྲུབ་པའི་འབྲས་བུ་འཁོར་བའི་རང་བཞིན་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་བདེན་པའོ།། འདི་ནི་སྡུག་བསྔལ་བདེན་པའོ་ཞེས་དམིགས་ཀྱིས་བཀར་བའི་སྡུག་བསྔལ་བ་མཛུབ་མོ་བཙུགས་ས་ནི་རང་རྒྱུད་དམ་ནང་གི་ཉེ་བར་ལེན་པའི་ཕུང་བོ་བཞི་དང་དེའི་གནས་སྐབས་ཀྱི་གནས་འཆའ་བའི་ཡུལ་གདོས་བཅས་ཀྱི་ཕུང་བོ་རྣམས་གཙོ་བོ་བཞག་པའི་སྒོ་ནས་དབང་པོ་ལྔའི་ཡུལ་གང་ཞིག་དོན་ལ་ཞེན་འཛིན་གྱི་མཚན་མ་སློང་བར་བྱེད་པའི་དངོས་པོ་དག་ལ་ཟེར། ཉེར་ལེན་གྱི་ཕུང་བོ་ལྔས་བསྡུས་པ་རྣམས་སྡུག་བསྔལ་བའི་རང་བཞིན་དུ་གསུང་བའང་རྒྱུ་མཚན་རྣམ་པ་གསུམ་མམ་ཡང་ན་སྡུག་བསྔལ་བའི་ནང་ཚན་རྣམ་པ་གསུམ་གང་རུང་གི་རང་བཞིན་ལས་མ་འདས་པར་གཟིགས་པ་རེད། ལོ་རྒ་བའི་སྟེང་ནད་ཀྱིས་མནར་བ་ལྟ་བུ་ལ་སྡུག་བསྔལ་གྱི་སྡུག་བསྔལ། ལང་ཚོ་དར་ལ་བབ་ཅིང་ཡོད་དུས་ནད་ཀྱིས་ཟིན་པ་དང་། རྒ་བ་ནས་འཆི་བའི་ཕྱོགས་སུ་ཟློག་པ་མེད་པར་རིམ་གྱིས་འགྲོ་བ་ལྟ་བུ་ལ་འགྱུང་བའི་སྡུག་བསྔལ། འཇིག་རྟེན་གྱི་བདེ་སྐྱིད་ཐམས་ཅད་མཐའ་ཅན་དང་། ཚད་ཡོད་པ་ཅན།  འགྱུར་བ་ཅན། ཡིད་བརྟན་མི་རུང་བའི་ཆ་ནས་ངོ་བོའི་བདེ་སྐྱིད་དུ་གྲུབ་པ་ཅུང་ཟད་མེད་ཅིང་བཟོས་པའམ་བཅོས་མ་ལྟ་བའི་རང་བཞིན་ལས་མ་འདས་པས་འདུ་བྱེད་ཀྱི་སྡུག་བསྔལ་བའོ།། དཔེར་ན་ཕོ་མོའི་མཛའ་མཐུན་གྱི་དགའ་སྐྱིད་དང་།དབང་པོ་གཉིས་སྦྱོར་གྱི་བདེ་བ་ལྟ་བུའང་ཚད་ངེས་ཅན་དང་།གནས་སྐབས་པ་ཙམ་དུ་མ་ཟད་སྡུག་བསྔལ་བའི་རྣམ་པ་གཞན་ཞིག་དལ་གཅིག་བསལ་བའི་ཆ་ཙམ་ལས་དོན་ལ་འགྱུར་བའི་རང་བཞིན་ལས་མ་འདས་ཕྱིར་དང་བོ་བདེ་སྐྱིད་ལྟ་བུར་སྣང་ཡང་རྗེས་སུ་དེ་དང་འབྲེལ་བའི་དཀའ་ལས་དང་རྙོག་འཛིངས་སྣ་ཚོགས་ཁྲིད་ཅིང་སློར་བར་བྱེད་པའི་ངོ་བོར་གྲུབ་པའོ།།  སྡུག་བསྔལ་བ་གསུམ་གྱི་རྩ་བ་བྱས་ཤིང་དེའིནརང་བཞིན་དུ་གནས་པའི་སྐྱིད་ལ་སྡུག་པའི་འཇིག་རྟེན་འཁོར་བའི་འབྱུང་གནས་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་འབྱུང་བདེན་པའོ།། འདི་ནི་ཀུན་འབྱུང་བདེན་པའོ་ཞེས་དམིགས་ཀྱིས་བཀར་བའི་ཀུན་ཏུ་འབྱུང་བར་མཛུབ་མོ་བཙུགས་ས་ནི་ལས་དང་ཉོན་མོངས་པ་དག་ལ་ཟེར། རང་དང་ཡུལ་དུས་རྣམ་པར་ཐམས་ཅད་རབ་ཏུ་མཚུངས་བའི་སེམས་རྣམས་ཡུལ་ལ་གཡོ་ཞིང་བསྐུལར་བར་བྱེད་པའི་སེམས་པ་རྣམས་ལ་ལས་ཞེས་ཟེར་ཞིང་། སེམས་པ་དེ་དག་གི་རྐྱེན་གྱིས་དྲན་པ་གཡོ་བ་དང་རྟོག་པ་སློང་བར་བྱེད་པའི་འདུ་བྱེད་དག་གིས་བཞག་པའམ་བཙུགས་པའི་ས་བོན་དང་ས་བོན་དེའི་རྒྱུན་ཐམས་ཅད་ཀྱང་ལས་ཀྱི་རང་བཞིན་ཡིན་ནོ། ཀུན་སློང་དང་ཀུན་སྤྱོད་ལག་འབྲེལ་བྱས་ཏེ་བཟོས་པའི་འབྲས་བུ་ཉེ་བར་འབྱུང་རུང་གི་ནུས་པའམ་ས་བོན་ཐམས་ཅད་ལ་ལས་ཞེས་ཟེར་ཆོག་ལ་དེ་འདྲ་བའི་ལས་ཀྱི་ངོ་བོ་དཀར་ནག་ཁྲ་གསུམ་གྱི་ཆ་ནས་རྣམ་སྨིན་བདེ་སྡུགནབརམ་གསུམ་གྱི་རྣམ་འགྱུར་གསུམ་སྟེ། ལས་ཀྱི་ངོ་བོ་ཇི་འདྲ་བ་དེ་འདྲ་བའི་འབྲས་བུ་འབྱུང་བ་ལས་རང་གི་ངོ་བོ་དང་འགལ་བའི་རྣམ་སྨིན་བསྐྱེད་མི་སྲིད་པའི་ཕྱིར་ཆུད་ཟོས་སུ་འགྲོ་བ་ཅུང་ཟད་ཀྱང་མེད་པས་ན་ལས་དབང་ཞེས་བཏགས་པ་ཡིན། ལས་ལ་ནང་གསེས་ཀྱི་རིགས་མང་ན་ཡང་འབྲས་བུ་མངོན་དུ་འགྱུར་དུས་ཀྱི་ཆ་ནས་གསུམ་སུ་དབྱེ་བར་བཤད། ལས་སམ་རྐྱེན་གང་ཞིག་གི་ནུས་པ་ཚེ་འདི་ཉིད་ལ་སྨིན་པར་འགྱུར་བ་ལ་མཐོང་ཆོས་མྱོར་འགྱུར་གྱི་ལས།དེ་ལྟ་བུའི་ནུས་པ་དེ་སྐྱེ་བ་འདི་ཉིད་ཀྱི་ཕྱི་མར་སྨིན་པར་འགྱུར་བ་ལ་སྐྱེས་ནས་མྱོར་འགྱུར་གྱི་ལས།དེ་ལྟ་བུའི་ལས་ཀྱི་ནུས་པ་དེ་སྐྱེ་བ་འདི་ཉིད་ཀྱི་ཕྱི་མ་ཕན་ཆད་ལ་སྨིན་པར་འགྱུར་བ་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཞེས་གསུམ་དུ་དབྱེ་བར་བྱེད། འགའ་ཞིག་ཆུང་ནས་བཟུང་བཟུང་སྤྱོད་པ་བཟང་བོ་ལ་སློབ་པར་བྱེད་ཀྱང་སྐབས་སྐབས་སུ་ལམ་འགྲོ་ཡག་པོ་མི་རྒྱུག་པ་ནི་སྐྱེ་བ་སྔོན་མར་བསགས་པའི་ལས་ངན་གང་ཞིག་གི་ནུས་པ་མངོན་པར་སྣང་བ་ལས་སྐྱེ་བ་འདི་ཉིད་དུ་བསྒྲུབས་པའི་ལས་དང་འབྲེལ་བ་ཆེར་མེད། འོན་ཀྱང་བསམ་སྤྱོད་གཉིས་ཀ་བཟང་པོ་ཟུང་འབྲེལ་བྱེད་རྒྱུ་གལ་ཆེ་སྟེ།མིག་མཐོང་དུ་སྤྱོད་པ་འཇམ་པོར་སྣང་ཡང་བསམ་བློ་རྩུབ་མོ་ཞིག་དང་འབྲེལ་ན་དེའི་དབང་དུ་འགྱུར་བས་འབྲས་བུ་བདེ་སྡུག་དེ་ཕྱིའི་རྣམ་འགྱུར་ཡག་རྩོག་རྐྱང་བའི་རྗེས་སུ་མི་འགྲོ་བ་རྟེན་འབྱུང་གི་ཆོས་ཉིད་བཙན་པོ་ཞིག་ཡིན། ཉོན་མོགས་པ་དབང་ཆེ་བའི་ཆ་ནས་བཤད་ན་སྐྱེ་བོ་རྣམས་ཀྱིས་ཤེས་དང་མི་ཤེས་ཅི་རིགས་ཀྱི་སྒོ་ནས་བསགས་པའི་ལས་ཀྱི་མང་པོའི་ཕྱོགས་ནས་མི་དགེ་བར་གཏོགས་པའི་རྣམ་སྨིན་ཀྱང་དེའི་གྲངས་བཞིན་ཡིད་དུ་མི་འོང་བར་མཐོང་གི་རེད། ལུས་སེམས་གཉིས་ཀ་མ་ཞི་བ་སྟེ་སེམས་ཁམས་ཟིང་ཟིང་དང་འཁྲུགས་རྙོག་གི་རྣམ་པར་བསྒྱུར་བའི་བློ་ཐམས་ཅད་ལ་ཉོན་མོངས་པ་ཟེར། ཉོན་མོངས་པ་ལ་རིགས་ཀྱི་དབྱེ་བ་ཧ་ཅང་མང་ཡང་དོན་དུག་གསུམ་མམ་ཡང་ན་དུག་ལྔ་རུ་འདུ་བར་བྱེད་ཆོག  མུ་འགོད།  

 རྩོམ་ཡིག་མཁོ་སྤྲོད་པ།  སྐབས་བཅུ་བདུན་པའི་སློབ་བུ་སེར་སྐོར་འཇམ་ཚེས་<<བསམ་གཞིག་སྣ་མང་ཁྲོད་ཀྱི་རྗེས་ཤུལ>>ལས་བཤུས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532026
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།